ཁྱུང་པོ་སྤུང་སད་དང་ཞང་སྣང་གཉིས་ཀྱིས་བླངས་པའི་མགུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྱུང་པོ་སྤུང་སད་དང་ཞང་སྣང་གཉིས་ཀྱིས་བླངས་པའི་མགུར།
བཙན་པོ་འདིའི་རིང་ལ་མྱང་ཙེང་སྐུ་དང་དབའས་དབྱི་ཚད། ཚེས་པོང་ནག་སེང་། ཁྱུང་པོ་སྤུང་སད་ཟུ་རྩེ། སེང་གོ་མི་ཆེན། རྔེག་སུམ་བཙན་སྐྱ་རེང་། མྱང་སྨོན་ཏོ་རེ་ཕ་བུ་སོགས་ཀྱིས་གྲོགས་བྱས་པར་བརྟེན། བོད་གཅིག་གྱུར་གྱི་རྒྱལ་ཁབ་ཐོག་མར་བཙུགས་ཏེ། རྗེ་འབངས་རྣམས་ཀྱིས་དགྱེས་སྐྱེམས་སྟོན་མོ་རྒྱ་ཆེར་བྱས་པའི་སྟོན་ཐོག་ཏུ་བྱུང་ཟིན་དོན་གནད་རྣམས་བརྗོད་བྱར་བཞག་ནས་མགུར་གླུ་ཤགས་འདི་ལེན་རེས་བྱས་པ་ཡིན་ནོ། །
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
རིགས་དབྱེ།
ཡིག་རྙིང་།
དུས་སྐབས།
གནམ་རི་སྲོང་བཙན་སྐབས།
མགུར་ལེན་མཁན།
ཁྱུང་བོ་སྤོང་སད། ཞང་སྣང་།
1 མ་ཡིག

བཙན་པོ1རྗེ་འབངས་དགྱེས་སྐྱེམས་སྟོན་མོ་གསོལ་ལོ། འུང་གྀ་ཚེ་ཁྱུང་པོ་སྤུང་སད་ཀྱིས་ཀླུ་བླངས་པ་འྀ་ཚིག་ལ། །

མོན་ཀ་འྀ་ནི་སྟག་ཆིག་པ།

སྟག་བཀུམ་ནྀ་ཟུ་རྩེས་བཀུམ།

གུང་བཀྲོས2ནྀ་པྱག་དུ་པུལ།

སླ་ལྭོ3ལྷེ[ལྷོ]རྔེགས་སྩལད། །

རྩང་བྲང་ནྀ་ཡ་སྟོད་ཀྱི།

ཐང་པྲོམ4ནྀ་རྒོད་ལྡིང་བའ། །

རྒོད་བཀུཾ་ནྀ་ཟུ་ཚེས་བཀུམ། །

རྒོད་གཤོག་ནྀ་པྱག་དུ་པུལ།

གསབ་གསོབ5་ནྀ་ལྷོ་རྔེགས་སྩལད། །

ན་ནྀང་ནི་གཞེ་ནྀང་སྔ། །

ཏྀ་སེ6ནྀ་གངས་དྲུང་ནས། །

ཤ་དང་ནྀ་རྐྱང་བྱེར་བའ། །

ཤམ་པོ་ནྀ་རྩ་ལ་བྱེར། །

དྀ་རིང7ནྀ་སང་ལྟ་ན།

ཤམ་པོ་ནི་གཉན་གྱྀ་རྩ། །

ཤ་རྐྱང་ནྀ་ཚས་མ་ངན8།

ཤ་རྐྱང་ནྀ་ཚས་ངན་ན། །

ཏི་སེ་ནྀ་གངས་ཀྱིས་བྲུན9། །

ན་ནིང་ནྀ་གཞེ་ནིང་སྔོན། །

མ་པང་ནྀ་མཚོ་འགྲམ་ནས། །

ངང་དང་ནྀ་ངུར་བྱེར་བ། །

དང་ཀོ10ནི་མཚོ་ལ་བྱེར། །

དྀ་རིང་ནྀ་སང་ལྟ་ན། །

དང་ཀོ་ནི་ལྷ་འྀ་མཚོའ།

ངང་ངུར་ནྀ་ཚས་མ་ངན།

ངང་ངུར་ནྀ་ཚས་ངན་ན། །

མ་པང་ནྀ་མཚོ་འིས་བྲུན། །

ལྷོ་རྔེགས་ནྀ་འཕན་གྱི་སྣོན11།

སེ་ཁྱུང12ནྀ་འཕན་གྱིས་བཏབ། །

སྔ་ན་ནྀ་འཕན་བ་ལ།

ད་ཙམ་ནྀ་སྤྱན་ཡང་ཡས།

དབུ་པྱིང13ནྀ་གྲོ་བོ་ལ།

ཐ་མ་ནི་གཡགྀས་བསྐོརད།

ཟུ་ཙེ་ནི་སྩལ་ལགས་ཀྲང14།

ཀླུ་དེ་ཞེས་བླངསོ། ། འུང་ནས་བཙན་པོ་འི་ཐུགས་དགོངས་པ། ། བློན་པོ་ལྷོ་རྔེགས་མཆིག་གྀས་ལན་བླན་བར་ཐུགས་རེ་བ་ལས། སུས་ཀྱང་མ་བླན་ཏོ། ། འུང་ནས་ཞང་སྣང་པེ་འུ་ཟུར་འབྲིང་པོ་བཆས་པ་ཙམ་ཞིག། ། སྣང་མ་ལྟོམ15ཞིང་མཆིས་པ་ལ།  ཁྱོད་ཕ་སྙིང་ཉེ་བ་འྀ་བུ་ན། ཀླུ་ཤེས་སམ་ཞེས་རྨས་པ་དང་།  ཞང་སྣང་གིས་མཆིད་འཚལ་ཞེས་གསློཏོ། །ཞང་སྣང་གྀས་ཀླུ་བླངས་པ།

ཀྱེ་ན་ནྀང་ནྀ་གཞེ་ནིང་སྔ། །

ཆབ་ཆབ་ནྀ་ཕ་རོལ་ན། །

ཡར་ཆབ་ནྀ་ཕ་རོལ་ན། །

དགུ་གྲྀ་ནི་ཟིང་ཕོ་རྗེ། །

ཉ་ལས་ནྀ་ཁམ་དུ་བཀོང་། །

ཁམ་ལས་ནྀ་རྨེག་དུ་བཏའ16།

སྐྱི་ནས་ནྀ་ཉ་འདོན་པ།

དབྱི་ཚབ་ནྀ་པངས་ཏོ་རེ།

ཀླུམ17ན་ནྀ་ཆབ་གཆོད་པ།

ཙེང་སྐུ་ནྀ་སྨོན་ཏོ་རེ།

ཁུར་ར18ནྀ་རགས་ཐོགས་ཤིང་།

དོག་གྀ་ནི་ས་སྐྱེད་པ། །

པང་སུམ་ནྀ་འདྲོན་པོ་ཞིག །

ཐང་ལ་ནྀ་རྩེ་བཆད་ཆིང་། །

ཤམ་པོ་ནི་རྨེད་དུའ་བསྣན19། །

ཡུ་སྣའྀ་ནི་མཁར་པབ་ཆྀང།

པྱིང་བའྀ་ནི་སྣོན་དུ་བགྱིས།

སྔ་ན་ནྀ་མཐོ་བ་ལ།

ད་ཙམ་ནི་དགུང་ལ་རེག། །

ངས་པོ་ནི་སྒང་དྲས་ཤྀང20

ཡར་མོ་ནི་ཁོལ་དུ་སྩའད།

སྔ་ན་ནྀ་ཆེ་བ་ལ།

ད་ཙམ་ནི་མཐའ་ཡང་ཡས། །

ལྷོ་རྔེགས་ནི་འཕན་གྱི་སྣོན།

ལྡོང་ཏོང་21ནྀ་འཕན་གྱིས་བཏབ།

སྔ་ན་ནྀ་འཕན་པ་ལ།

ད་ཙམ་ནི་སྤྱན་ཡང་ཡས།

ན་ནྀང་ནི་གཞེ་ནིང་སྔ། །

ཕོ་མའྀ་ནི་འབྲོང་བཀུཾ་བ།

ལྷོ་ཤིང་ནི་སྨྱུག་མོ་རྒྱལ།།

ལྕགས་ཀྱྀས་ནྀ་མ་དྲལ22ན། །

སྨྱུག་གྀས་ནི་རེ་མྱི་པུགས། །

རྒོད་ཀྱིས་ནི་མ་བསྒྲོན་ན།

འབྲོང་ལ་ནྀ་རེ་མྱི་འཛིན། །

ངས་པོ་ནི་ར་ཡུལ་གྱི།

ཀོམ་རྩེ་23ནི་གཟིག་མོ་རྒྱལ། །

ཁབ་ཀྱིས་ནྀ་མ་པུག་ན།

རྒྱུས་ཀྱིས་ནྀ་རེ་མྱི་པུགས།

རྒྱུས་ཀྱིས་ནི་མ་དྲངས་ན།

ཀོམ་ཙེ་ནྀ་ཉིད་མྱི་འཇོ།

ཞེས་གླུ་བླངས་ནས། །ཚིག་དེས། བཙན་པོ་ཐུགས་བཉེསྟེ། །མྱང་ཞང་སྣང་བློན་པོར་བཅུག་ནས། བློན་པོའི་མཚན་མར་ཡང་རྡུལ་གྱི་པུག་བུ་ཆུང24སྩལ་ཏོ། །

2 དཀའ་འགྲེལ།

1.བཙན་པོ།  འདི་ནི་གནམ་རི་སྲོང་བཙན་ལ་ཟེར་ཏེ། བཙན་པོ་འདི་པའི་རིང་ལ་མྱང་ཙེང་སྐུ་དང་དབའས་དབྱི་ཚད། ཚེས་པོང་ནག་སེང་། ཁྱུང་པོ་སྤུང་སད་ཟུ་རྩེ། སེང་གོ་མི་ཆེན། རྔེག་སུམ་བཙན་སྐྱ་རེང་། མྱང་སྨོན་ཏོ་རེ་ཕ་བུ་སོགས་ཀྱིས་གྲོགས་བྱས་པར་བརྟེན། བོད་གཅིག་གྱུར་གྱི་རྒྱལ་ཁབ་ཐོག་མར་བཙུགས་ཏེ། རྗེ་འབངས་རྣམས་ཀྱིས་དགྱེས་སྐྱེམས་སྟོན་མོ་རྒྱ་ཆེར་བྱས་པའི་སྟོན་ཐོག་ཏུ་བྱུང་ཟིན་དོན་གནད་རྣམས་བརྗོད་བྱར་བཞག་ནས་གོང་གསལ་གླུ་ཤགས་དེ་ལེན་རེས་བྱས་སོ། །

2.གུང་བཀྲོས། གུང་སྐྱོས་ཏེ་གུང་ནི་གཅན་གཟན་སྟག་གཟིག་གི་ཕྱོགས་གཏོགས་རྩྭ་གཟིག་ཡིན་པ་དང་སྐྱོས་ནི་སྐྱོས་མ་སྟེ་སྐྱེས་སམའཚམས་རྟགས་ལ་འཇུག་པར་སྙམ་པས། འདིར་སྟག་གམ་གཟིག་ལྤགས་ཀྱི་ལེགས་སྐྱེས་ཡིན་པ་འྲ།

3.སླ་ཝོ། གླ་གློ་སྟེ་དོན་ལྔ་སྣོད་དྲུག་ཏུ་གྲགས་པ་ལས་དོན་ལྔ་ཡིན་པ་འདྲ།

4.ཐང་པྲོམ། རྒོད་དེ་འདབ་ཆགས་རྒོད་ཐང་དཀར་ལྟ་བུར་འཇུག་པ་འདྲ།

5.གསབ་གསོབ།  སབ་སོབ་སྟེ་འདབ་ཆགས་ཀྱི་གཤོག་སྒྲོ་མ་གཏོགས་པའི་སྤུ་སབ་བེ་སོབ་བེར་མཆིས་པ་དག་ཡིན་སྐད།

6.ཏྀ་སེ། གངས་ཏི་སེ།

7.དྀ་རིང་། དེ་རིང་སྟེ་ད་ལྟ་བའི་ཉིན།

8.ཚས་མ་ངན། ཆས་མ་ངན་ཞེས་འབྱུང་སྟེ་ཆས་སམ་སོང་ངམ་འགྲོ་མ་ངན། ཞེས་པའི་དོན་ཡིན་པ་འདྲའང། སྤོབས་པ་མཐོ་དྲགས་ན། ཞེས་འགྲེལ་བའང་ཡོད།

9.བྲུན། ཁྲུན་ཏེ་སོ་སོར་ཕྱེ་བ་དང་བཀར་བའི་དོན། འོག་ཏུ་མནན་པར་འགྲེལ་བའང་ཡོད།

10.དང་ཀོ  དྭངས་མོ་དང་དོན་གཅིག་པ་འདྲ།

11 .འཕན་གྱི་སྣོན།  ཕན་པའི་ཁ་སྣོན་ཞེས་པའི་དོན་ལ་འཇུག་པ་འདྲའང་། རྒྱ་ཆེན་པོའམ་ངེས་པོ་སྟེ་འཕེན་པོ་ཞེས་ཡུལ་དུ་འགྲེལ་བའང་མཆིས།

12.སེ་ཁྱུང་། ཁྱུང་པོ་སྤུང་སད་ཀྱིས་རང་གིས་རང་ཉམ་ཆུང་བའི་སར་འཇོག་པའི་བརྗོད་སྟངས།

13.དབུ་པྱིང་། དབུ་ཕྱིང་སྟེ་ལྟེ་གྱུར་རམ་དབུ་གྱུར་གྱི་ཕོ་བྲང་ཕྱིང་བ་སྟག་རྩེ་འོ། །

14.གྲོ་བོ། དཀར་ལ་ནག་པ་སྟེ་འདིར་གཉེན་ལ་སེམས་དཀར་ཞིང་དགྲ་ལ་ཞེ་ནག་པའི་དོན། གྲོ་བོ་ནི་གྲེ་བོ་སྟེ་ཁེར་རྐྱང་དུ་འགྲེལ་བའང་ཡོད།

15.ལགས་ཀྲང་། ཡོད་དམ་ཞེས་པ་དང་མཚུངས།

16.སྣང་མ་ལྟོམ། སྣང་བ་ལྡོམ་སྟེ་སྣང་མེད་དུ་བསྡད་པའམ་ཇི་ཡང་མི་སྙམ་པའི་ཚུལ་དུ་གནས་པའི་དོན་ཡིན་པ་འདྲ།

17.རྨེག་དུ་བཏའ།  རྨེག་གཏའ་དང་རྨེག་བཏའ་སྟེ་རྨེག་མེད་དུ་བཏང་བའི་དོན།

18.ཀླུམ། ཀླུང་ཡིན་པ་འདྲ།

19.ཁུར་ར། ཁུར་བ་དང་གཅིག་པ་འདྲ།

20.རྨེད་དུ་བསྣན། སྨད་དུ་བསྣན་ཞེས་པའི་དོན་ཏེ།  དེ་ཡང་། ཐང་ལ་ནྀ་རྩེ་བཅད་ཆྀང་། ། ཤམ་པོ་ནི་རྨེད་དུ་བསྣན། །ཞེས་པའི་ཐང་ལ་ནི་གཉན་ཆེན་ཐང་ལྷ་སྟེ་ཟིང་པོ་རྗེའི་བླ་རི་དང་།  ཤམ་པོ་ནི་ཡར་ལྷ་ཤམ་པོ་སྟེ་སྤུ་རྒྱལ་པའི་བླ་རི་ཡིན་ཞིང་། འདིར་དཔེ་ཐང་ལྷའི་རྩེ་མོ་བཅད་ནས་ཤམ་པོའི་སྨད་དུ་བསྣན་པ་དེས།  དཔེ་ཅན་ཟིང་ཡུལ་ཕབ་ནས་ཡང་ལུང་པར་མངའ་སྟེ་སྤུ་རྒྱལ་པའི་མངའ་ཐང་རྒྱ་བསྐྱེད་པའི་གནས་ཚུལ་དེ་སྟོན་པར་བྱས་སོ། །

21.ངས་པོ་ནི་སྒང་དྲས་ཤྀང་། འདིར་ངས་པོ་ནྀ་འཕན་པོའམ་འཕན་ཡུལ་ཏེ་ཟིང་པོའི་ཡུལ་ཡིན་ཞིང་།  ཡུལ་ཁམས་དེ་གྲིས་དྲས་པ་ལྟར་བཅད་ནས་ཡར་ལུང་སྤུ་རྒྱལ་པར་མངའ་བ་ལ་ཟེར།

22.ལྡོང་ཏོང། འདི་ནི་རུས་ཤིག་ཡིན་པ་འདྲ།

23.དྲལ། སྤྲད་དང་མཚུངས།

24.ཀོམ་རྩེ། འདི་ཁྲབ་ཡིན་པ་འདྲ།

25.རྔུལ་གྱི་པུག་བུ་ཆུང་། དངུལ་གྱི་པུག་བུ་སྟེ་བཏུང་བའི་སྣོད་ཅིག་ཡིན་པ་འདྲ། བྱང་བུ་ཆུང་བ་ཡིན་པར་འདོད་མཁན་ཡང་མཆིས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-11-16

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།