རྡོ་བཟོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་འདིར་སྔ་རབས་སྤྱི་ལོའི་གོང་གི་ལོ་ཉིས་བརྒྱའི་སྔོན་ནས་རྡོ་བརྩིགས་ཀྱི་ཁང་པ་དང༌། རྡོ་བརྐོས་རི་མོ་སྣ་ཚོགས་བྱེད་ཤེས་པ་དཔེར་ན། རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་ཕོ་བྲང་ཡུམ་བུ་བླ་མཁར་རྡོ་རྩིག་ལས་བཞེངས་པ་དང༌། པོ་ཏ་ལའི་ཕོ་བྲང་ཡང་རྡོ་རྩིག་གིས་བཞེངས་པའི་མཐོ་ཚད་བོད་ལུགས་ཀྱི་ཐོག་སོ་དགུ་ཡོད་པ་དང༌། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་རྩིག་སྐབས་ཐོག་སོ་འོག་མ་བོད་ལུགས་ཀྱི་རྡོ་རྩིག་ཡིན།
1 རྒྱས་འགྲེལ།

བོད་འདིར་སྔ་རབས་སྤྱི་ལོའི་གོང་གི་ལོ་ཉིས་བརྒྱའི་སྔོན་ནས་རྡོ་བརྩིགས་ཀྱི་ཁང་པ་དང༌། རྡོ་བརྐོས་རི་མོ་སྣ་ཚོགས་བྱེད་ཤེས་པ་དཔེར་ན།  རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་ཕོ་བྲང་ཡུམ་བུ་བླ་མཁར་རྡོ་རྩིག་ལས་བཞེངས་པ་དང༌། པོ་ཏ་ལའི་ཕོ་བྲང་ཡང་རྡོ་རྩིག་གིས་བཞེངས་པའི་མཐོ་ཚད་བོད་ལུགས་ཀྱི་ཐོག་སོ་དགུ་ཡོད་པ་དང༌། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་རྩིག་སྐབས་ཐོག་སོ་འོག་མ་བོད་ལུགས་ཀྱི་རྡོ་རྩིག་ཡིན། གཞན་ཡང་རྡོ་ལ་ཡི་གེ་དང་ལྷ་སྐུ་བཅས་བརྐོ་བའི་ལག་རྩལ་ནི་ཐོག་མར་བལ་པོའི་རྡོ་བཟོ་བའི་ས་ནས་སློབ་སྦྱོང་བྱས་པ་ཡིན་རུང༌། རྡོ་ལ་རི་མོ་སྣ་ཚོགས་བརྐོ་བའི་ལག་རྩལ་ནི་སྤྱི་ལོའི་དུས་རབས་དང་པོའི་ཡས་མས་ནས་ཤེས་ཡོད། གཞན་ཡང་ཡོན་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པའི་ས་སྐྱའི་ལྷ་ཁང་ཆེན་མོ་དང༌། ཞ་ལུ་ལྷ་ཁང་ཆེན་མོ། མིང་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པའི་རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་ལྷ་ཁང་དང༌། རྡོ་རྩིག་གི་མཆོད་རྟེན་ངོ་མཚརཅན་རྣམས་ལ་གཟིགས་ན་སྐབས་དེ་དག་གི་དུས་ནས་བོད་ཀྱི་རྡོ་བཟོའི་ལག་རྩལ་ཆུ་ཚད་མཐོན་པོ་ཡོད་པ་གཟིགས་ཐུབ། ད་ཡོད་པོ་ཏ་ལའི་ཕོ་བྲང་དཀར་པོ་དང༌། དམར་པོ་གསར་བཞེངས་སྐབས་བོད་ཡོངས་ཀྱི་རྡོ་བཟོ་མཁས་པ་མང་ཆེ་བ་བསྡུས་པའི་ནང་རིམ་པ་བཞིར་ཕྱེ་འདུག རིམ་པ་དང་པོ་དབུ་ཆེན་ཡིན་ཅིང༌། དེའི་ལས་འགན་ནི་ཤིང་བཟོ་ཆེན་མོ་དང་མཉམ་འབྲེལ་གྱིས་ཁང་པའི་འཆར་འགོད། ས་བཀྲ་བཟོ་རྒྱུ། རྡོ་བཟོ་བྱིངས་ལ་རྩིག་བཟོའི་བཀོད་འདོམས་བྱ་རྒྱུ། རྩིག་བཟོའི་ཐིག་ཚད་གཏན་འཁེལ་བྱེད་རྒྱུ། བཅག་གདོང་སོགས་གལ་ཆེའི་རྩིག་པ་རྣམས་རང་ཉིད་ངོམས་རྩིག་རྒྱུ་བཅས་ཡིན། རིམ་པ་གཉིས་པ་ནི་དབུ་ཆུང་ཡིན་ཅིང༌། དེའི་ལས་འགན་ནི་ལས་ཡུལ་དངོས་སུ་འགོ་ནས་མཇུག་བར་རྩིག་པ་རྒྱག་རྒྱུ་དང༌། དབུ་ཆེན་ལ་རོགས་རམ་གྱི་ལས་འགན་སྒྲུབ་རྒྱུ་ཡིན། རིམ་པ་གསུམ་པ་ནི་བྱིངས་གྲས་ཡིན་ཅིང༌། ཁོ་ཚོའི་ལས་འགན་ནི་རྩིག་པ་གལ་ཆེའི་གྲས་ཕུད་པའི་གནད་ཆུང་བའི་རིགས་རྣམས་རྩིག་རྒྱུ་དང༌། རྩིག་རྡོར་དགོས་པའི་རྡོ་ཆེན་བཟོ་དབྱིབས་སྣ་ཚོགས་བཟོ་བཅོས་བྱེད་རྒྱུ། རྡོ་རིང་དང༌། རྡོ་སྐས་ལ་དགོས་པའི་རྡོ་ཆེན་བཟོ་རྒྱུ། རྡོ་བརྐོས་རི་མོ་སྣ་ཚོགས་བརྐོ་རྒྱུ་བཅས་ཡིན། རིམ་པ་བཞི་པ་ནི་དཀྱུས་མའི་གྲས་ཡིན། ཁོ་ཚོའི་ལས་འགན་ནི། རྩིག་བཟོར་དགོས་པའི་རྡོ་ཆེན་བཤག་ལས་དང༌། རྡོ་རྩིག་བར་གྱི་ཅབ་ལྷེ་བཟོ་རྒྱུ། རྩིག་པའི་བར་སྟོང་རྒྱོང་བྱེད་རྡོ་ཧྲུག་ཆེ་ཆུང་སྣ་ཚོགས་བཟོ་རྒྱུ།  རྡོ་གཡམ་བཟོ་དབྱིབས་འདོན་རྒྱུ་བཅས་ཡིན། པོ་ཏ་ལའི་ཕོ་བྲང་དམར་པོ་བཞེངས་སྐབས་བོད་ཡོངས་ཀྱི་རྡོ་བཟོ་མཁས་པ་ཡོད་ཚད་བསྡུས་པའི་ནང་དབུ་ཆེན(རྒྱུ་སྨོན་དར་རྒྱས)མི་གཅིག  དབུ་ཆུང(དོལ་རྣམ་ལི་ལི་སོགས)མི་གྲངས་བདུན། བྱིངས་གྲས(ཟ་དམ་དགོས་འདོད་སོགས)   མི་གྲངས་བརྒྱ་དང་བཞི་བཅུ་ཞེ་ལྔ། དཀྱུས་མའི་གྲས(གུ་རུ་སྐྱབས་སོགས)མི་གྲངས་ཉིས་བརྒྱ་ཉི་ཤུ་རྩ་གཅིག་བཅས་ཡོད་པ་རྣམས་ཀྱི་སྐྱེ་ཡུལ་དང་མིང་བཅས་ཞིབ་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ནང་གསལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-24

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།