སྲོང་བཙན་སྒམ་པོ་དང་དབའས་དབྱི་ཚབ་གཉིས་ཀྱིས་བླངས་པའི་མགུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲོང་བཙན་སྒམ་པོ་དང་དབའས་དབྱི་ཚབ་གཉིས་ཀྱིས་བླངས་པའི་མགུར།
བཙན་པོ་འདིའི་རིང་ལ་དབའས་དབྱི་ཚབ་དང་འདི་བུ་སྤུན་རྣམས་ཀྱིས་བཙན་པོའི་འཕྲིན་ལས་ལ་བྱས་རྗེས་ཆེར་བཞག་པས། དེ་དག་ལ་ཐོབ་ཐང་གི་ཡི་གེ་དང་ཞང་བློན་གྱི་གོ་གནས་བསྩལ་པ་དང་། བཙན་པོ་དང་དེ་རྣམས་ཀྱི་བར་དབུ་སྙུང་བོར་ཞིང་། དགྱེས་སྐྱེམས་སྟོན་མོ་གསོལ་དུས་རྗེ་བློན་གཉིས་ནས་གཤམ་གྱི་མགུར་དེ་བླངས་པ་ཡིན་ནོ།།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
རིགས་དབྱེ།
ཡིག་རྙིང་།
དུས་སྐབས།
སྲོང་བཙན་སྒམ་པོའི་སྐབས།
མགུར་ལེན་མཁན།
སྲོང་བཙན་སྒམ་པོ། དབའས་དབྱི་ཚབ།
1 ​མ་ཡིག

བཙན་པོ1ཞ་སྔ་ནས། མགུར་བླངས་པའ། །

ཡར་མོ2ནི་ཆུ་ཐུངས་ཀྱིས། །

མདོ་ནས་ནྀ་རྩང་དུ་བསྲིང་། །

ཡར་མོ་ནི་ཞེང་ཆུངས་ཀྱིས། །

ལྷོ་ནས་ནྀ་བྱང་དུ་བསྐྱེད། །

འཐམ་འཐམ3ནྀ་འདུ་འདུ་ན། །

ངག་རྗེས4ནྀ་མྱིས་མྱི་བརྗོད། །

འགྲོ་འགྲོ་ནི་འཆམ་འཆམ་ན། །

ཆགས་ལྷམ5ནྀ་ཆུས་མྱི་སྣང་། །

ད་ནས་ནི་ཕན་ཆད་དུ། །

ཁྱོད་ཀྱིས་ནྀ་ང་མ་གཏང་། །

ང་འིས་ནི་ཁྱོད་མྱྀ་གཏང། །

ང་འྀས་ནི་ཁྱོད་གཏང་ན། །

དགུང་མཐའྀ་ནི་སྲུང་དུ་རུང་། །

ཁྱོད་ཀྱིས་ནྀ་ང་གཏང་ན། །

ངས་པོ་ནྀ་སྨད་དུ་རུང་། །

ཞེས་བཀའ་སྩལ་ཏོ། ། དེ་ནས་དབའས་དབྱི་ཚབ་ཀྱིས་མཆྀད་བླངས་པ།

བཙན་དུ་ནྀ་བདག་འཚལ་ན། །

ཆུང་ན་ནི་རྗེ་ཁུར་ཆིག ། །

པྱུང་དུ་ནྀ་བདག་འཚལ་ན། །

ལྷ་རྀ་ནི་གཡང་སྐྱོང་ཤྀག །

རྗེ་འྀས་ནི་བཀའ་སྩལན། །

གཞའ་མ6ནྀ་ཡུན་ཀྱི་སྲིང་། །

བྱ་འྀས་ནི་ཞུ་པུབ་ན7། །

ལ་པྱི8ནི་གདངས་སུ་དྲོ། །

ཞེས་མཆིད་བླངས། །

2 དཀའ་འགྲེལ།

1.བཙན་པོ། འདི་ཁྲི་སྲོང་བཙན་སྒམ་པོ་སྟེ་བཙན་པོ་འདི་པའི་རིང་ལ་དབའས་དབྱི་ཚབ་དང་འདི་བུ་སྤུན་རྣམས་ཀྱིས་བཙན་པོའི་ཕྲིན་ལས་ལ་བྱས་རྗེས་ཆེར་བཞག་པས། དེ་དག་ལ་ཐོབ་ཐང་གི་ཡི་གེ་དང་ཞང་བློན་གྱི་གོ་གནས་བསྩལ་པ་དང་། བཙན་པོ་དང་དེ་རྣམས་ཀྱི་བར་དབུ་སྙུང་བྲོ་བོར་ཞིང་། དགྱེས་སྐྱེམས་སྟོན་མོ་གསོལ་དུས་རྗེ་བློན་གཉིས་ནས་གོང་གསལ་གྱི་མགུར་དེ་བླངས་སོ། །

2.ཡར་མོ། འདིར་ཡར་མོ་ཀླུངས་སམ་ལུང་། ཞེས་པའི་བསྡུས་མིང་སྟེ་བོད་ལྗོངས་ལྷོ་ཁའི་སྣར་གདོང་རྫོང་ཁོངས་ཡར་ལྷ་ཤམ་པོའི་གངས་ལས་འབབ་པའི་ཡར་ཆུ་རྒྱུད་ཀྱི་མིང་ངོ་། །

3.འཐམ་འཐམ། འཐམས་འཐམས་ཏེ་བྱམས་བྱམས།  ཞེས་པ་གཞན་བདེ་བ་དང་ལྡན་པར་འདོད་པའི་སེམས་ཀྱི་དོན་ཡིན་པ་འདྲ། འཐོར་འཐོར་དུ་འགྲེལ་བྱེད་པའང་མཆིས།

4.ངག་རྗེས། འདིར་བྱས་རྗེས་དང་དོན་གཅིག་པ་འདྲ། ལོ་རྒྱུས་སུ་བཀྲལ་པའང་ཡོད།

5.ཆགས་ལྷམ། འཆག་ལྷམ་སྟེ་ཕྱགས་ལྷམ་དང་དོན་གཅིག

6.གཞའ་མ། གཤའ་མ་སྟེ་འདིར་ཡང་དག་པའི་དོན་ཡིན་པ་འདྲ། དུས་ནམ་ཡང་ངམ་ས་འོག་ཏུ་ཡོད་ཀྱང་། ཞེས་བཀྲལ་པའང་ཡོད།

7.བྱ་འྀས་ནི་ཞུ་པུབ་ན། བྱ་ཡིས་ནི་གཤོག་བརྐྱངས་ནས་འཕུར། ཞེས་བཀྲལ་ཏོ། བྱས་སྒྲོ་གུར་ཕུབ་པའི་དོན་ཡིན་པ་འདྲ། དེ་ཡང་འདིར་བྱ་ཞེས་པ་ནི་བྱ་ཕུ་ལུང་ཆུང་སྟེ།མགར་ཚང་གི་སྡོད་གཞིས་སུ་ངེས་ཤིང་། དེར་མགར་གྱི་རྒྱུད་པས་སྤུ་རྒྱལ་པར་སྡོངས་གྲོགས་ཀྱིས་བོད་གཅིག་གྱུར་གྱི་ལས་ཆེན་པོ་གྲུབ་པར་མཛད་པས་ན།...དཔེ་དེའི་སྒོ་ནས་རང་རྒྱུད་ཀྱིས་བཙན་པོ་ཁྲི་སྲོང་བཙན་ལ་བཀུར་པའི་ཚུལ་བརྗོད་པར་བྱེད་དོ། །

8.ལ་པྱི། རི་ཞིག་གི་མིང་ཡིན་པ་འདྲ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-11-16

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།