སྤུ་རྒྱལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤུ་རྒྱལ།
བོད་རྒྱལ་གཉའ་ཁྲི་བཙན་པོའམ་འོ་ལྡེ་སྤུ་རྒྱལ་གྱི་དུས་ནས་བཟུང་འབྱོར་བའི་བོད་ཀྱི་རྒྱལ་ཁབ་སྤྱིའི་མིང་སྟེ། སྤོ་བོའི་ཆོས་འབྱུང་ལས། སྤོ་བོ་ཞེས་པའི་མིང་དོན་ནི། སྔོན་ཚེ་བོད་རྗེ་གྲི་གུམ་བཙན་པོའི་སྲས།། མཆེད་གསུམ་འབྲིང་པོ་བྱ་ཁྲི་འདིར་ཕེབས་ནས།། མི་ཡུལ་ཁྱད་དུ་འཕགས་པ་དགའ་བའི་ཚལ།། ཡུལ་འདི་ཤིན་ཏུ་སྤྲོ་བོ་གསུངས་ནས་བཞུགས།། ཡུལ་མིང་སྤོ་བོ་ཐོགས་དོན་དེ་ལྟར་ལགས།། ཞེས་བྱུང་བ་ལ་སྤྲོ་བོ་སྤོ་བོར་འགྱུར་དོན་ནི་སྤོ་བོའི་ཡུལ་སྐད་ཀྱི་ཁྲོད་དུ་ར་བཏགས་ཆད་པ་ཤིན་ཏུ་མང་བ་དཔེར་ན། སྤྲེའུ་ལ་སྤེའུ་དང་། བྲག་རི་ལ་བག་རི། སྤྲད་པ་ལ་སྤོད་པ། འབྲས་དཀར་ལ་འབས་དཀར་སོགས་ཧ་ཅང་མང་བའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
悉勃野
ཁོངས་གཏོགས།
བོད་ཀྱི་ལོ་རྒྱུས།
1 སྤུ་བོ།

སྤུ་རྒྱལ་བཙན་པོའི་གདུང་ཁུངས་གསལ་བོར་ཤེས་པ་ལ་ཐོག་མར་སྤུ་བོའམ་སྤོ་བོའི་ཡུལ་གྱི་མིང་ཇི་ལྟར་བྱུང་ཚུལ་ཤེས་པ་གལ་ཆེ་སྟེ། དེ་ནི་གཉའ་ཁྲི་བཙན་པོའི་སྐྱེས་ཡུལ་དང་། བོད་བཙན་པོའི་སྲིད་དབང་གི་ཐོག་མའི་གཤིན་ས་སྟེ་ད་ལྟ་ཉིང་ཁྲི་ས་ཁུལ་གྱི་སྤོ་བོ་རྫོང་ཟེར་བ་དེ་ཡིན། དེ་ལ་སྤོ་བོའི་ཆོས་འབྱུང་ལས། སྤོ་བོ་ཞེས་པའི་མིང་དོན་ནི། སྔོན་ཚེ་བོད་རྗེ་གྲི་གུམ་བཙན་པོའི་སྲས།། མཆེད་གསུམ་འབྲིང་པོ་བྱ་ཁྲི་འདིར་ཕེབས་ནས།། མི་ཡུལ་ཁྱད་དུ་འཕགས་པ་དགའ་བའི་ཚལ།། ཡུལ་འདི་ཤིན་ཏུ་སྤྲོ་བོ་གསུངས་ནས་བཞུགས།། ཡུལ་མིང་སྤོ་བོ་ཐོགས་དོན་དེ་ལྟར་ལགས།། ཞེས་བྱུང་བ་ལ་སྤྲོ་བོ་སྤོ་བོར་འགྱུར་དོན་ནི་སྤོ་བོའི་ཡུལ་སྐད་ཀྱི་ཁྲོད་དུ་ར་བཏགས་ཆད་པ་ཤིན་ཏུ་མང་བ་དཔེར་ན། སྤྲེའུ་ལ་སྤེའུ་དང་། བྲག་རི་ལ་བག་རི། སྤྲད་པ་ལ་སྤོད་པ། འབྲས་དཀར་ལ་འབས་དཀར་སོགས་ཧ་ཅང་མང་བས་འདི་ཙམ་གྱིས་འཐུས། གཞན་གྲུ་གུམ་བཙན་པོའི་སྲས་ཡར་ལུང་ནས་ཡུལ་དེར་སྤོ་ཡོང་བས་སྤོ་ཡུལ་ཞེས་དང་། གཞན་ཡང་སྤོ་བོ་མ་ཡིན་སྤུ་བོ་ཡིན་ཏེ། སྤུ་བོ་ཞེས་བྱའི་མིང་དོན་ནི་ལུང་བ་དབུས་མའི་བྲག་རི་ལ། བཙན་རྒོད་སྤུ་རི་སྤུ་བཙན་གནས། ཞེས་གཞི་བདག་གི་མིང་ཡུལ་ལ་ཐོགས་པར་ཡང་བཤད། ཡིན་རྒྱུ་ནི་སྤོ་བོ་ཞེས་པ་སྤོ་མེས་སམ་ཡབ་མེས་ཀྱི་དོན་དང་། དེ་ནི་སྤུ་བོའི་ཡུལ་ནས་མི་མོ་མོ་བཙན་བྱ་བའི་བུ་ཆུང་མ་སྙ་ཨུ་བེ་ར་ཟེར་བོད་རྗེར་དབང་བསྐུར་བས་བོད་འབངས་རྣམས་བཙན་པོའི་འཁྲུངས་ཡུལ་ལ་ཞེ་བཀུར་གྱིས་སྤོ་བོའི་ཡུལ་དུ་བརྗོད་པ་ད་ལྟའང་དེ་ཀ་རང་དུ་གནས་སོ།།

2 སྤུ་རྒྱལ་ཞེས་པའི་ཐ་སྙད་ཀྱི་ཐོག་མའི་བྱུང་ཚུལ།

བོད་ཡུལ་ཆགས་ནས་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་ལ་ལུང་བགོས་ནས་དབང་བསྒྱུར་བས་འཁྲུགས་རྩོད་རྒྱུན་མི་ཆད་པར་བྱུང་བས། འབངས་རྣམས་ཞེ་ཕུང་ནས་འདུན་མ་བསྡུས་ཏེ་མཆིད་བགྲོས་པས་ཡབ་འབངས་རུས་དྲུག་དང་ཤེས་པ་མཁན་མི་བཅུ་གཉིས་ཡུལ་གྲུ་སོ་སོར་རྗེ་འཚོལ་བར་ཕྱིན་ཏེ། ལྷ་རི་གྱང་དོར་མ་སྙ་ཨུ་བེ་ར་དང་ཕྲད་པས་བོད་སྤྱིའི་རྒྱལ་པོར་ཞུས་ཤིང་སྤུ་རྒྱལ་ཐོག་མར་མིང་ཆགས། དེ་མིན་ལྷ་ལྡན་གཙུག་ལག་ཁང་གི་རྡོ་རིང་ངམ་ཁྲང་ཆིང་མཐུན་འབྲེལ་རྡོ་རིང་གི་ཤར་ངོས་སུ། འཕྲུལ་གྱི་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ་ཡུལ་བྱུང་བས་ས་དོད་ཚུན་ཅད་ཅེས་གསལ་བ་དང་། ཏུན་ཧོང་ཡིག་ཚང་དུ་རྒྱལ་པོ་བཙན་པོ་དང་། བློན་པོ་མཛངས་པོ་དཀུ་བོ་ཆེ་རྣམས་ཀྱིས་གཆིག་ཤེས་གཆིག་བརླག་སྟེ། འབངས་སུ་བཀུག་ན། མཐའ་མ་འོ་ལྡེ་སྤུ་རྒྱལ་གྱི་དབུ་རྨོག་མ་ཐོབ། ཞེས་མཐའ་མ་འོ་ལྡེ་སྤུ་རྒྱལ་བྱུང་བར་བསྟན་པ་ནི་ད་ལྟ་དངོས་སུ་བཞུགས་པའི་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཡིན་པས། སྤུ་རྒྱལ་ཞེས་པ་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཐོག་མ་དེའི་མིང་ལས་བྱུང་བར་ར་འཕྲོད་དོ།།

3 སྤུ་རྒྱལ་དང་སྤུར་རྒྱལ་ཞེས་པའི་རྗེས་འཇུག་ར་ཡིག་གི་འགྱུར་བ།

སྤུ་དང་སྤུར་གཉིས་ཀྱི་སྐོར་ལ་མི་ལོ་རེ་ཞིག་གི་ཡར་སྔོན་ནས་མཁས་དབང་དོན་འགྲུབ་རྒྱལ་གྱིས་དཔྱད་ཞིབ་ཞིག་གནང་ནས་ཁོང་གི་གསུང་འབུམ་པོད་གསུམ་པའི་ཤོག་གྲངས་བདུན་པར་འཁོད་ཡོད་པ་ནི་འདི་ལྟར་ཏེ། སྤུ་རྒྱལ་དང་སྤུར་རྒྱལ་ཞེས་ཡིག་གཟུགས་མ་འདྲ་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྒྱལ་ཞེས་པའི་ར་མགོ་དག་པར་བཀླགས་པའི་དབང་གིས་སྤུ་ཡི་རྗེས་འཇུག་ལྟ་བུའི་སྒྲ་ཐོན་པར་མངོན་ལ། དཔེ་དེ་ལྟ་བུ་ནི། རྒྱ་མཚོ་ལ་རྒྱམ་ཚོ་དང་། དགའ་རྟགས་ལ་དགར་ཏགས། དགེ་བསྐོས་ལ་དགེབ་བསྐོས་སོགས་ད་ལྟ་ཡུལ་གྲུ་འགའ་ཞིག་གི་སྐད་དུ་ཤོད་མུས་སུ་ཡོད་པས་མཚོན་ལ་ཞེས་གསལ་བཤད་མཛད་ཡོད་པ་དེ་རེད། ད་དུང་ར་ཡིག་གི་རྗེས་འཇུག་དང་། ས་ཡིག་གི་མགོ་ཅན་གཉིས་ཀྱིས་སྟོང་པའི་པུ་ཞེས་པའི་མིང་གཞི་རྐྱང་པ་དེའི་སྐོར་ལ་དཔྱད་ཞིབ་མཛད་མཁན་ཡོད་པ་ད་བར་རང་ཉིད་ཀྱིས་མཐོང་མ་བྱུང་ཡང་སྤུ་རྒྱལ་བཙན་པོ་ཞེས་པའི་མིང་ཟུར་གྱི་སྤུ་ནི་སྤུར་ཞེས་པ་སོགས་དང་དོན་གྱི་ཆ་ནས་བཤད་ན་གཅིག་ཏུ་མཚུངས་པ་ལས་འགྲེལ་བ་དེ་དང་མ་མཐུན་པར་ལོགས་སུ་ཤོད་རྒྱུ་མེད། དེ་ལྟར་བྱུང་བའི་དོན་ནི་གནའ་དུས་ཁ་སྐད་ཡིག་ཐོག་ཏུ་ཕབ་ཚེ་སྔོན་འཇུག་རྗེས་འཇུག་ཞེས་སུམ་རྟགས་དང་བརྡ་སྤྲོད་ཀྱི་འགྲོས་སོགས་ཧ་ལམ་བསྟུན་དགོས་རབས་མེད་པའམ། ཡང་ན་ཡི་གེ་ཀློག་སྟངས་ཀྱི་འགྲོས་དང་བསྟུན་ནས་འབྲི་བའི་ལམ་སྲོལ་ཞིག་བྱུང་བའི་རྐྱེན་གྱིས་དོན་གཅིག་ཏུ་སྟོན་པའི་ཚིག་ཅིག་ཡིན་ཡང་ཡིག་གཟུགས་ཀྱི་ཆ་ནས་རིམ་བཞིན་འགྱུར་བ་ཐེབས་ཏེ་སྤུ་དང་སྤུར་པུ་ཞེས་འབྲི་སྲོལ་དུ་མར་བྱུང་ནས་མུ་མཐུད་དུ་རྒྱུན་བཟུང་བྱས་ནས་ད་བར་ལོ་རྒྱུས་སྨྲ་བ་ཚོས་བཀོལ་སྤྱོད་བྱས་པ་ཞིག་ཡིན་པར་ངེས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-25

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།