བོང་སྟག་དགོན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོང་སྟག་དགོན་པ།
རབ་བྱུང་བཅོ་ལྔ་བའི་མེ་སྟག་ལོར་ཡུལ་ཀུན་ལས་མཆོག་ཏུ་གྱུར་པ་ཨེ་ཝ་ཏཱ་རེ་དབེན་གནས་སུ་འགྲོ་ཀུན་སྨོན་པའི་ཡུལ་དུ་གྱུར་པ་དང་སྐྱབས་གཅིག་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོ་བློ་བཟང་མཁས་བཙུན་བཤད་སྒྲུབ་དམ་ཆོས་རྒྱ་མཚོས་བོང་སྟག་དགོན་པ་ཕྱག་འདེབས་གནང་བ་དང་།དགོན་པའི་མཚན་ཧྲིལ་བོར་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་ཞེས་གསོལ་ཞིང་། སྔོན་ནས་ད་ལྟའི་བར་དུ་བོང་སྟག་ཚོ་བ་བཅོ་བརྒྱད་ཀྱི་སྤྱི་དགོན་དུ་བཤད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿汗达勒寺
མཚན་རྒྱས་པ།
དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་།
ཕྱག་འདེབ་མཁན།
སྐྱབས་གཅིག་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོ།
ཕྱག་བཏབ་ལོ།
རབ་བྱུང་བཅོ་ལྔ་བའི་མེ་སྟག་ལོ།
ཆགས་ཡུལ།
སེང་གེ་ཡུལ་ཚོ།
གྲུབ་མཐའ།
གསར་མ་བ།
རྟེན་གཙོ་བོ།
རག་དུང་དང་ལྕགས་དབྱུག
དུས་མཆོད།
སྒྲུབ་མཆོད། སྨྱུང་གནས། སེམས་བསྐྱེད་ཚོགས་འཁོར་སོགས་མང་བོ་ཡོད།
1 ལོ་རྒྱུས་འཕེལ་རིམ།

གནས་ཆེན་ཨེ་ཝ་ཏ་རེའམ་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་གི་ལོ་རྒྱུས་རགས་ཙམ་གླེང་བར་བྱ་སྟེ།  བོང་སྟག་དགོན་པ་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་ནི་རྭ་རྒྱ་དགོན་པ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་བུ་དགོན་ནམ་དགོན་ལག་ཡིན་པས།   ཡུལ་གྱིས་བསྐལ་བའི་ཆོས་སྡེ་ཆེན་པོ་འདི་གཉིས་བར་སྔོན་ནས་བཟུང་ཕན་ཚུན་འབྲལ་ཐབས་མེད་པའི་འབྲེལ་ལམ་ཟབ་མོ་མཆིས་ཤིང་།   རབ་བྱུང་བཅུ་གསུམ་པའི་ས་གླང་ལོ་སྟེ་སྤྱི་ལོ1769ལོར་ཨ་རིག་དགེ་བཤེས་ཆེན་མོས་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཕྱག་འདེབས་གནང་སྟེ་ཤིང་བཟའ་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས།   དེའི་སྐོར་གྱི་ལོ་རྒྱུས་རྣམས་མདོ་སྨད་ཆོས་འབྱུང་སོགས་སུ་གསལ་བས་འདིར་རྒྱས་པར་སྤྲོ་བའི་ངལ་རེ་ཞིག་ལྷོད་དོ།།   དེ་ཡང་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཞེས་པའི་ཆོས་སྡེ་ཆེན་པོ་འདི་ནི་རང་རེ་བོད་ཁ་བ་ཅན་གྱི་ལྗོངས་སུ་མཚན་གྲགས་ཀྱི་རྒྱལ་མཚན་བསྒྲེངས་པའི་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་ལས་སེ་ར་བྱེས་པ་གྲྭ་ཚང་གི་བུ་དགོན་དུ་གྲགས་པ་དང་།   ལོ་རྒྱུས་སྟེང་བོང་སྟག་གིས་ཡབ་མེས་གོང་མ་རྣམས་ནས་བརྒྱུད་པའི་སྲོལ་ལྟར་སྔ་མོ་ནས་རྭ་རྒྱ་དང་ཆོས་འབྲེལ་བྱུང་།   རྗེས་སོར་བོང་སྟག་ནས་འཁྲུངས་པའི་རྭ་རྒྱའི་བརྩི་བཞག་གི་རིང་ལ་སྔར་བས་ལྷག་པའི་ཆོས་ཀྱི་འབྲེལ་ལམ་བཙུགས་ཤིང་བོང་སྟག་སྤྱི་པར་བཀའ་སྒོ་དང་ཐུགས་ཁུར་བླ་ན་མེད་པ་མཛད།   རབ་བྱུང་བཅོ་ལྔ་བའི་མེ་སྟག་ལོར་སྐྱབས་གཅིག་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོས་ཨེ་ཝ་ཏཱ་རེ་དབེན་གནས་སུ་དགེ་ལྡན་བཤད་སྒྲུབ་རྣམ་གླིང་ཕྱག་འདེབས་གནང་ཞིང་བོང་སྟག་ཁོང་གི་གདུལ་ཞིང་དུ་གྱུར།

ཤིང་བཟའ་རྡོ་རྗེ་འཆང་ཆེན་པོས་བོང་སྟག་དགོན་པ་བཏབ་པ་ནས་བཟུང་།   བོང་སྟག་དགོན་པ་དང་རྭ་རྒྱ་དགོན་པ་གཉིས་ཀྱིས་སྔ་ཕྱིར་ཕན་ཚུན་བར་སྐུ་ཚབ་པ་མང་དུ་མངགས་ལ།   བོང་སྟག་གི་ཕྱོགས་ནས་སྐུ་ཚབ་པར་ཨ་ལགས་རུ་མང་ཚང་དང་མཐར་ཕྱིན།   ཐབས་མཁས་སོགས་མངགས་ཤིང་།   རྭ་རྒྱའི་ཕྱོགས་ནས་སྐུ་ཚབ་པ་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོ་དང་དེའི་སྐུ་ཕྲེང་རྗེས་མ།  རྭ་རྒྱའི་བརྩི་བཞག་སོགས་བོང་སྟག་དགོན་པར་ཕེབས་ཏེ་འཆད་ཉན་རྒྱ་ཆེར་སྤེལ་བ་ཡིན་ལ།   ལྷག་པར་དུ་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོས་བོང་སྟག་དགོན་པ་ཕྱག་འདེབས་མཛད་རྗེས་རྭ་རྒྱ་ནས་བོང་སྟག་དགོན་པ་བཏབ་པའི་རྟེན་འབྲེལ་དུ་རིན་ཐང་གཞལ་དུ་བྲལ་བའི་རག་དུང་དང་ལྕགས་དབྱུག་སོགས་རྟེན་བསམ་གྱིས་མི་ཁྱབ་པ་མང་པོ་གནང་ཞིང་དེའི་འབྱུང་ཁུངས་ཨ་རིག་དགེ་བཤེས་ཆེན་མོས་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཕྱག་འདེབས་མཛད་དུས་སེ་ར་བྱེས་པ་གྲྭ་ཚང་གིས་རྟེན་དུ་གནང་བ་ཡིན་པས།རིན་ཐང་བྲལ་བའི་ནང་རྟེན་དེ་དག་ནི་དབུས་གཙང་ཆོས་ཀྱི་ཆོལ་ཁའི་སེ་ར་དགོན་པ་དང་།   མདོ་སྨད་རྟའི་ཆོལ་ཁ་ལས་རྭ་རྒྱ་དགོན་པ།   མདོ་སྨད་གནང་གསེས་བོང་སྟག་དགོན་པ་བཅས་ཀྱི་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཟབ་མོ་ཞིག་ཡོད་པའི་བསུབ་མེད་དཔང་རྟགས་ཡིན་ནོ།།

བོང་སྟག་དགོན་པ་ཕྱག་འདེབས་གནང་བའི་བརྒྱུད་རིམ་བཤད་པ།   དེ་ཡང་ཐོག་མར་སྐྱབས་གཅིག་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོས་བོང་སྟག་དགོན་པ་ཕྱག་འདེབས་མ་གནང་བའི་ཡར་སྔོན་གྱི་ལོ་རྒྱུས་ཉུང་ཙམ་ཞུ་བ་ལ།   སྔར་བཤད་པ་ལྟར་བོང་སྟག་ནི་རོང་བོ་བློན་ཆོས་ནས་ཆད་པའི་རུ་སྡེ་ཡིན་པས་བོང་སྟག་གི་ཆོས་སྲོལ་བྱུང་ལུགས་ཀྱི་སྐོར་ཡང་རེབ་གོང་དུ་ནང་བའི་བསྟན་པ་ཇི་ལྟར་དར་བའི་ལོ་རྒྱུས་དང་འབྲལ་ཐབས་མེད་ལ།   སྔར་གྱི་སྲོལ་ལྟར་ན་རེབ་གོང་དུ་བསྟན་པ་སྔ་དར་དང་བར་དར་ཕྱི་དར་གསུམ་གྱི་ཐ་སྙད་བྱུང་ཞིང་།   དེ་ཡང་བསྟན་པ་བར་དར་ནི་རོང་བོ་ཨ་མྱེས་ལྷ་རྗེ་བྲག་སྣ་པ་ནས་བརྒྱུད་པའི་དཔལ་ལྡན་ས་སྐྱ་པའི་ལུགས་དང་སྒར་བའི་བླ་མ་ས་ལྟ་པ་ཆེན་པོས་བློན་ཆོས་བན་སྔགས་ཀྱི་སྲོལ་བཙུགས་པའི་དུས་དེར་བོང་སྟག་ཆོས་སྡེ་དེའི་ལྷ་སྡེ་ཡིན་ཡང་དེ་རྣམས་རེ་ཞིག་བསྐྱུར་ནས་བོང་སྟག་གིས་ཡབ་མེས་གོང་མ་རྣམས་བརྒྱུད་པའི་སྲོལ་ལྟར་སྤྱི་པ་བཟུང་བའི་ཟུར་ལས་ཞུས་ན།   རབ་བྱུང་བཅུ་བཞི་བའི་ཆུ་སྤྲེལ་ལོ་སྟེ་སྤྱི་ལོ1892ལོེར་ཡས་མས་ལ་བོང་སྟག་གི་སྤྱི་པ་སྔར་བས་དར་རྒྱས་བྱུང་།   བོང་སྟག་དཔོན་པོ་ཚེ་ཁོའི་སྐུ་རིང་ལ་ཁོང་གི་སྐུ་སྤུན་རྭ་རྒྱའི་བརྩི་བཞག་གིས་བོང་སྟག་ནས་གྲྭ་རྒྱུན་བསྡུས་ཏེ་འོས་ཤིང་བྱ་བའི་གནས་སུ་སྤྱི་པ་ཆེན་པོ་བཟུང་པ་དང་།   རབ་བྱུང་ལྔ་བའི་ཤིང་འབྲུག་ལོ་སྟེ་སྤྱི་ལོ1904ལོར་བོང་སྟག་དཔོན་པོ་འབྲུག་ཁོའི་དུས་སུ་བོང་སྟག་གི་སྤྱི་པ་ཐར་བག་ནས་བཟུང་བ་དང་།   ཕྱིས་སུ་ཐེངས་དུ་མར་ཇག་རྐུན་གྱི་འཇིགས་སྣང་ཐེབས་པས་བོང་སྟག་དཔོན་པོ་དཀོན་མཆོག་ཚེ་རིང་དང་ཚོ་དཔོན་རྣམས་གྲོས་འཆམ་བྱུང་ནས་གདུང་མདུན་ཨ་ལགས་ཕུན་ཚོགས་ཀྱི་ཞལ་བཀོད་ལྟར་སྤྱི་པ་གུན་ཨེ་རྒེ་ཞོལ་མར་གཞིས་སྤར།   དེ་བས་དེང་སང་མི་སྐོར་ཞིག་གིས་ལོ་རྒྱུས་སྟེང་བྱུང་བའི་སྤྱི་པ་དེ་ལ་བོང་སྟག་དགོན་པ་ཞེས་ཞུ་བཞིན་ཡོད་ནའང་དོན་དངོས་སུ་བོང་སྟག་སྤྱིའི་སྤྱི་པ་ཡིན་པ་ལས་དགོན་པའི་མཚན་ཉིད་མི་ཚང་ཞིང་།   དུས་སྐབས་སོ་སོའི་འགྱུར་ལྡོག་གི་དབང་གིས་སྤྱི་པ་འོས་ཤིང་ནས་ཐར་བག་དང་།   ཐར་བག་ནས་གུན་ཨེ་རྒེ་ཞོལ་མར་གཞིས་སྤར་བ་ཡིན་ལ།   ཡང་རྭ་རྒྱའི་བརྩི་བཞག་དང་གདུང་མདུན་ཨ་ལགས་ཕུན་ཚོགས་ནི་སྐབས་སོ་སོར་སྤྱི་པའི་དབུ་འཛིན་དུ་བྱོན་པའི་བོང་སྟག་ལ་བཀའ་དྲིན་ཆེ་བའི་སྐྱེས་ཆེན་དམ་པ་གཉིས་ཡིན་པ་ལས་དགོན་པ་ཕྱག་འདེབས་གནང་མཁན་མིན།   ཡིན་ནའང་བོང་སྟག་དགོན་པ་མ་བཏབ་པའི་ཡར་སྔོན་གྱི་ལོ་བརྒྱ་ཕྲག་ལྷག་གི་རིང་ལ་སྤྱི་པ་དེས་བོང་སྟག་ཡོངས་ལ་དགོན་པ་ཞིག་དང་མཚུངས་པར་བྱེད་ནུས་ཆེན་པོ་བཏོན་པས་བོང་སྟག་དགོན་པ་ཞེས་བརྗོད་པའི་དོན་ཡང་དེ་ཡིན་ཞིང་།   སྐྱབས་གཅིག་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོས་བོང་སྟག་དགོན་པ་ཕྱག་འདེབས་མ་གནང་བའི་སྔོན་ལ་བོང་སྟག་དང་རྭ་རྒྱའི་བར་ཆོས་ཀྱི་འབྲེལ་བ་ཡོད་པ་ལས་བོང་སྟག་མཚན་ཉིད་ཚང་བའི་དགོན་པ་མེད་ལ།   རྒྱུ་མཚན་དེའི་དབང་གིས་ཕྱིས་སུ་བོང་སྟག་དཔོན་པོ་དཔལ་བཟང་གིས་སྐྱབས་གཅིག་ཤིང་བཟའ་འཆང་ཆེན་པོ་གདན་འདྲེན་ཞུས་ཏེ་བོང་སྟག་སྤྱི་ལ་དབང་བའི་དགོན་པ་ཞིག་འདེབས་པའི་དགོས་པ་བྱུང་བ་ཡིན་ནོ།།

དེ་ཡང་བོང་སྟག་དཔོན་པོ་དཔལ་བཟང་གི་སྐུ་རིང་ལ།   བོང་སྟག་དགོན་པའམ་སྤྱི་པའི་བླ་གྲྭ་རྣམས་དང་སྡེ་འབངས་ཀུན་གྱིས་བོང་སྟག་ལ་དགོན་པ་ཞིག་དགོས་པའི་འདུན་པ་བསྟན་ཞིང་།   དཔོན་པོ་དཔལ་བཟང་གིས་དེ་ནི་དོན་སྙིང་ལྡན་པའི་བྱ་བ་ཞིག་ཏུ་དགོངས་ནས་མ་འགྱངས་པར་སྐྱབས་གཅིག་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོའི་ཞབས་ལ་གཏུགས་ཏེ་བོང་སྟག་ལ་དགོན་པ་ཞིག་དགོས་ཚུལ་ཞུས་པ་ན།   ཤིང་བཟའ་རྡོ་རྗེ་འཆང་ཆེན་པོས།   བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།།   ཁྱབ་ཀྱང་ཉམས་པར་འགྱུར་བའི་ཕྱོགས་དེ་ནི།།   སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།།   ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག་ཅེས་པ་ལྟར་ཐུགས་སྨོན་དུས་ལ་བབས་པར་མཁྱེན་ནས་ཐུགས་དགྱེས་པ་ཆེན་པོས་ཞལ་གྱིས་བཞེས་ཏེ།།   རབ་བྱུང་བཅོ་ལྔ་བའི་མེ་སྟག་ལོ་སྟེ་སྤྱི་ལོ1926ལོར་ཡུལ་ཀུན་ལས་མཆོག་ཏུ་གྱུར་པ་ཨེ་ཝ་ཏཱ་རེ་དབེན་གནས་སུ་བོང་སྟག་དགོན་པ་ཕྱག་འདེབས་གནང་བ་དང་།   དགོན་པའི་མཚན་ཧྲིལ་བོར་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་ཞེས་གསོལ་ལ།   དེ་ཡང་སྐྱབས་གཅིག་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོས་བོང་སྟག་དགོན་པ་ཕྱག་འདེབས་གནང་སྐབས་ཁོང་གིས་བོང་སྟག་ནས་དབང་རྡོ་རྗེ་ཕྲེང་བ་སྨིན་རྒྱས་སུ་བསྩལ་ཏེ་དང་ཐོག་ཆོས་སྒུར་ཆུ་མགོ་ཁྲ་ལྡང་ཡང་ཟེར་བ་དང་།   དེ་ནས་ཏཱ་བབ།   མུ་མཐུད་ནས་འཁོར་ཚོགས་རྒྱ་མཚོའི་སྤྲིན་གྱིས་བསུས་ཏེ་ཨེ་ཝ་ཏཱ་རེ་ལ་ཕེབས་པ་ན་དྲེལ་ཞིག་ཁྲིད་ཡོད་སར་ཉལ་བས་ཁོང་གིས་དགོན་ས་འདི་བྱས་ན་ལེགས་གསུངས་པ་ལྟར་བོང་སྟག་དགོན་པ་ཕྱགས་འདེབས་གནང་བ་ཡིན་ཟེར།   ཁོང་གི་རྣམ་ཐར་དད་པའི་པདྨོ་བཞད་པའི་ཉིན་བྱེད་དུ་སྟོན་ཁར་མཚོ་སྔོན་ཕྱོགས་སུ་ཆིབས་བསྒྱུར་གནང་ཞིང་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཁར་ཕེབས་ཚེ་ཉི་ཤར་འབྲུག་ལྟར་གྲགས་པ་དང་མཚོ་ནང་དུ་འཇའ་ཟུག་པ་སོགས་ལྟས་ངོ་མཚར་བ་བྱུང་སྟེ་དཀར་ཕྱོགས་སྐྱོང་བ་རྣམས་དགའ་བའི་རྟགས་སུ་མངོན་ནོ།།   ཉིད་ནས་ཀྱང་མཚོ་ལ་གཏེར་འབུལ་བ་སོགས་མཛད་ནས་རིམ་གྱིས་འཁྱམ་རུ་དང་གྱོའི་སྐོར།  འཐེབ་རྒྱ་སོགས་ཀྱི་མཇལ་མི་རྣམས་ལ་མ་ཎི་དང་སྐྱབས་འགྲོ།   སྒྲོལ་མ།  ཤམ་བྷ་ལའི་སྨོན་ལམ་སོགས་ཀྱི་ལུང་དང་བསྔོ་སྨོན་བཀའ་བསྒོའི་བྱིན་རླབས་སོགས་ཀྱིས་རེ་བ་བསྐངས་ཏེ་མཐོང་ཐོས་དྲན་རེག་གི་སེམས་ཅན་རྣམས་དོན་ལྡན་དུ་མཛད།   ཀླུ་མང་ཟེར་བའི་བོང་སྟག་གི་ཆིང་ཧུ་དཔལ་བཟང་ཚོ་དཔོན་འབངས་མི་ལྔ་བཅུ་ཙམ་འཚམས་ཞུ་བར་འབྱོར།   བགས་ཀའི་གཞུང་དུ་སྐྱེ་བོ་མཆོག་དམན་བརྒྱ་ཕྲག་བརྒལ་པས་རྟ་བསུ་དང་ཇ་ཐབ་བྱས།  བྲག་དཀར་ཐེམ་ཆེན་གྱི་མདུན་ཕྱོགས་བཀའ་འགྱུར་ཆོ་ལོ་ཞེས་གྲགས་པའི་སར་བཞུགས་སྒར་བཏབ   །བགས་ཀ་ཟེར་བའི་ཆུ་འདི་འགྲུལ་བ་མང་པོ་ཐོན་ཚེ་གློ་བུར་རྒྱས་ནས་ལོ་རེར་མི་འཁུར་བ་ཡིན་པས་འདི་སྐབས་སུའང་རྟ་བསུ་བ་རྗེས་མ་འགའ་ཞིག་ཆུས་ཁྱེར་ཏེ་འཆི་བའི་གནས་ཚུལ་སྙན་ཞུ་ཕུལ་བར་རྗེ་ཉིད་ནས་སངས་རྒྱས་མཚན་ལེགས་ཀྱིས་མཚན་གསུང་བཞིན་ཕྱག་གནས་གཏོར་པས་ཉིན་གུང་ནས་ཆུ་ཇེ་ཆུང་ནས་ཇེ་ཆུང་དུ་སོང་པ་དང་།   དེ་ཕྱིན་ཆུ་འདིས་སུ་ཡང་ཁུར་མ་མྱོང་བར་གླེང་ངོ་།   དེ་ནས་དུ་ཏུའུ་ལན་ཧོ་ཐོག་ཐུ་དང་།   བོང་སྟག་ཁྲི་བ།   སོག་པོ་ཁྲི་རྒན།   སྨན་ཤུལ་སོགས་གདུལ་བྱ་བདུན་སྟོང་ཉེ་བ་ལ་ས་ཆོག་སྔོན་དུ་འགྲོ་བའི་འཕྲེང་།   ཆུ་བོ་གཉིས་འདྲེས་ཀྱི་དབང་ཡོངས་སུ་རྫོགས་པ་བརྒྱུད་ལྡན་བླ་མའི་ཕྱག་བཞེས་ལྟར་བཀའ་དྲིན་དུ་བསྩལ།   མཇུག་ཏུ་ཚོགས་འཁོར་གྱི་རིམ་པ་རྒྱས་པར་གནང་།   རོང་བོའི་དགུ་རོང་སྤྲུལ་སྐུ་འཚམས་ཞུ་བར་ཕེབས་ཤིང་རྡོ་རྗེ་འཆང་གོང་མའི་དངོས་སློབ་ཡིན་སྟབས་བདེ་མཆོག་འཁོར་ལོས་བསྒྱུར་དྲུག་གི་དབང་ལ་མཆོད་གཉེར་གྱིས་བཞུགས།   འདི་སྐབས་རུས་རྒྱན་བཞེས་ཏེ་སྐོར་བ་ལན་གསུམ་སོགས་ཕྱག་བཞེས་ལྟར་གནང་བའི་ཉིན་འཇའ་འོད་དཀར་པོ་དབྱིབས་སྣ་ཚོགས་ཅན་མང་དུ་འཁྲིགས་པ་དང་།   ཨ་ཙ་ར་ལྟ་བུ་གཉིས་ཀྱིས་སྦ་འཁར་ཐོགས་ཏེ་གློ་བུར་དུ་དབང་གྲལ་དུ་འབྱོར་ནས་དབང་གྲོལ་འཕྲལ་གར་སོང་ཆ་མེད་པ་སོགས་རྟགས་མཚན་མི་འདྲ་བ་བྱུང་བར་གྲགས།   བོང་སྟག་སྡེ་བའི་ཁྲོད་ནས་དད་འབུལ་རྒྱ་ཆེན་པོ་བསྟབས།   དད་ལྡན་དུ་མས་ཁྱིམ་དུ་གདན་དྲངས་པ་ལྟར་བྱོན་ཏེ་ཕྱག་དབང་འདོད་ཆོས་ཀྱི་བཀའ་དྲིན་ཐུགས་ངལ་མེད་པར་བསྐྱངས།   རི་རྒྱ་ཀླུང་རྒྱ་བསྡམས་པ་དང་རྐུན་ཇག་སོགས་བསྡམས་ནས་བསྙེན་གནས་སྲུང་བ།   མ་ཎི་དང་སྐྱབས་འགྲོ་བགྲང་བ།   ས་ཙཱ་འདེབས་པ།   ཕྱག་སྐོར་བྱེད་པ་སོགས་དགེ་སྦྱོར་ལ་བཀོད་པ་མང་དུ་བྱུང་སྟེ་ཕྱོགས་དེའི་གདུལ་བྱ་ཡོངས་ཀྱི་དོན་རྒྱ་ཆེར་མཛད།   ཨ་འཕུར་གྲུབ་ཆེན་གྱི་སྒར་ཁ་དང་།   ཁུ་ཁུལ་བེ་ལིའི་ཨུ་རྒེར་ཕེབས་ནས་བེ་ལའི་ཙོང་ཁ་པའི་སྐུ་བརྙན་དང་།མགོན་པོའི་བྲིས་ཐང་བྱིན་ལྡན་རྣམས་ལ་མཇལ་ཞིང་མཆོད་འབུལ་དང་ཐུགས་སྨོན་ཡང་དག་པར་གནང་།   དེ་ནས་ཨེ་ཝ་ཏཱ་རེ་ཞེས་པའི་ས་ཆ་སྟེ་རྒྱུ་མཚན་ངག་རྒྱུན་དུ་ལྗོངས་འདི་སྒྲོལ་མའི་ཞིང་ཁམས་དང་མཚུངས་ཞེས་བརྗོད་པ་དང་སྐོར་ཞིག་གིས་དགོན་པའི་རྒྱབ་རི་ནི་སྒྲོལ་མའི་སྐུ་བརྙན་བཞིན་ཆགས་ཡོད་ཅེས་ཟེར་བ་དང་འབྲེལ་བ་ཡོད་པས་ཨེ་ཡིག་གིས་ཤེས་རབ་སྟོང་བ་ཉིད་དང་།   ཝ་ཡིག་གིས་ཐབས་བདེ་བ་ཆེན་པོ་མཚོན་པར་བྱེད་ལ།   ཏཱ་རེ་ནི་སྒྲོལ་མའི་སྐད་དོད་ཡིན་པས་ཐབས་ཤེས་ཟུང་གི་བདག་ཉིད་ཅན་སྒྲོལ་མ་ཞེས་ས་མིང་དགོན་པའི་མཚན་དུ་བཏགས་པ་ཡིན་པ་དེར་ཕེབས་ནས་དགོན་པ་གསར་འདེབས་ཀྱི་གཞི་གདིང་བར་ལྟོ་འཕྱེ་བརྟགས་པ་དང་།   བཀྲ་ཤིས་པའི་གསོ་སྦྱོང་སོགས་གནང་སྨིན་མཛད།   འདུ་ཁང་དང་བླ་བྲང་གི་གཞིར་ཐིག་བཏབ།   གང་ཅིའི་ཞལ་བཀོད་སོགས་བསྩལ་ཏེ་རིམ་གྱིས་གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་ཞབས་ཀྱི་པད་མོ་མངོན་པར་བཀོད་ཅེས་གསལ་བ་ལྟར་རོ།།

བོང་སྟག་དགོན་པར་འཆད་ཉན་གྱི་སྲོལ་དར་བ་དང་དུས་མཆོད་སོགས་ཀྱི་སྐོར་བཤད་པ།   བོང་སྟག་དགོན་པ་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་འདིར་འཆད་ཉན་གྱི་སྲོལ་དེ་རྒྱ་ཆེར་དར་བའི་དུས་ནི།སྐྱབས་གཅིག་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོ་བློ་བཟང་མཁས་བཙུན་བཤད་སྒྲུབ་དམ་ཆོས་རྒྱ་མཚོས་དགོན་པ་ཕྱག་འདེབས་གནང་རྗེས་མགོ་ཚུགས་པ་ཡིན་ལ།   དེའི་ཡར་སྔོན་ལ་དགོན་པའི་མཚན་ཙམ་ཐོགས་པ་ལས་གཞི་བརྟན་པོ་ཆགས་མ་ཐུང་པ་གོང་སྨྲས་བཞིན་ལགས།   དུས་དེར་དགོན་པའམ་སྤྱི་པ་ཡུན་རིང་སྐྱོང་ཁུར་མཛད་པའི་བླ་གྲྭ་རྣམས་ཞལ་འདོན་ཙམ་ལ་མཁས་པ་ཁོ་ན་ཡིན།   སྐྱབས་གཅིག་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོས་དགོན་པ་ཕྱག་འདེབས་གནང་བ་དང་རྟག་ཏུ་ཐུགས་ཁུར་མཛད་གཤིས་བོང་སྟག་དགོན་པར་འཆད་ཉན་གྱི་སྲོལ་རིམ་བཞིན་དར་ཞིང་རྒྱས་པར་གྱུར།   རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་ཕེབས་ཏེ་རིག་པའི་གནས་ལ་སྦྱངས་ཤིང་འཆད་རྩོད་རྩོམ་གསུམ་གྱི་བློ་གྲོས་རྒྱས་པའི་བོང་སྟག་གི་བླ་གྲྭ་མང་པོ་ཕྱིར་དགོན་པར་བྱོན་ནས་འཆད་ཉན་ལེགས་པར་སྤེལ།   ཤིང་བཟའ་རྡོ་རྗེ་འཆང་ཆེན་པོའི་སྐུ་དྲིན་གྱིས་རྭ་རྒྱའི་བརྩི་བཞག་བོང་སྟག་དགོན་པར་ཕེབས་ཏེ་ལོ་གསུམ་རེར་བཞུགས་དགོས་པའི་སྒྲིག་ལམ་གསར་དུ་བཙུགས་པ་དང་།   ནག་བཟའ་ཨ་ཁུ་སོགས་མཁས་དབང་རྣམས་དགོན་པར་གདན་དྲངས་ཏེ།   བོང་སྟག་དགོ་པར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་འཆད་ཉན་སྤེལ་བའི་སྲོལ་ཕྱེས་པ་ནས་ལོ་རིམ་འཛིན་གྲྭ་ལྟར་ཞལ་འདོན་དང་ཡི་གེ་འབྲི་ཀློག་སོགས་དང་།   ཚད་མ།   ཕར་ཕྱིན།  འདུལ་བ་སོགས་གང་ལ་གང་འཚམ་གྱི་དཔེ་ཁྲིད་གནང་བ་དང་།   སྣོད་དུ་རུང་ཞིང་གུས་བརྩོན་ལྡན་པའི་སློབ་བུ་མང་དུ་བྱུང་སྟེ་འཆད་ཉན་ཉིན་བཞིན་འཕེལ།   འཆད་ཉན་དར་བ་དང་བསྟུན་ནས་གྲྭ་བའི་གྲངས་ཀ་རིམ་བཞིན་འཕེལ་ཞིང་འཛིན་གྲྭ་ཇེ་མང་དུ་ཕྱིན་པས་དགོན་སྡེ་རྒྱ་སྐྱེད་དང་འཛུགས་སྐྲུན་བགྱིས།   རབ་བྱུང་བཅུ་དྲུག་པའི་མེ་སྟག་ལོ་ནས་ས་ཁྱི་ལོའི་བར་གྲྭ་བ་སུམ་བརྒྱ་ལྷག་ཏུ་འཕེལ་ཞིང་།སྐུ་ཚབ་པ་རྭ་རྒྱའི་བརྩི་བཞག་དང་། ཨ་ལགས་བོང་སྟག  དགེ་བཟང་སོགས་རྒྱུ་སྐར་ཕྲེང་བའི་དབུས་ན་དཀར་གསལ་ཟླ་བ་བཞིན་མཛེས་པའི་ཡོན་ཏན་ལ་མངའ་བརྙེས་ནས་མང་པོ་བྱོན།   དེ་བས་ལོ་རྒྱུས་ལ་འདྲིས་ཆེ་བའི་བགྲེས་པོ་རྣམས་ཀྱིས་མགྲིན་གཅིག་ཏུ་ང་བརྒྱད་ལོའི་ལས་འགུལ་དང་རིག་གནས་གསར་བརྗེ་བརྒྱུད་མེད་ན་དེང་སང་བོང་སྟག་དགོན་པ་ནས་དཔེ་ཆ་མང་པོ་བྱུང་སྟེ་གཞན་སུ་ལའང་ཡོན་ཏན་གྱི་ཐད་ནས་རེ་མི་དགོས་ཞེས་བརྗོད་པ་ནི་ཤིན་ཏུ་མད་པའི་གཏམ་ལགས།   བོང་སྟག་དགོན་པའི་ཕྱག་ལེན་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་ཕྱག་ལེན་རྣམ་དག་ལ་གཏུགས་ཤིང་།   དགོན་པའི་སྒྲིག་ལམ་ཡང་རྭ་རྒྱ་དགོན་པའི་བཅའ་ཡིག་བློ་གསལ་ཡིད་ཀྱི་གཉིས་འཐུང་འགུགས་པའི་ལྕགས་ཀྱུ་དང་སྐུ་གཞོགས་ཞུ་ཆེན་ཚང་གིས་གསུངས་པའི་བཀའ་གཉིས་ཟུང་དུ་སྦྲེལ་ནས་བོང་སྟག་དགོན་པའི་ཨ་ལགས་རུ་མང་ཚང་གིས་ཕྱག་བྲིས་མཛད་ཅིང་།   ཕྱིས་སུ་དགོན་པའི་བཅའ་ཡིག་གོས་ཁ་བདུན་གྱི་སྟེང་དུ་དབུ་ཅན་གྱིས་མཛེས་པར་ཕབ་སྟེ་ལག་ལེན་དུ་བསྟར་ནའང་ང་བརྒྱད་ལོར་ཆོས་ལུགས་མེད་པར་གཏོང་བའི་སྐབས་སུ་མེ་ལ་བསྲེགས།   ད་ལྟ་དགོན་པའི་བཅའ་ཡིག་སྔར་གྱི་རྭ་རྒྱ་དགོན་པའི་བཅའ་ཡིག་གཞིར་བཟུང་ནས་བོང་སྟག་གི་དགེ་བཤེས་ཆེན་མོ་རྡོར་རྒྱལ་སྐུ་ལོ་བློ་བཟང་བསྟན་འཛིན་རྒྱ་མཚོས་དག་སྒྲིག་དང་གཏན་འབེབས་གནང་བ་ལགས།   ཡང་དགོན་པའི་ཆོས་ཐོག་དང་དུས་མཆོད་སོགས་ཟུར་ཙམ་འཆད་པ་ལ།   ཆོས་སྡེ་འདིས་ལོ་རེར་ཟླ་དང་དུས་ཚིགས་ལྟར་དུས་སྟོན་དགེ་སྒྲུབ་ཐམས་ཅད་ཀྱང་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་ཆོས་ཐོག་དང་ཕལ་ཆེར་མཐུན་པར་བགྱིས་ནས་བསྟན་འགྲོའི་ཕན་བདེའི་གསོས་སུ་གྱུར་བ་ལགས་ཏེ།   དབྱར་ཆོས་བོད་ཟླ་བཞི་བའི་ཚེས་བཅུ་བདུན་ནས་ལྔ་བའི་ཚེས་བཅུ་བདུན་བར་དང་།   དགུན་ཆོས་བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ནས་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་བར་ཡིན།   སྟོན་ཆོས་བོད་ཟླ་བརྒྱད་པའི་ཚེས་བརྒྱད་ནས་བོད་ཟླ་དགུ་བའི་ཚེས་བརྒྱད་ཀྱི་བར།   དཔྱིད་ཆོས་བོད་ཟླ་དང་པོའི་ཚེས་བཅུ་དྲུག་ནས་བོད་ཟླ་གཉིས་པའི་ཚེས་བཅུ་དྲུག་བར་ཡིན། དགོན་པར་གཏན་སྲོལ་དུ་ཆགས་པའི་དུས་མཆོད་དང་ཆོས་ཐོག་སོ་སོའི་དབང་དུ་བཏང་ན།   རྒྱ་ལོའི་སྨོན་ལམ་ཆེན་མོ་བོད་ཟླ་དང་པོའི་ཚེས་བཅུ་གཅིག་ལ་མགོ་བརྩམས་ཏེ་ཚེས་བཅོ་ལྔ་ལ་རྫོགས་པར་བྱེད་ཅིང་།བཀའ་ཆོས་གཙོ་བོ་སྨོན་ལམ་རྣམ་ལྔ་དང་སྐྱེས་རབས་སོ་བཞི་སོགས་གསུངས།   གསུམ་པའི་སྒྲུབ་མཆོད་བོད་ཟླ་གསུམ་པའི་ཚེས་བརྒྱད་ནས་བཅོ་བརྒྱད་བར་ཡིན་ལ།   སྒྲུབ་མཆོད་ཀྱི་ཆོ་ག་ལ་དཀྱིལ་འཁོར་བཤམས་པ་དང་།རྡུལ་ཚོན་ལྡུག་པ།   འཇིགས་བྱེད་ཀྱི་ལྷ་བཅུ་གསུམ་བླུག་འདོན་བྱེད་པ་སོགས་ཡིན།   བཞི་བའི་སྨྱུང་གནས་བོད་ཟླ་བཞི་བའི་ཚེས་དྲུག་ནས་ཚེས་བཅུ་གསུམ་བར་ཡིན་ལ།   སྐབས་འདིར་ཀླུ་མ་དྲོས་པ་གཙོ་བོར་འཛིན།   དྲུག་པའི་བཀའ་འགྱུར་བོད་ཟླ་དྲུག་པའི་ཚེས་གསུམ་ནས་བཅུ་དྲུག་བར་ཡིན་ལ།   བཀའ་འགྱུར་གླེགས་བམ་ཆ་ཙམ་འདོན་ཀློག་བགྱི །   བདུན་པའི་དུས་མཆོད་བོད་ཟླ་བདུན་པའི་ཚེས་བཅུ་བདུན་ནས་ཉེར་དགུའི་བར་ཡིན་ལ།   སེམས་བསྐྱེད་ཚོགས་འཁོར་སོགས་གསུངས་ནས་དུས་མཆོད་མཛད།   བརྒྱད་པའི་རྒྱན་འཇུག་བོད་ཟླ་བརྒྱད་པའི་ཚེས་གཅིག་ཡིན་ལ།   ལྗོངས་རྒྱུའི་སྟོན་ཆེན་བགྱིས་ཏེ་རྒྱན་འཇུག་ཀློག ཚེས་བདུན་ལ་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོའི་གདུང་མཆོད་ཀྱི་གྲལ་འཛིན།   བཅུ་བའི་ལྔ་མཆོད་བོད་ཟླ་བཅུ་བའི་ཚེས་ཉེར་བཞི་ནས་ཉེར་ལྔའི་བར་ཡིན་ལ།   སྐབས་འདིར་དགེ་བསྐོས་བརྗེ་སྤོར་བྱེད་ཅིང་ཀུན་རིག་སོགས་བཏོན་ནས་གཏེར་འབུལ་སྣ་ཚོགས་བགྱིད།   བཅུ་གཅིག་བཟང་སྤྱོད་ཆེན་མོ་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་ཡིན་ལ།   སྐབས་འདིར་བཟང་སྤྱོད་དང་ལྟུང་བཤགས།   སྨོན་ལམ་རྣམ་ལྔ།  སེ་ར་རྗེ་བཙུན་གྱི་རྣམ་ཐར་སོགས་འདོན་ཀློག་བྱེད་ཅིང་།   འདི་ནི་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གདུང་མཆོད་ཡིན་པས་རྭ་རྒྱ་ལྟར་བཙུགས་པ་ཡིན་ནོ།།   འདིར་དགོན་པའི་ཆོས་ཐོག་དང་དུས་མཆོད་ཀྱི་རྣམ་གྲངས་ཙམ་ལས་བཀོད་མེད་པས་དེ་དག་གི་སྐབས་སོ་སོའི་གཏོང་ལུགས་རྒྱས་པར་འདོད་ན་གཞན་དུ་ཤེས་པར་བྱའོ།།

ཆོས་སྡེ་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིན་བརླབས་པའི་བླ་ཆེན་རིམ་བྱོན་གྱི་རྣམ་ཐར་མདོ་ཙམ་བཤད་པ་ལ།   ཤིང་བཟའ་རྡོ་རྗེ་འཆང་ཆེན་པོ་བློ་བཟང་མཁས་མཙུན་བཤད་སྒྲུབ་དམ་ཆོས་རྒྱ་མཚོ་མཆོག་གི་རྣམ་ཐར་ཤཱཀྱའི་དགེ་སློང་ཨ་ཀྱ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་མཚུངས་མེད་སྐྱབས་གཅིག་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་དད་པའི་པདྨོ་བཞད་པའི་ཉིན་བྱེད་དུ་གསལ་བ་དེ་བཞིན་ཡིན་ལ།   སྙིགས་དུས་ཀྱི་སྐྱེ་བོ་རྣམས་ལན་གཅིག་མཇལ་བའི་སྐལ་བ་ཙམ་ཐོབ་ནའང་ཡིད་ཀྱི་དང་བ་འདྲེན་ཞིང་དད་པའི་སྤུ་ལོང་གཡོ་བར་འགྱུར་རོ།།   ནག་བཟའ་ཨ་ཁུ་ཚང་རབ་བྱུང་བཅོ་ལྔ་བའི་མེ་ཕག་ལོ་སྟེ་སྤྱི་ལོ༡༨༨༧ལོར་ཡབ་བློ་བཟང་དང་ཡུམ་སྙིང་མོ་བྱམས་གཉིས་ཀྱི་སྲས་སུ་མདའ་བཞི་ནས་སྐུ་འཁྲུངས།   དགུང་ལོ་ཕྲ་བའི་དུས་ནས་རབ་ཏུ་བྱུང་ནས་དྷི་ཚ་བཀྲ་ཤིས་ཆོས་སྡིངས་ནས་ཞྭ་དམར་པཎྚིཏ་ཆེན་མོའི་དངོས་སློབ་ཏུ་གྱུར་ཅིང་།   རིག་པའི་གནས་མཐའ་དག་ལ་སྦྱངས་པ་དཔྱིས་ཕྱིན་མཛད་པ་དང་།   ཁོང་ནི་ཞྭ་དམར་པཎྚིཏ་ཆེན་མོར་ཡོན་ཏན་གྱི་རྩེར་སོན་པའི་སྲས་ཀྱི་ཐུ་བོ་བཅོ་བརྒྱད་བྱོན་པའི་ནང་གི་གཅིག་ཡིན་ལ།   ནག་བཟའ་ཨ་ཁུ་ཚང་དང་།   ལྷ་སྡེ་དགེ་བཤེས།   ཁ་སྒང་དགེ་བཤེས་སོགས་དུས་གཅིག་ལ་བྱོན་པའི་ཆོས་གྲོགས་ཡིན་པར་བསྙད།སྐབས་དེར་བོང་སྟག་ནག་བཟའི་ཁྱིམ་ཚང་སྐོར་ཞིག་མདའ་བཞིའི་སྡེ་ཁྲོད་དུ་ཡོད་པས་ཁོང་གི་སྐུ་སྤུན་ཨི་ཐོས་རུ་ཁྲོད་ནས་བོང་སྟག་ལ་འོངས།   དེའི་ཕྱིས་སུ་ནག་བཟའ་ཨ་ཁུ་ཚང་ཡང་བོང་སྟག་ནག་བཟའ་ལ་ཕེབས་ཏེ་ཡུན་རིང་ལ་བཞུགས་ཤིང་།   ནག་བཟའི་སྤྱི་པ་བསྐྱངས་པ་སོགས་འགྲོ་དོན་མཛད་པར་བརྟེན་ཁོང་གི་མཚན་ལའང་ནག་བཟའ་ཨ་ཁུ་ཚང་ཞེས་གྲགས།   ནག་བཟའ་ཨ་ཁུ་ཚང་སྔོན་ཆད་མདའ་བཞི་ནས་དྷི་ཚར་ཕེབས་པ་དང་།   རྗེས་སོར་དགེ་བཤེས་ཀྱིི་གོ་གནས་བླངས་ཏེ་སླར་ཡང་མདའ་བཞི་སོགས་ལ་བྱོན་པས་མཚན་ལ་མདའ་བཞིའི་རྒྱལ་མཚན་ཞུས་ཀྱང་ཞུ་ལ །   མཚན་དངོས་ལ་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་ཞུ་བ་དང་།   དགུང་ལོ་ལྔ་བཅུ་ཡས་མས་སུ་བོང་སྟག་དཔོན་པོ་དཔལ་བཟང་གི་གདན་འདྲེན་ཞུས་པ་ལྟར་བོང་སྟག་དགོན་པ་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་དུ་ཕེབས།   མཁན་པོའི་ཁུར་བཞེས་ཏེ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་བྱས་ནས་རྡོ་རྒྱལ་སྐུ་ལོ་སོགས་ཐུགས་སྲས་མང་པོ་བསྐྱངས་པ་དང་།   དབང་ལུང་རྗེས་གསུམ་གྱི་མན་ངག་བཀའ་དྲིན་དུ་བསྩལ་པས་བོང་སྟག་དགོན་པ་དང་བོང་སྟག་ཚོ་འབངས་ཀུན་ལ་སྐུ་དྲིན་ཤུན་ཏུ་ལྕི་ཞིང་བསུབ་ཐབས་བྲལ་བའི་མཛད་རྗེས་བཞག  ལྗགས་རྩོམ་དུམ་པ་བཞི་ཙམ་མཆིས་ལ།   ང་བདུན་ལོར་བླ་གྲྭ་ཡོངས་ཀྱི་མོས་འདུན་ལྟར་བོང་སྟག་དགོན་པས་མཐུན་རྐྱེན་སྦྱར་ནས་ཤིང་དཔར་དུ་རྐོ་བའི་མགོ་བརྩམས།   ང་བརྒྱད་ལོའི་ལས་འགུལ་སྐྱོད་ཁྲོད་མེའི་འབྱུང་བ་ལ་བསྟིམས་པས།   ཕྱི་རབས་པ་རྣམས་མཇལ་བའི་སྐལ་བ་མ་ཐོབ་པ་ནི་ཡིད་སྐྱོ་བའི་གྱོང་གུད་ཆེན་པོ་ཞིག་ཡིན་ཞིང་།རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་ཟི་ལིང་བཙོན་ཁང་ནས་སྐུའི་བཀོད་པ་བསྡུས་།                                     ནག་ཚང་བྱམས་པ་ཆོས་སྒྲུབ།   རྗེ་འདི་བ་བོང་སྟག་ཀ་ཤུལ་ནས་ནག་ཚང་བླ་མ་ཆེ་ཆུང་གཉིས་བྱོན་པ་ལས་ཆུང་བ་ཚང་ཡིན།རབ་བྱུང་བཅོ་ལྔ་བའི་ལྕགས་བྱི་ལོ་སྟེ་སྤྱི་ལོ1900ལོར་ཡབ་བཀྲ་ཤིས་དོན་གྲུབ་དང་ཡུམ་ཇོ་མོ་ཐར་གཉིས་ཀྱི་སྲས་སུ་འཁྲུངས།དགུང་ལོ་ཆུང་དུས་ནས་རབ་ཏུ་བྱུང་།ཀ་ཤུལ་དང་བོང་སྟག་གི་ཚོ་སྡེ་གཞན་ལ་ཕེབས་ནས་འགྲོ་དོན་མཛད།རྗེས་སོར་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་དུ་ཞབས་པད་བཀོད་ནས་ལོ་གསུམ་རིང་ཁྲི་བསྐྱངས།རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་ལོ་སྟེ་སྤྱི་ལོ1950ལོར་ཐུགས་དམ་ལ་བཞུགས་ནས་དགོངས་པ་རྫོགས།   ནག་བཟའ་ཨ་ཁུ་ཚང་ཞུས་ཏེ་གསོལ་འདེབས་གནང་ཞིང་གདུང་ཞུགས་ལ་བཞེན།  རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ལོ་སྟེ་སྤྱི་ལོ༡༩༥༡ལོར་ཡབ་ཉྭ་ནག་ན་བཟའ་དང་ཡུམ་ཀ་ཤུལ་བུ་མོ་ཚེ་བསོད་སྐྱིད་གཉིས་ཀྱི་སྲས་སུ་ཁོང་གི་ཡང་སྤྲུལ་བཤད་སྒྲུབ་ཉི་མ་འཁྲུངས་པ་དང་།   རིག་གསར་སྐབས་ཕྱུགས་ལས་ཐོན་སྐྱེད་ཀྱི་བྱ་བར་ཞུགས་ལ།   གྱ་བཞི་ལོར་བོང་སྟག་དགོན་པའི་བླ་གྲྭ་ཡོངས་ནས་ནན་གྱིས་ཞུས་པ་ལྟར་བོང་སྟག་དགོན་པ་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་དུ་ཕྱག་ཕེབས་གནང་ཞིང་དགོན་པ་སླར་གསོའི་ཁུར་བཞེས།   ད་ལྟ་ཆོས་སྡེ་འདི་ཐུགས་སུ་བཟུང་ནས་ཞབས་བརྟན་འཕྲིན་ལས་རྒྱས་བཞིན་བཞུགས།                                                                                                     ཨ་ལགས་རུ་མང་ནི་རབ་བྱུང་བཅོ་ལྔ་བའི་ཤིང་ལུག་ལོ་སྟེ་སྤྱི་ལོ1895ལོར་རྐང་ཚའི་རུ་མང་ནས་ཡབ་ཨ་རོལ་དང་ཡུམ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།   གཞོན་དུས་ནས་རབ་ཏུ་བྱུང་།རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་ཕེབས་ཏེ་གསན་སྦྱུངས་གནང་པ་དང་རྭ་རྒྱའི་ཁྲི་བསྐྱངས།   དེ་ནས་བོང་སྟག་གིས་གདན་འདྲེན་ཞུས་པ་ལྟར་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་དུ་བྱོན་ནས་དགོན་པའི་ཁྲིར་ལོ་གསུམ་རིང་བཞུགས་ལ།    བོང་སྟག་དགོན་པ་ན་འདོན་རྟ་དབྱངས་གསུམ་ལ་མཁས་པ་ཁོང་ལས་མེད་ཅིང་།   སྐུ་ཚེ་སྨད་ལ་དཀོར་སོགས་ལེན་པ་ཉེས་པར་དགོངས་ཏེ་རི་ཁྲོད་པའི་ཚུལ་དུ་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ།  ཁོང་གི་ཕྱག་མཛོད་ལ་རུ་མང་ཆོས་མཛོད་བསྡད་ཅིང་ཕྱིས་སུ་རྒྱ་སྐོར་དཀར་རྒྱམ་བསྡད།   ང་བརྒྱད་ལོར་རྗེ་འདི་བ་ཚང་ཡང་བླ་གྲྭ་གཞན་རྣམས་དང་འདྲ་བར་སྐབས་དེའི་ལས་འགུལ་གྱིས་དྲུག་ཏུ་གཙེས་ཤིང་།   ལོ་དེའི་སྟོན་མཇུག་དགུང་གྲངས་རེ་གསུམ་གྱི་སྟེང་ཞིང་གཞན་དུ་སྐུ་གཤེགས།                       ཨ་ལགས་རྒུ་རུ།    རྗེ་འདི་བ་སྐྱེས་ཆེན་དམ་པ་རྒུ་རུ་དགེ་བཤེས་ཆེན་མོའི་ཡང་སྤྲུལ་ཡིན་ལ།   རྒུ་རུ་དགེ་བཤེས་ཆེན་མོ་ཨ་རིག་ནས་སྐུ་འཁྲུངས།   སྐུ་ན་ཕྲ་བའི་དུས་ནས་རབ་ཏུ་བྱུང་ཞིང་།   རྭ་རྒྱ་དགོན་པར་ཕེབས་ནས་ཡི་གེ་འབྲི་ཀློག་སོགས་ཤེས་བྱའི་གནས་ལ་སྦྱངས་པ་ལྷོད་མེད་མཛད།   དེ་ནས་དབུས་སུ་བྱོན་ཏེ་དགའ་ལྡན་རྣམ་རྒྱལ་གླིང་དུ་ལོ་མང་བཞུགས་པ་དང་།   ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀུན་ལ་མངའ་བརྙེས་ནས་དགེ་བཤེས་ཀྱི་གོ་ས་བླངས།   སླར་ཡང་རྭ་རྒྱ་དགོན་པར་ཞབས་ཀྱི་པདྨོ་མངོན་པར་བཀོད་ཅིང་།   ཤིང་བཟའ་རྡོ་རྗེ་ཆེན་པོ་བློ་བཟང་མཁས་བཙུན་བཤད་སྒྲུབ་དམ་ཆོས་རྒྱ་མཚོའི་ཡོངས་འཛིན་དུ་བཞུགས།   འདི་བ་ཚང་རབ་བྱུང་བཅོ་ལྔ་བའི་ཤིང་བྱི་ལོར་བོང་སྟག་ས་ཉལ་ནས་ཡབ་དབང་བྱམས་དང་ཡུམ་གཡང་མཚོ་གཉིས་ཀྱི་སྲས་སུ་འཁྲུངས།   སྐོ་མེ་དང་མགོན་རྒྱལ་ཁོང་གི་སྐུ་སྤུན་ཡིན་ལ།  ཆུང་དུས་ནས་རྭ་རྒྱ་དགོན་པར་ཕེབས་ནས་རྒྱ་ཆེན་ཐོས་པ་མང་དུ་བཙལ་ལ།   ཕྱིས་སུ་བོང་སྟག་དགོན་པར་བྱོན་པ་དང་ཁྲི་ཁུར་ལོ་གསུམ་རིང་བསྐྱངས་པ་དང་།   མཁས་པ་ཡིན་ཡང་གསུང་རྩོམ་འདྲ་མེད་པར་བཤད།ང་དགུ་ལོ་སྟེ་སྤྱི་ལོ1959ལོར་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ལ་བསྐོས།   རེ་དྲུག་ལོ་སྟེ་སྤྱི་ལོ1966ལོར་དགོངས་པ་ཆོས་དབྱིངས་སུ་འཐིམས་ཤིང་།    སེ་ར་དང་རྭ་རྒྱ།   བོང་སྟག་དགོན་པ་སོགས་ཀྱིས་མཁན་པོ་ལ་བརྩི་བཞག་ཅེས་ཞུ །                                                                                                                                                                                                                    བརྩི་བཞག་སྐུ་ཕྲེང་དང་པོ་མདའ་བཞི་ནས་སྐུ་འཁྲུངས།   སེ་ར་དགོན་པར་ཕེབས་ནས་རིག་པའི་གནས་ཀུན་ལ་དཔྱིས་ཕྱིན་པར་སྦྱངས་པ་དང་།   དགེ་བཤེས་ཀྱི་གོ་གནས་བླངས་ཤིང་སེ་ར་དགོན་པའི་བརྩི་བཞག་ལ་བཞུགས་པར་སེ་ར་དགེ་བཤེས་ཞེས་ཀྱང་གྲགས།                                                                         སྐུ་ཕྲེང་གཉིས་པ་ཡང་ཆུང་དུས་ནས་རབ་ཏུ་བྱུང་།   རྭ་རྒྱ་དགོན་པར་ཕེབས་པ་དང་དེ་ནས་སེ་ར་དགོན་པར་བྱོན་ནས་དགེ་བཤེས་ཀྱི་གོ་གནས་བླངས་ཏེ་རྭ་རྒྱའི་བརྩི་བཞག་ལ་བཞུགས།                                                                                                                                                                                               སྐུ་ཕྲེང་གསུམ་པ་ཡབ་བན་ཐོའི་སྲས་སུ་བོང་སྟག་དཔོན་སྐོར་ནས་འཁྲུངས།རྭ་རྒྱ་དགོན་པར་ཕེབས་ཏེ་ཐོས་པ་རྒྱ་ཆེན་བཙལ་ནས་རྭ་རྒྱའི་བརྩི་བཞག་ལ་བཞུགས།   སྔ་ཕྱིར་བོང་སྟག་ཏུ་ཕེབས་ནས་གྲྭ་རྒྱུན་བསྡུས་ཏེ་བོང་སྟག་སྤྱི་པར་ཐུགས་ཁུར་མཛད་ཅིང་རྭ་རྒྱ་དང་ཆོས་འབྲེལ་སྔར་བས་ཆེ་བ་བཙུགས།   ཤིང་བཟའ་རྡོ་རྗེ་འཆང་ཆེན་པོའི་བོང་སྟག་དགོན་པ་ཕྱག་འདེབས་གནང་རྗེས།   ཆོས་སྡེ་འདིར་ཕེབས་ནས་འཆད་པས་དུས་འདའ་བར་བྱས་ཏེ་སློབ་མ་མང་དུ་བསྐྱངས་ལ།   རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་ལོ་སྟེ་སྤྱི་ལོ1932ལོེར་དགོངས་པ་ཆོས་དབྱིངས་སུ་འཐིམས།                                                            སྐུ་ཕྲེང་བཞི་བ།རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ལོ་སྟེ་སྤྱི་ལོ1934ལོེར་ཡབ་ཨ་སང་སེ་འབུ་དང་ཡུམ་དབང་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས་ནས་དགུང་ལོ་བདུན་གྱི་སྟེང་རབ་ཏུ་བྱུང་ཞིང་བརྩི་བཞག་ཡང་སྤྲུལ་དུ་ངོས་བཟུང་པ་དང་།   མཚན་བློ་བཟང་ལུང་རྟོགས་དམ་ཆོས་རྒྱ་མཚོ་ཞེས་ཞུ།   བོང་སྟག་དགོན་པ་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་དུ་དགེ་སློང་ཆོས་འཕེལ་ཡོངས་འཛིན་དུ་བསྟེནནས་དགུང་ལོ་ཉེར་གསུམ་སྟེང་དགོན་པའི་ཁྲི་བསྐྱངས།   ང་བརྒྱད་ལོ་སྟེ་སྤྱི་ལོ1958ལོེར་དགུང་ལོ་ཉེར་དགུའི་སྟེང་ཕྱི་རྒྱལ་ལ་འབྲེལ་བ་ཡོད་ཅིང་གུང་ཁྲན་ཏང་མི་གསོད་རྩིས་བྱས་ཟེར་བ་སོགས་ཉེས་འདོགས་བྱས་ཏེ་ལོ་དགུའི་ཁྲིམས་ཐག་བཅད་དེ་ངལ་རྩོལ་སྒྱུར་བཀོད་བྱེད་དུ་བཅུག བདུན་ཅུ་ཐམ་པའི་ལོ་སྟེ་སྤྱི་ལོ1970ལོེར་ཕ་ཡུལ་དུ་བྱོན་ཡང་སྐབས་དེའི་སྲིད་ཇུས་ལུགས་ལྟར་ཞྭ་སྐོན་ནས་ཕྱུགས་འཚོས་པ་དང་།  དོན་དགུ་ལོ་སྟེ་སྤྱི་ལོ1979ལོར་དཀར་འདོན་བྱས་ནས་དགོན་པ་སླར་གསོའི་ཁུར་བཞེས།   རྗེ་འདི་བ་ཚང་གིས་ཐུགས་སྐྱོང་མཛད་ནས་བོང་སྟག་དགོན་པ་སླར་གསོ་བྱེད་པར་ནུས་པ་ཆེན་པོ་བཏོན།   གྱ་གསུམ་ལོ་སྟེ་སྤྱི་ལོ1983ལོེར་གོང་རིམ་ལ་ཡར་ཞུ་དང་། གྱ་བཞི་ལོར་དགོན་པའི་རྨང་བཏིངས།   གྱ་བརྒྱད་ལོར་འདུ་ཁང་གྲུབ་པའི་དགའ་སྟོན་གྱི་ཆོ་ག་བཤམས་པས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འགྲེམ་བཞིན་མཆིས་པ་དེ་ལྟར་ཡིན་ལ།སྔ་གཞུག་ཏུ་བྲག་སེར་ལབ་རྩེ་དང་།  རི་རྒྱལ་ལྷུན་པོའི་ལབ་རྩེ།  ཁྱུང་དགོན་ལབ་རྩེ་སོགས་སླར་གསོ་མཛད།  ང་གསུམ་ལོ་སྟེ་སྤྱི་ལོ1953ལོར་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་།   གྱ་གཉིས་ལོར་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན།   གྱ་བདུན་ལོ་ནས་ཐེམ་ཆེན་རྫོང་སྲིད་གྲོས་ཀྱི་ཀྲུའུ་གཞོན་པ་བཅས་ཀྱི་འགན་བཞེས།   ད་ལྟ་བོང་སྟག་དགོན་པའི་གཙོ་འགན་བཞེས་བཞིན་བཞུགས།                                                                                                          རྒྱལ་སྲས།   རབ་བྱུང་དྲུག་པའི་ས་སྟག་ལོ་སྟེ་སྤྱི་ལོ1938ལོར་གུན་ཨི་རྒེ་ཞོལ་མ་ཟེར་བའི་ས་ཆ་ནས་ཡབ་རིག་འཛིན་དགྱེས་མཛད་རྡོ་རྗེ་དང་ཡུམ་མ་ཅིག་གཉིས་ཀྱི་སྲས་སུ་འཁྲུངས་པ་དང་།   སྐུ་ན་ཕྲ་བའི་དུས་སུ་མཚན་ལ་བསྟན་པ་དར་རྒྱས་་ཞེས་ཞུ །   ལྕགས་འབྲུག་ལོར་ཁམས་ཕྱོགས་ཀྱི་བླ་མ་ཆེན་པོ་ཞི་ཆེན་རབ་འབྱམས་པ་བོང་སྟག་ཏུ་ཕེབས་སྐབས།   ཤིང་བཟའ་རྡོ་རྗེ་འཆང་ཆེན་པོའི་ཡང་སྤྲུལ་འཚོལ་བའི་ཨང་ཐོའི་གྲས་སུ་བཞག་སྟེ་དབུའི་རལ་བ་བྲེག་ནས་མཚན་ལ་འགྱུར་མེད་འཇམ་དབྱངས་བཤད་སྒྲུབ་དམ་ཆོས་རྒྱ་མཚོ་ཞེས་གསོལ།  དྷི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་སྐུ་གཞོགས་འོ་ལོ་རིན་པོ་ཆེའི་དྲུང་དུ་ཡོངས་གྲགས་ཐར་ཤུལ་རྗེ་བློ་བཟང་འོད་ཟེར་ཞེས་ཞུ་ནས་རབ་བྱུང་བསྒྲུབས།   དགུང་ལོ་བཅུ་བཞིའི་སྟེང་བོང་སྟག་དགོན་པར་ཕེབས།   དགེ་སློང་བསྟན་པ་ཡོངས་འཛིན་ལ་བསྟེན་ནས་བརྟུན་པ་ཆེན་པོས་ཡོན་ཏན་ལ་ཐུགས་གཞོལ།   དེའི་ཕྱིས་སུ་ཡབ་རིག་འཛིན་རྡོ་རྗེས་རང་གི་སྲས་ཀྱི་སྐྱེ་བ་གང་འདྲ་ཞིག་ཡིན་ཚུལ་ཨ་ལགས་གདོང་དཔྱད་བསྟན་པའི་རྒྱལ་མཚན་ལ་ཞུས་པར།   བདག་ལྟ་བུས་ཅང་མི་ཤེས་ཀྱང་གང་ལྟར་སྐྱེ་བ་ཁྱད་དུ་འཕགས་པ་ཞིག་ཡིན་པ་གདོན་མི་ཟའོ་གསུངས་ནས་མཚན་ལ་རྒྱལ་སྲས་ཞེས་གསོལ་པ་དང་།  བོང་སྟག་དགོན་པ་ནས་ལོ་བདུན་ཙམ་ལ་བཞུགས་ཤིང་ལོ་གསུམ་རིང་དགོན་པའི་ཁྲིར་བཞུགས།   ང་བརྒྱད་ལོར་དགོན་པ་གཏོར་བས་རང་ཡུལ་དུ་ཕེབས་ཏེ་གསར་བརྗེའི་བྱ་བར་ཞུགས་ནས་ལོ་གསུམ་རིང་ཐེམ་ཆེན་རྫོང་རིག་གནས་འཕྲོད་བསྟེན་ཁའི་ཁའོ་ཀྲང་དང་ཐེམ་ཆེན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས་པ་དང་།   རིག་གསར་སྐབས་ཞྭ་བསྐོན་ཏེ་ལོ་བཅུའི་རིང་ལ་མ་ཉེས་ཁ་གཡོགས་ཐེབས།   དོན་བརྒྱད་ལོ་སྟེ་སྤྱི་ལོ1978ལོར་དཀར་འདོན་བྱས་ཤིང་དགོན་པ་སླར་གསོ་གནང་བའི་ཐད་ལ་ཐུགས་ཁུར་གནང་།  ད་ལྟ་མཚོ་ནུབ་ཁུལ་མི་དམངས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས་བཞིན་བཞུགས།                                                                                                        བློ་བཟང་བསྟན་འཛིན་རྒྱ་མཚོ་ནི།    རབ་བྱུང་བཅོ་ལྔ་བའི་ཆུ་ཕག་ལོ་སྟེ་སྤྱི་ལོ1923ལོར་བོང་སྟག་མོག་ཆེན་ནས་ཡབ་རྡོ་རྒྱལ་དང་ཡུམ་དཀར་མཚོ་གཉིས་ཀྱི་སྲས་སུ་འཁྲུངས།   ཡོངས་གྲགས་སུ་རྡོ་རྒྱལ་སྐུ་ལོ་ཞེས་ཞུ །  དགུང་ལོ་བདུན་པའི་སྟེང་ས་ཐོ་དགོན་པར་བྱོན་ནས་བླ་མ་སྐལ་ལྡན་རྒྱ་མཚོའི་ཞབས་ལ་གཏུགས་ནས་རབ་བྱུང་གི་སྡོམ་པ་མནོས།   དེ་ནས་རེ་ཞིག་ལ་རང་ཡུལ་དུ་ཞབས་བཅགས་ཏེ་ཞང་བོ་ཆོས་འབྱོར་གྱི་དྲུང་ནས་ཡི་གེའི་འབྲི་ཀློག་སྦྱངས་ལ།   དགུང་ལོ་བཅུ་གསུམ་པའི་སྟེང་ཡབ་ཀྱི་ཐུགས་འདུན་ལྟར་བོང་སྟག་དགོན་པ་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་དུ་བྱོན།   རྭ་རྒྱའི་སྐུ་ཚབ་པ་སེ་ར་དགེ་བཤེས་ཆེན་མོའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་རིག་གནས་སྤྱི་དང་ཁྱད་པར་དུ་ཚད་མ་ལ་སོགས་་གསན་སྦྱངས་མཛད།   དགུང་ལོ་བཅུ་བདུན་པའི་སྟེང་གཞལ་བྱ་མཐའ་དག་ལ་མཁྱེན་པའི་མངའ་བརྙེས་ཤིང་བཀའ་དྲིན་མཚུངས་པ་མེད་པའི་ནག་བཟའ་ཨ་ཁུ་བློ་བཟང་བསྟན་པའི་རྒྱལ་མཚན་ཚུལ་བཞིན་དུ་བསྟེན་ནས་དགུང་ལོ་ཉེར་ལྔའི་སྟེང་སུམ་རྟགས་དང་།   སྙན་ངག  སྡེབ་སྦྱོར།   རྩིས།   ཚད་མ།  ཕར་ཕྱིན་སོགས་མང་དུ་གསན།དེ་ནས་རིག་པའི་གནས་མཐའ་དག་ལ་བརྩོན་པ་ཆེན་པོས་གསན་ཕྱིར་་བླ་བྲང་དང་ལྷ་སར་བསྐྱོད་རྒྱུ་ཡིན་ཞེས་ལམ་དུ་ཆས་པ་ཡུལ་མི་རྣམས་ཀྱིས་བཟློག་སྟེ་སྐུ་འབུམ་བྱམས་པ་གླིང་དུ་བྱོན་ནས་ཐོས་པ་རྒྱ་ཆེར་བཙལ།   ས་ཁྱི་ལོར་གནས་ཚུལ་ལ་འགྱུར་ལྡོག་བྱུང་སྟབས་ཟི་ལིང་དུ་མི་ཕེབས་ཀ་མེད་བྱུང་བ་དང་ཟླ་བ་བརྒྱད་ལྷག་གི་རིང་སྐབས་དེའི་ལམ་ཕྱོགས་ཀྱི་སློབ་གསོ་མྱངས་ལ།   ལོ་དེའི་ཟླ་བཅུ་བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་ཕེབས་ཏེ་འཆད་ཁྲིད་ཀྱི་ཁུར་བཞེས་པ་དང་།   རིག་གསར་གྱི་སྐབས་སུ་མ་ཉེས་ཁ་གཡོགས་ཐེབས་པ་དང་དགག་རྒྱག་གི་ཡིག་ཆེན་ཚགས་པར་ལྔ་བཅུ་ལྷག་སྦྱར་ནས་འཆད་ཁྲིད་ཀྱི་མཚམས་བཅད།ཧྭ་ལུང་ཀ་མདོ་མཚོ་ཡུལ་ཚོ་སྒྱུར་བཀོད་ལ་མངགས་ནས་ལོ་གསུམ་རིང་བཞུགས།   ལྕགས་ཕག་ལོ་ནས་བོང་སྟག་དང་རྐང་ཚ་རྫོང་དུ་ཕེབས་ཏེ་ཕྱག་ལས་གནང་པ་དང་།   ཆུ་གླང་ལོར་རྐང་ཚ་རྫོང་མི་རིགས་སློབ་འབྲིང་གིས་ཞུས་ངོར་འཆད་ཁྲིད་ལ་ཕེབས།   ས་རྟ་ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་འཆད་ཁྲིད་ཀྱི་ཁྲི་ལ་བཞུགས་ནས་སྔ་ཕྱིར་མདོ་ཁམས་ཀྱི་ཞིབ་འཇུག་སློབ་མ་དང་སློབ་གྲྭ་ཆེན་མོ་སོགས་སློབ་མ་མང་དུ་བསྐྱངས་པ་དང་། བོད་ཀྱི་རྩོམ་རིག་དཔེ་དེབ་དང་།  སྐད་ཡིག་སློབ་དེབ།གེ་སེར་རྒྱལ་པོའི་སྒྲུང་།   ཞིབ་འཇུག་སློབ་མའི་ཆེད་རྩོམ་སོགས་དག་སྒྲིག་དང་འབྲི་རྩོམ་བྱེད་པའི་སྐོར་ལ་མཛུབ་སྟོན་དང་ཐུགས་ཁུར་རྒྱ་ཆེན་གནང་།   ཆུ་ཁྱི་ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཅའོ་ཧྲིག་སློབ་དཔོན་ཆེན་མོ་གཞོན་པའི་མཚན་བཞེས།   ས་འབྲུག་ལོར་ལས་ཀའི་ངལ་གསོ་གནང་རྗེས་བོང་སྟག་དགོན་པ་སོགས་སུ་ཞབས་པད་ཀྱི་འཁོར་ལོ་བསྒྱུར་ནས་འཆད་ཁྲིད་ཀྱི་མཛད་པ་ཁོ་ནས་དུས་འདའ་བཞིན་བཞུགས་པས་བཀའ་དྲིན་ཤིན་ཏུ་ལྕི་ལ།རྗེ་འདི་བ་ཚང་གི་མཛད་པ་ཟུར་དུ་བཀོད་ན་འོས་པས་འདི་ཙམ་གྱིས་ཆོག་པར་བྱས་སོ།།

བོང་སྟག་དགོན་པར་ཆག་གྲུམ་བྱུང་བ་དང་ཉམས་གསོ་བྱས་པའི་སྐོར་བཤད་པ་ལ།   བོང་སྟག་དགོན་པ་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་གསར་དུ་བཏབ་པ་ནས་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་སོ་གཉིས་པ་ས་ཁྱི་ལོའི་བར་བཀའ་དྲིན་མཚུངས་མེད་ཀྱི་བླ་མ་རྣམས་ཀྱིས་ཐུགས་སྐྱོང་ཚད་མེད་གནང་ཞིང་།   བོང་སྟག་གི་སྟོང་དཔོན་དང་།   ཚོ་དཔོན།   ལྷ་སྡེ་ཀུན་གྱིས་རྒྱབ་སྐྱོར་བགྱིས་ཏེ་འདུ་ཁང་ཆེན་མོ་སོགས་རྟེན་དང་བླ་བྲང་བཞེངས།   འཆད་ཉན་གྱི་སྲོལ་རྒྱ་ཆེར་དར་བ་དེ་དག་བོང་སྟག་གི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་འབྲས་བུ་གཡུར་དུ་ཟ་བ་ཞིག་ཡིན་ལ།   རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ཉེར་གསུམ་པ་ས་གླང་ལོར་ལྷ་སྡེ་ཁྱིམ་ཚང་བཅུ་ལྷག་ཡོད་ལ།   ལུག་ཆིག་སྟོང་དྲུག་བརྒྱ་དྲུག་ཅུ།རྟ་བཞི་བརྒྱ་དགུ་བཅུ་ཡོད་པ་དང་དགོན་པའི་རྩྭ་ས་ཡངས་ཤིང་རྒྱ་ཆེ་ལ་ཤར་ཕྱོགས་སུ་ཕ་བོང་རྟ་འདྲོགས་ནས་གསོམ་ལུང་ཚུན་ཚད་དང་།   ལྷོ་རུ་ཁུན་ཏི་མར་འཁོར་ནས་སེར་ཁེ་ར་འགག་བར་ཡིན   །ནུབ་ཏུ་ཨོ་གར་ཆོ་ལོ་ཚུན་ཚད་དང་།   བྱང་དུ་ས་ནག་གོང་ཁ་དང་ཨ་རི་ཚ་ཧན་དབོལ་ཝོར་ཡོ་ཐོ་ཚུན་ཚད་ཡིན་ལ།   བཅིངས་གྲོལ་གྱི་ཉི་མ་ཤར་ཞིང་ཇུས་བཟང་གི་གྲུ་ཆར་འཇོ་བའི་འོག་བོང་སྟག་དགོན་པ་སྔར་ལས་ལྷག་པར་དར་རྒྱས་བྱུང་སྟེ་ས་ཁྱི་ལོར་ལྷ་སྡེ་ཁྱིམ་ཚང་ཉེར་གཅིག་དང་སྒོ་ཕྱུགས་བརྒྱད་སྟོང་ལྷག་ཏུ་འཕེལ་ལ།   ལོ་དེའི་སྟོན་འཇུག་ལ་བཀས་བཀོད་རྒྱུད་འཛིན་དང་ཆོས་ལུགས་གཙང་ཕྱགས་བྱེད་པའི་ལས་འགུལ་བསླངས་པས།   བླ་མའི་མཚན་འཛིན་པ་དང་མཁས་པའི་མིང་ཐོགས་པ་ཡོད་ཚད་འཛིན་བཟུང་བྱས་པ་དང་།   དགོན་པ་གཏོར་ཞིང་ནང་རྟེན་རྣམས་བརླགས།   རབ་བྱུང་དྲུག་པའི་ཆུ་སྟག་ལོར་ཆོས་ལུགས་སྲིད་ཇུས་ཡང་དག་པ་དངོས་འབེབས་བྱས་སྟབས།   བོང་སྟག་ཚོ་བ་བཅོ་བརྒྱད་ཀྱིས་རེ་འདུན་བཏོན་པ་ལྟར་བོང་སྟག་དགོན་པ་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་གི་ཆོས་སྒོ་ཡང་བསྐྱར་ཕྱེས།   ཡིན་ནའང་ཆོས་སྡེ་སྐྱོང་བར་མཁས་པའི་བླ་མ་དང་མཁས་དབང་དམ་པ་རྣམས་སྔ་ཕྱིར་ཞི་བར་གཤེགས་ཟིན་པས་དགོན་སྡེ་འདི་མུ་མཐུད་དེ་དར་རྒྱས་གཏོང་མ་ཐུབ་ལ།   མེ་རྟ་ལོར་རིག་གནས་གསར་བརྗེ་ཞེས་པའི་ཚ་ཚ་འུར་འུར་གྱི་ཆབ་སྲིད་ལས་འགུལ་བསླངས་པས་ལོ་ཟླ་མང་པོའི་རིང་ལ་བོང་སྟག་ཚོ་འབངས་ཀུན་གྱི་རྒྱུ་དང་ལག་ཤེས་པ་རྣམས་ཀྱི་རྔུལ་ཆུ་ཁོ་ནས་གྲུབ་པའི་ཆོས་སྡེ་འདིར་མི་སེམས་རབ་ཏུ་སྐྱོ་བའི་གཏོར་བརླགས་ཚབས་ཆེན་ཐེབས་པ་དང་།   ངོ་མཚར་ཁྱད་དུ་འཕགས་པའི་འདུ་ཁང་སོགས་རྟེན་མཐའ་དག་གཅིག་ཀྱང་མ་ལུས་པར་བཅོམ་བཅག་གྲལ་ཉིལ་དུ་བཏང་ཤིང་།    དགོན་པའི་ཤིང་ཆ་ཡོད་ཚད་ཨུ་ལན་རྫོང་དང་།   མཐའ་འཁོར་གྱི་ཚོ་སྡེ།   མི་སྒེར་སོགས་སུ་ཐིམ།   ལྷ་སྡེ་ཁྱིམ་ཚང་རྣམས་གཏོར་ཏེ་རྟ་ནོར་ལུག་གསུམ་ཕྱོགས་བཞིར་བགོས་པ་དང་རྩྭ་ས་ཨུ་ལན་རྫོང་གིས་བདག་ཏུ་གཉེར།   དེ་སྔོན་ཀུན་གྱི་དང་འདྲེན་ཞིང་ཡིད་འཕྲོག་པའི་ཆོས་སྡེ་དེ་རེ་ཞིག་སྐྱ་ཐིང་ཐིང་གི་གནས་སུ་སྣང་ལ།   ཤུལ་དུ་ལུས་པ་ནི་གྱང་ཧྲུལ་དང་སྐྱ་ཀ་ཁྲ་མོའི་སྐྱོ་དབྱངས་ལགས།   རབ་བྱུང་བཅུ་དྲུག་པའི་ཆུ་ཕག་ལོར་ཆོས་ལུགས་དད་མོས་རང་དབང་གི་ཇུས་བཟང་ལ་བརྟེན་ནས།   འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་གནང་ཞིང་བོང་སྟག་དགོན་པ་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་ཉམས་གསོ་བགྱི་བའི་མགོ་ཚུགས།   མེ་སྟག་ལོར་དགོན་བདག་བླ་མ་བརྩི་བཞག་དང་།  རྒྱལ་སྲས།  བཤད་སྒྲུབ་ཉི་མ་བཅས་ཀྱིས་དབུ་འཛིན་གནང་ཞིང་།  གཉེར་པ་ཀུན་དགའ་དང་ཡེ་རྒྱམ་སོགས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་དང་།བོང་སྟག་ཚོ་བ་བཅོ་བརྒྱད་སྦྱིན་བདག་ཏུ་བུད་དེ་སྐུ་འབུམ་བྱམས་པ་གླིང་གི་དུས་འཁོར་འདུ་ཁང་ལ་དཔེ་བྱས་ནས་འདུ་ཁང་ཆེན་མོ་བཞེངས་པའི་མགོ་བཙུགས་པ་དང་།   རབ་བྱུང་བཅུ་བདུན་པསི་བགྲང་བྱ་གཉིས་པ་ས་འབྲུག་ལོར་འདུ་ཁང་ཆེན་མོ་གསར་དུ་གྲུབ།   ཟླ་བརྒྱད་པའི་ཚེས་བཅུ་གཅིག་ནས་བཅུ་གསུམ་བར་གྲུབ་སྟོན་གྱི་ཆོ་ག་བཤམས་ཏེ་ལཱ་མོ་ཞབས་དྲུང་གི་ཡོངས་འཛིན་བློ་བཟང་མཁའ་གྲུབ་རྒྱ་མཚོ་ཚང་གདན་འདྲེན་ཞུས་ནས་འདུ་ཁང་ཆེན་མོར་རབ་གནས་མཛད་པ་དང་འཕགས་པ་ཐུགས་རྗེ་ཆེན་པོའི་དབང་བཀའ་དྲིན་དུ་བསྩལ།   སྐལ་ལྡན་གྱི་མི་སུམ་སྟོང་ལྷག་དབང་འོག་ཏུ་ཚུད་པས་ལྗོངས་འདིའི་སྐྱེ་བོ་རྣམས་ཀྱིས་ལོ་ཉི་ཤུའི་རིང་ཆོས་སྐད་ཅིག་རྣ་བས་ཐོས་མ་མྱོང་ཞེས་པའི་གཏམ་རྒྱུད་རྫོགས་པར་བྱས།   ད་ལྟ་བཞེངས་པའི་འདུ་ཁང་དང་གྲྭ་ཤག་རྣམས་སྔོན་ཆད་ཀྱི་རྟེན་དང་གྲྭ་ཤག་དང་བསྡུར་ན་ད་དུང་སུམ་ཆའི་གཅིག་ཙམ་ཡིན་པར་བརྗོད་པས་ན་དེ་སྔོན་ཆོས་སྡེ་འདི་ཅི་འདྲའི་དར་རྒྱས་སུ་ཕྱིན་ཡོད་པ་རྗེས་རབས་་པ་རྣམས་ཀྱིས་བློས་དཔོག་དཀའ་ཞིང་།   ཐ་ན་ཉེ་ཆར་དད་ལྡན་རྣམས་ཀྱིས་མཇལ་སར་གྱུར་བའི་བྱིན་ལྡན་གྱི་རྟེན་དང་རྨད་བྱུང་གི་མཛད་འཕྲིན་སྐོར་ཡང་བཤད་ན་རྫོགས་རྒྱུ་མེད་པས་རེ་ཞིག་ངལ་གསོ་བའི་ཚུལ་དུ་མཇུག་བསྡུས་སོ།།

2 ཕྱིའི་བཟོ་བཀོད།

དབེན་གནས་ཀྱི་ཕྱིའི་བཀོད་པ་དང་བོང་སྟག་དགོན་པའི་ཆགས་སྟངས་བཤད་པ།   དེ་ཡང་བོང་སྟག་དགོན་པ་ཆགས་ཡུལ་དུ་གྱུར་པའི་ཨེ་ཝ་ཏཱ་རེ་ཞེས་པའི་དབེན་གནས་འདི་ནི་གོང་སྨྲས་ཐར་བག་དང་གུན་ཨུ་རྒེ་སོགས་ལས་སྣོད་ཀྱི་བཀོད་པ་ཡངས་ཤིང་རྒྱ་ཆེ་ལ།   ཁོར་ཡུག་ཏུ་དུས་བཞིའི་འཁོར་འགྲོས་དང་བསྟུན་ནས་སྐབས་འགར་ཨིནྡྲ་ནི་ལའི་མདངས་འཛིན་པ་དང་སྐབས་འགར་རིན་ཆེན་གཉིས་པའི་ཁ་དོག་ལ་འགྲན་པའི་ས་འཛིན་ཚར་དུ་དངར་བས་ཡོངས་སུ་བསྐོར་ཞིང་།    ས་འཛིན་དེ་དག་ལས་ཀུན་གྱི་བརྟན་པ་དབང་མེད་དུ་འཕྲོག་བཞིན་མཆིས་པ་ཆོས་སྡེ་འདིའི་རྒྱབ་རིར་གྱུར་བའི་རི་བོ་དེ་ཡིན་ལ།   བོང་སྟག་དགོན་པས་རྭ་རྒྱ་ནས་ཨ་མེས་ཁྱུང་མགོན་གདན་འདྲེན་མཛད་དེ་ངོ་མཛར་ཅན་གྱི་རི་བོ་དེར་བཞུགས་སུ་གསོལ་བ་ནས་བཟུང་རྒྱབ་རིའི་མཚན་ལའང་ཨ་མེས་ཁྱུང་མགོན་ཞེས་ཞུ་བ་དང་།   དེ་ཡང་མི་བཙན་པོ་ཨརྱ་བློ་གྲོས་ས་བཙན་པོ་རྭ་རྒྱའི་ཁྱུང་མགོན་ཞེས་བཤད་སྲོལ་ཡོད་པ་ལྟར།   དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་བཅའ་ཡིག་བློ་གསལ་ཡིད་ཀྱི་གཉིས་འཐུང་འགུགས་པའི་ལྕགས་ཀྱུ་ལས་ཀྱང་།   ཆོས་དང་འདུལ་བ་བཞིན་དུ་སའི་བདག་པོ་མངོན་པ་དང་མི་མངོན་པ་ལ་བསླངས་པའི་ཡུལ་འདིའི་གཞི་བདག་རྨ་ཁྱུང་མགོན་ཡར་སེང་དུ་གྲགས་པ་རྨ་ཆེན་སྦོམ་རའི་མཆེད་ཟླ་ཞིག་ཡིན་ཟེར།   གང་ལྟར་དཀར་ཕྱོགས་པ་ཡིན་ཞིང་དབུ་རྩེའི་སྟེང་དུ་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་དང་འཕགས་པའི་གནས་བསྟན་ཆེན་པོ་བ་ཀུ་ལ་རོང་བོའི་གྲུབ་ཆེན་སྐལ་བཟང་རྒྱ་མཚོས་མངོན་སུམ་དུ་གཟིགས་ཞེས་གྲུབ་དབང་དེ་ཉིད་ཀྱི་རྣམ་ཐར་འདུག་པ་མཐོང་ལ།    ལུང་བསྟན་འགའ་ཞིག་གིས་ཀྱང་གཞི་བདག་གིས་ས་ཡི་ཐུ་བ་གཡར་ཡོད་ཟེར་ཞེས་སྣང་བ་ལྟར་ཡིན།   ཆོས་སྡེ་འདིའི་དབང་ཕྱོགས་སུ་མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་པདྨ་ཁ་ཕྱེས་པ་ལྟ་བུ་ཤར་པདྨའི་ལུང་བ་དང་།   ལྷོ་རུ་ནོར་བུའི་དབྱིབས་དང་གཉིས་སུ་མ་མཆིས་པའི་ལྷོ་ནོར་བུ་དེའུ་ཡག ནུབ་ཏུ་ལྟས་ངོ་མཚར་དང་དགེ་བ་ཕུན་ཚོགས་འབྱུང་བའི་ནུབ་ཕུན་ཚོགས་འདོད་ལམ་དང་།  བྱང་དུ་སུམ་རྩེན་གནས་ལ་ཅོ་འདྲི་བའི་བྱང་དགའ་ལྡན་ཕུག་སོགས་སྣོད་ཀྱི་བཀོད་པ་བྱེད་པོའི་སོར་རྩེ་ལས་བྱུང་བར་འཁུ་བའི་ཐིག་ལེའི་གཞིར་གསེར་མིག་གཤོག་དྲུག་གི་དབྱིབས་དང་འདྲ་བ་གསེར་ཉ་གོང་ཞོལ་གཉིས་མཛེས་པར་སྣང་ཞིང་།   བྱང་དགའ་ལྡན་གྱི་ཕུག་ནས་ཡན་ལག་བཞི་ཟུང་དང་ལྡན་པའི་ལྷ་ཆབ་བསིལ་མ་ལྷུང་ལྷུང་དུ་བབས་ཏེ་སྐྱེ་འགྲོ་ཀུན་གྱི་སྐོམ་པའི་གདུང་བ་སེལ་བཞིན་དུ་མདོར་ན་དབེན་གནས་འདིའི་ཁོར་ཡུག་གི་ས་འཛིན་རྣམས་ལྷ་ཤིང་ཤུག་པའི་ཚང་ཚིང་གིས་རབ་ཏུ་སྤུད་པ་དང་།   རྩྭ་ཆུ་ཕུན་སུམ་ཚོགས་པ་དང་ཀུན་གྱི་སྣང་ངོར་གཡུའི་མེ་ལོང་ཕྱིས་པ་ལྟ་བུའི་འདུ་ཤེས་སྟེར་ལ།  ཞིང་ལས་དང་ཕྱུགས་ལས་གང་གི་ཡུལ་དུའང་རུང་བས་ན།   ཁང་ས་ཞིང་ས་ས་ཡི་དགེ།།  ཐང་རྡོ་ཐབ་རྡོ་རྡོ་ཡི་དགེ།།  འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ།།   ཁང་ཤིང་བུད་ཤིང་ཤིང་གི་དགེ།།   གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ་ཞེས་པ་ལྟར་སའི་དགེ་བ་བཅུ་ཡོངས་སུ་ཚང་བའི་གནས་མཆོག་ཅིག་ཡིན་ནོ།།

དེ་ལྟའི་སྣོད་ཀྱི་བཀོད་པ་གཅིག་ལས་གཅིག་མཛེས་པ་ཀུན་གྱི་ལྟེ་བར་གྱུར་བའི་གསེར་ཉ་གོང་ཞོལ་གཉིས་ལས་གསེར་ཉ་གོང་མའི་སྟེང་ཕྱོགས་སུ་ཆོས་སྡེ་འདི་ཆགས་ཤིང་།   མུ་ཏིག་བསྟར་ལ་བརྒྱུས་པ་དང་མཚུངས་པའི་བླ་བྲང་དང་གྲྭ་ཤག་རྣམས་ཀྱིས་འདུ་ཁང་དང་བྱམས་ཁང་དབུས་སུ་བླངས་ཏེ་ཡོངས་སུ་བསྐོར་པ་དང་།   སྐྱབས་གཅིག་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོའི་ནང་ཆེན་ནི་བླ་བྲང་ཉིས་ཐོག་ཅན་ཡིན་ལ།   ཀླད་ན་ཤག་བདུན་དང་འོག་ན་ཤག་བདུན་ཏེ་བསྡོམས་པའི་ཤག་བཅུ་བཞི་འདུག་པར་ཤིང་སྤྱི་ཁྲུ་རྒྱ་དཔངས་གྲུ་བཞི་མ་གོ་ལྔ་སོང་བར་བཤད་ཅིང་།   གནམ་ཡོལ་དང་བན་ཐོག་འོག་གི་མཐིལ་ཤིང་ཚང་མར་ཤག་ཉེར་གསུམ་དང་ཤིང་སྤྱི་ཁྲུ་རྒྱ་དཔངས་གྲུ་བཞི་མ་རེ་དགུས་གྲུབ།   ནག་བཟའ་ཨ་ཁུ་ཚང་གི་བླ་བྲང་ལ་ཤག་དྲུག་དང་།   ནག་ཚང་བྱམས་པ་ཆོས་གྲུབ་ཚང་གི་བླ་བྲང་ལ་ཤག་བཅུ་གཉིས།   ཨ་ལགས་རུ་མང་ཚང་གི་བླ་བྲང་ལ་ཤག་སོ་གཉིས།  གདུང་མདུན་ཨ་ལགས་ཕུན་ཚོགས་ཚང་གི་བླ་བྲང་ལ་ཤག་གསུམ།   བརྩི་བཞག་ཚང་གི་བླ་བྲང་ལ་ཤག་བཅུ་གཉིས།   ཨ་ལགས་རྒུ་རུ་ཚང་གི་བླ་བྲང་ལ་ཤག་དྲུག་མཆིས།   ཆོས་སྡེ་འདིའི་ཤར་དང་བྱང་གཉིས་ཀྱི་ཕྱོགས་ན་བྱིན་ལྡན་གཟི་བརྗིད་ཆེ་བའི་མཆོད་རྟེན་གཉིས་སྣང་ལ།   གོ་ཐོས་སུ་བྱང་གི་མཆོད་རྟེན་དེའི་མཚན་ལ་དགེ་འདུན་མཆོད་རྟེན་ན་འདྲེ་འདུལ་མཆོད་རྟེན་གསོལ་བར་བཤད།མཆོད་རྟེན་དེ་བཞེངས་པའི་རྒྱུ་མཚན་ནི་སྐྱབས་གཅིག་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོས་དགོན་པ་ཕྱག་འདེབས་གནང་བའི་རྗེས་སུ་བོང་སྟག་དགོན་པར་ན་ཚ་བྱུང་ཞིང་གྲྭ་སྲི་ཆེ་བས།   མཚན་བཟང་བླ་ཆེན་མང་པོས་དགོན་པའི་ཕྱོགས་བཞི་ནས་མཆོད་རྟེན་བཞི་བཞེངས་ན་ན་ཚ་དང་གྲྭ་སྲིའི་ཁ་གནོན་དུ་འོང་གསུངས་པ་ལྟར་བཞེངས་པ་ཡིན་མོད།   ཕྱིས་སུ་རྒྱུ་རྐྱེན་དུ་མའི་དབང་གིས་མཆོད་རྟེན་དེ་མ་གཏོགས་བཞེངས་མ་ཐུབ་པས་གཞན་གསུམ་གྱི་དོད་དུ་འབུམ་ཁང་རེ་བླུགས་པའི་ཤུལ་དེང་སང་ཡོད།   མཆོད་རྟེན་དེ་ནས་ནུབ་བྱང་གི་མཚམས་སུ་སྤྱི་ཁྲུ་ཉིས་བརྒྱ་ལྷག་སོང་བའི་ས་ན་འདྲེ་བཞུད་ཉག་ག་ཟེར་བའི་ཉག་ག་ཆུང་ཆུང་ཞིག་འདུག་ལ་ཉག་བར་ནས་སྐྱ་མི་གསུམ་གྱིས་དཔུང་བ་གཤིབས་ཏེ་སོང་ཆོག་པ་ཙམ་ཡིན་ཞིང་།   དེ་ནི་དགོན་པར་ནད་ཀྱིས་གཙེས་སྐབས་བླ་ཆེན་རྣམས་ཀྱིས་འདྲེ་གདོན་གྱི་བཞུད་ལམ་དུ་དགོངས་པས་སྔོན་ཆད་རྡོ་རྩིག་གིས་བཀག་ཡོད་པར་བཤད་པ་དང་དེང་སང་ཡང་མི་ཕྱུགས་གཉིས་ཀ་མི་འགྲོ་ཞིང་ཉག་བར་དུ་རྨུ་ཐག་འཐེན་འདུག

ཤར་ཕྱོགས་ཀྱི་མཆོད་རྟེན་དེ་ནི་བོང་སྟག་དཔོན་པོ་དཔལ་བཟང་འདས་རྗེས།   གདུང་སྦྱིན་སྲེག་བྱས་ཏེ་ས་ཙྪ་དཔར་ཞིང་རལ་གྲི་མུན་གསལ་དཀར་ལམ་སོགས་མང་པོ་དང་ལྷན་དུ་མཆོད་རྟེན་བཞེངས་པས་བྱང་ཆུབ་མཆོད་རྟེན་དུ་གསོལ།   མཆོད་རྟེན་འདི་རྡོ་རྗེ་རྒྱལ་སྐུ་ལོ་མཆོག་གིས་ཐིག་བཏབ་པ་ལྟར་བོང་སྟག་དགོན་པའི་གྲྭ་བ་རྣམས་གཙོ་བྱས་ཏེ་བཞེངས་པ་དང་།   གྲུ་བཞི་ན་རྡོ་བའི་ཀ་ཆེན་བཞི་བསླངས་ཤིང་ཀ་རྡོ་དེ་དག་རྡོ་བཟོ་པས་དཔྱད་པ་ལྟར་རྒྱབ་རིའི་ངོས་ནས་ཁྱེར་འོངས་ལ།   ཀ་བ་རེ་རེའི་སྟེང་དུ་ཁྲོ་དྲིལ་ཕྲེང་ལ་བསྟར་བའི་ལྕགས་ཐག་མང་པོ་ཐུར་དུ་དཔྱངས།   ང་བརྒྱད་ལོར་དགོན་པར་གཏོར་བརླག་བྱེད་སྐབས་ཐོག་མར་བཤིག་པ་དེ་ཡིན་ཟེར།   ཡང་བྱང་དགའ་ལྡན་ཕུག་གི་ལུང་མདོའི་སྲིབ་ངོས་སྤྱི་ཁྲུ་བརྒྱ་དང་ལྔ་བཅུ་ལྷག་གི་ས་ན།   བྲག་རྡོ་ཐར་ཐོར་གྱི་གསེབ་ཏུ་བྱིན་རླབས་ལྡན་ཞིང་ངོ་མཚར་གྱི་ལྟས་སྣ་ཚོགས་སྟོན་པའི་ཀླུའི་སྡོང་བོ་བྱ་བ་ལྗོན་ཕྲན་ཁྲི་གང་གི་ཚད་ཅན་ཞིག་སྣང་ལ།   ལས་རྣམ་སྨིན་མ་དག་པའི་སྐྱེ་བོ་ཡིན་ན་མཇལ་དུ་སོང་ཡང་གཞན་གྱིས་མ་བསྟན་ཚེ་རང་གིས་མཐོང་ཁག་ཅིང་ད་ཐེངས་མཐོང་ཡང་རྗེས་ནས་མི་མཐོང་བར་བཤད་པ་དང་།   ཐེངས་ཤིག་ལ་དགོན་པའི་གསོལ་ཆུ་སྐམ་པས་བླ་མ་རྣམས་ཀྱིས་འོག་ཕྱོགས་ཀྱི་ཀླུ་དང་ཀླུ་མོ་རྣམས་མ་དགའ་བ་ཡིན་པས།   མཆོད་བཀུར་རྒྱ་ཆེན་བགྱི་དགོས་ཞེས་གསུངས་པ་ལྟར་བན་དེ་རེ་གཉིས་འཚོལ་དུ་ཕེབས་ཀྱང་མ་རྙེད།   དེ་ནས་གྲྭ་བ་རྒན་གཞོན་མང་པོས་བཙལ་པས་རྙེད་ཅིང་བཀྲ་ཤིས་པའི་ལྷ་རྫས་སོགས་ཀྱིས་ཀླུ་སྡོང་མཛེས་པར་བརྒྱན་ཏེ་མཆོད་པ་ཟད་མི་ཤེས་པ་མཛད་མ་ཐག་བྱང་དགའ་ལྡན་གྱི་ཕུག་ནས་ལྷ་ཆབ་བསིལ་མ་བབས་ཏེ་མི་ཟོག་ཐམས་ཅད་ཀྱི་སྐོམ་པའི་གདུང་བ་ཡོངས་སུ་སེལ་ཞེས་པ་བློས་དཔག་དཀའ་བའི་གཏམ་རྒྱུད་ཡང་མཆིས།   ཆོས་སྡེ་འདིའི་ནུབ་ཕྱོགས་ན་མཚུན་གྱི་ཚལ་ཞིག་སྣང་བ་དང་།   དགོན་པ་བཏབ་ནས་ཅུང་མ་འགོར་བར་འཁྲུངས་ཡུལ་རེབ་གོང་གི་ཡིན་ཞིང་དགའ་ལྡན་ཀླུ་འབུམ་ཁམས་ཚན་དུ་གསན་སྦྱངས་བྱས་མྱོང་བའི་དགའ་ལྡན་ཨ་ལགས་བྱ་བ་ཞིག་བོང་སྟག་ཏུ་བྱོན་པ་དང་།   ཕྱིས་སུ་དགོན་པར་ཕེབས་ཏེ་སློབ་བུ་འགའ་ཡང་བསྐྱངས།   སྐུའི་བཀོད་པ་བསྡུས་རྗེས་གདུང་སྦྱིན་སྲེག་མ་བྱས་པར་གནས་འདིར་བསྐྱུར་བ་ནས་བཟུང་བོང་སྟག་དགོན་པའི་དུར་ཁྲོད་དུ་གཏན་འཁེལ་བགྱིས་པ་ཡིན་ཟེར།   བརྗིད་ཆགས་ལྡན་པའི་རྒྱབ་རི་དང་མདུན་རིའི་སྟེང་དུ་ལབ་རྩེ་བསྟད་ཅིང་།   ལོ་རེ་རེའི་བོད་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་བོང་སྟག་དགོན་པའི་བླ་གྲྭ་རྣམས་རི་རྩེར་ཕེབས་ཏེ་ལབ་རྩེ་སྟོད་པའི་སྲོལ་སྔ་མོ་ནས་ཆགས་ཡོད་ལ།   ཨེ་ཝ་ཏཱ་རེ་དབེན་གནས་འདི་སའི་དགེ་བ་བཅུ་ཡོངས་སུ་ཚང་བ་ཞིག་ཡིན་པར་མ་ཟད།   དཀར་ཕྱོགས་སྐྱོང་བའི་གཞི་བདག་དང་སྲུང་མ་ཤིན་ཏུ་བཙན་ཟེར།  དེ་ཡང་བོང་སྟག་དགོན་པའི་སྲུང་མ་བེག་རྩེ་ཡིན་པར་བཤད་ཅིང་དེའི་སྐོར་གྱི་ངག་སྒྲོས་ཀྱང་མཆིས།  རབ་བྱང་བཅུ་དྲུག་པའི་བགྲབ་བྱ་ཉེར་གསུམ་པ་ས་གླང་ལོར་ཇག་ཚོགས་ཆེན་པོ་མཱ་ཡོན་ཧེས་སྣ་དྲངས་པའི་ཇག་དམག་རྣམས་ཡིན་ཤས་རིག་ཏུ་ལྷགས་ནས་ལྗོངས་འདིར་གནས་པའི་རུ་སྡེ་མང་པོར་གསོད་འཕྲོག་བཅོམ་གསུམ་གྱི་གནོད་འཚེ་ཐེབས་ཤིང་།   བོང་སྟག་དགོན་པར་ཡང་འཇིག་སྣང་བསྐུལ་པས་བླ་གྲྭ་རྣམས་བཞུགས་མ་བཟོད་པར་རེ་ཞིག་དགོན་སྡེ་བཏང་སྟེ་མེ་ཏོག་ལུང་བར་ཉེན་བྱོལ་དུ་ཕེབས།   གྲྭ་རྣམས་ཀྱིས་བྱ་ར་མཛད་དེ་རྒྱང་རིང་ནས་དགོན་སྤྱན་གྱིས་འཚོ་སྐབས།   དགོན་པའི་ལུང་མདོ་སོགས་ཇག་དམག་གིས་ཁེངས་ཤིང་རྟ་རྨིག་གིས་བསླངས་པའི་རྡུལ་བར་སྣང་དུ་རྒྱུ་བ་དང་།   དགོན་པ་ནས་མེ་ལྕེ་དམར་པོ་དགུང་དུ་མཆེད་བཞིན་ཡོད་པས་བླ་གྲྭ་རྣམས་ཀྱིས་ཇག་ཚོགས་ཀྱིས་དགོན་པ་མེ་བརྒྱབ་ཟིན་ཅེས་ཐུགས་སྐྱོ་ཚད་མེད་གནང་།  ཕྱིས་སུ་ཇག་པ་རྣམས་སོང་རྗེས།   བླ་གྲྭ་སྐོར་ཞིག་དགོན་པར་ཕེབས་དུས་དགོན་པར་ཆག་སྐྱོན་ཁབ་མགོ་ཙམ་ཡང་བྱུང་མེད་ཟེར་བའི་ལྟས་མཚར་ཅན་མང་དུ་བསྟན་ཚུལ་གྱི་ངག་རྒྱུན་ད་ལྟ་བའི་བར་མ་ཉམས་པེ་འདུག་གོ།

3 ནང་རྟེན་གཙོ་བོ།

འདུ་ཁང་དང་བྱམས་ཁང་གཉིས་ཀྱི་བཞེངས་ཚད་དང་ནང་རྟེན་སྐོར་བཤད་པ།   དང་པོ་འདུ་ཁང་ཆེན་མོ་འདི་ནི་ཁང་ཆེན་ཉིས་ཐོག་ཅན་ཞིག་ཡིན་ཞིང་སྒོ་ནས་ཕུག་གི་བར་ཁང་མིག་བཅུའི་ཚད་དང་ཞེང་ལ་ཁང་མིག་བདུན་གྱི་ཚད་ལྡན་པ་དང་།   གློ་སྒོ་དང་།  ཁྱམས་ར།  སྒོ་ཆེན་བཅས་ལ་ཁང་མིག་ཉེར་གཉིས་མཆིས་པ་དང་ཤིང་སྤྱི་ཁྲུ་རྒྱ་དཔངས་གྲུ་བཞི་མ་སུམ་བརྒྱ་ང་བཞིའི་འགྲོ་སོང་བཏང་།   གནམ་ཁེབས་དང་བན་དང་མཐིལ་ཤིང་བཅས་ལ་ཤིང་སྤྱི་ཁྲུ་རྒྱ་དཔངས་གྲུ་བཞི་མ་སུམ་བརྒྱ་སོང་།   སྐུ་ཁང་དང་མཆོད་ཁང་གི་ཚད་ཁང་མིག་བདུན་ལས་བརྒལ་ཅིང་ཤིང་སྤྱི་ཁྲུ་རྒྱ་དཔངས་གྲུ་བཞི་མ་བཅུ་བཞིས་གྲུབ།   འདུ་ཁང་ཆེན་མོ་གསར་བཞེངས་མཛད་སྐབས་བོང་སྟག་གི་དད་ལྡན་རྣམས་སྦྱིན་བདག་ལ་བུད་དེ་གསེར་དངུལ་སོགས་ཕུལ་ནས་མཐུན་རྐྱེན་ལེགས་པར་སྦྱར་ཅིང་།   སྐུ་འབུམ་སོགས་ནས་ལྷ་བཟོ་དང་ཤིང་བཟོ་ཤིང་བཟོ་མིང་གྲགས་ཅན་མང་པོ་གདན་དྲངས་ཏེ་མ་འགྱངས་པར་འགྲུབ་པར་བྱས།   འདུ་ཁང་ཆེན་མོའི་སྟེང་དུ་གསེར་ཏོག་དང་།   རྒྱལ་མཚན།   རི་དྭགས་ཕོ་མོ་སོགས་བཞུགས་ལ།   ནང་རྟེན་ལ་རྗེ་རིན་པོ་ཆེའི་སྐུ་མི་ཚད་ཙམ་དང་།   གོས་སྐུ་ཆེན་མོ་མི་འཇིགས་སེང་གེ་ང་རོ།   བཀའ་འགྱུར།  བསྟན་འགྱུར།  གཞུང་པོ་ཏི་ལྔ།   རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་།  རྭ་རྒྱ་ནས་གདན་འདྲེན་ཞུས་པའི་ཚད་མ་རིགས་གཏེར་སོགས་བཞུགས།   འཛམ་གླིང་རྒྱན་དྲུག་མཆོག་གཉིས་དང་།  གནས་བརྟན་བཅུ་དྲུག ཡང་གསང་ཁྲོས་པ་ལྷ་དགུ མཆོད་པའི་ལྷ་མོ་བརྒྱད།  མགོན་ཆོས་ལྔ།  སྒྲོལ་མ།  བེག་རྩེ།  རྣམ་སྲས་སོགས་འབག་སྐུ་དང་གོས་ཐང་གྲངས་མང་བཞུགས་ཤིང་།  དེ་མིན་གདུགས་དང་།  ཀ་འཕན།  བླ་བྲེ།  དྲ་བ་དྲ་ཕྱེད།  ཙི་རྒྱ་གླིང་དུང་།  རྔ།  སྦུབ་ཆུ་སོགས་ཕུན་སུམ་ཚོགས་པ་སྣང་བའི་ཁྲོད་ན་ཁྱད་དུ་འཕགས་པ་གོང་དུ་བཤད་ཟིན་པ་ལྟར་རྭ་རྒྱ་དགོན་པས་བོང་སྟག་དགོན་པར་གནང་བའི་རག་དུང་དེ་ཡིན་ལ།   འདུ་ཁང་གི་མཐའ་འཁོར་དུ་མ་ཎི་དུང་ཕྱུར་དང་ཏཱ་རེ་དུང་ཕྱུར་བཞི་བཞུགས།   གཞན་ཡང་འདུ་ཁང་ཆེན་མོའི་ནང་དུ་སྤུས་ལེགས་ཀྱི་ཁྲི་དང་གྲལ་གདན་སོགས་མང་པོ་ཡོད་ཅིང་།   ཀ་ཆེན་བརྒྱད་མཆིས་པ་རེ་རེ་བཞིན་རིན་ཐང་ཤིན་ཏུ་མཐོ་བའི་ཀ་ཐུམ་གྱིས་དཀྲིས།   ཀ་ཐུམ་གྱི་སྦྱིན་བདག་བོང་སྟག་གི་ཚོ་དཔོན་སྐོར་ཞིག་གིས་བགྱིས་པ་ཡིན་པས་སྟེང་དུ་ཁོང་ཚོའི་མཚན་ཡང་བྲིས་ཡོད་མོད།   རིག་གསར་སྐབས་སུ་ཀ་ཐུམ་དང་ཇ་གདན་རྣམས་གང་ལ་གང་འདོད་ཀྱིས་ཁྱེར་ནས་མང་ཤོས་ཤིག་ཐེམ་ཆེན་རྫོང་གི་གློག་བརྙན་ཟློས་གར་ཁང་དུ་བཏིངས་ཏེ་བརླགས།

གཉིས་པ་བྱམས་ཁང་ཆེན་མོ་ནི།  འདུ་ཁང་དང་འདྲ་བར་ཉིས་ཐོག་ཅན་ཡིན་ཞིང་།  སྒོ་ནས་ཕུག་གི་བར་དང་ཞེང་ལ་ཁང་མིག་ལྔའི་ཚད་དང་ལྡན།  གློ་སྒོ་དང་།  ཁྱམས་ར།  སྒོ་ཆེན་བཅས་ལ་ཁང་མིག་དགུ་དང་ཤིང་སྤྱི་ཁྲུ་རྒྱ་དཔངས་གྲུ་བཞི་མ་གྱ་དྲུག་གིས་བཟོས།  གནམ་ཁེབས་དང་བན  །སྐུ་ཁང་།  མཆོད་ཁང་བཅས་ལ་ཁང་མིག་བཅུ་ལྷག་མཆིས།  ནང་རྟེན་གཙོ་བོར་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་ཉིས་ཐོག་གི་མཐོ་དམན་ཅན་བཞུགས་པ་དང་ལྷན་དུ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་མང་དུ་སྣང་།  བྱམས་ཁང་གི་གཡས་ཕྱོགས་སུ་སྟོན་པ་གཙོ་སཁོར་གསུམ་དང་གཡོན་ཕྱོགས་སུ་ཨོ་རྒྱན་སློབ་དཔོན་གཙོ་འཁོར་སོགས་འཇའ་ཚོན་འཁྲིགས་པ་ལྟ་བུའི་ལྷ་རྫས་ཀྱིས་མཛེས་པར་སྤུད་དེ་བཞུགས།  མཐའ་འཁོར་དུ་སྡུག་བསྔལ་ཐམས་ཅད་དྲུངས་ནས་འདྲེན་པར་བྱེད་པའི་ཡིག་བརྒྱ་དུང་ཕྱུར་སྐྱེ་དགུའི་མིག་གི་དཔང་དུ་བལྟམས།  བྱམས་ཁང་ཆེན་མོ་གྲ་ཚའི་དཔོན་པོ་རྡོ་ཁོས་དབུ་ཁྲིད་གནང་ཞིང་ཨ་ལགས་གཏེར་སྟོན་གྱི་ཞལ་ཆེམས་ལྟར་གྲ་ཚའི་སྡེ་འབངས་ཀུན་སྦྱིན་བདག་ལ་བུད་དེ་བཞེངས།  བྱམས་ཁང་ཆེན་མོ་དངོས་སུ་བཞེངས་པའི་སྔ་གཞུག་ཏུ་གྲ་ཚའི་དཔོན་པོ་རྡོ་ཁོའི་བཀའ་ལྟར་ཨ་ལགས་གཏེར་སྟོན་ཚང་འཚོ་བཞུགས་གནང་དུས་ཁོང་ལ་ཐུགས་མདངས་ཤིན་ཏུ་ཆེ་བའི་འཁོར་གྱི་གཙོ་བོ་ཨ་མཆོད་དཔལ་ལྡན་གྱིས་འགོ་འཛིན་བགྱིས་ཏེ་སྟོང་སྐོར་ནས་ལག་ཤེས་པ་མང་པོ་གདན་འདྲེན་ཞུས་པ་དང་བོང་སྟག་དགོན་པས་ལས་རོགས་བསྡུས་ཏེ་ཤིང་ཆུ་འདྲུད་པ་སོགས་ཀྱི་མཐུན་རྐྱེན་ལེགས་པར་སྦྱར་སྟབས་རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་རྟའི་ལོ་སྟེ་སྤྱི་ལོ༡༩༤༢ལོར་ཡོངས་སུ་གྲུབ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-25

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།