ཇོ་བོ་རགས་ཁ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷ་སའི་ཤར་ངོས་སྐུ་འབུམ་ཐང་གྲོང་ཚོའི༌འགྲམ་གྱི་སྐྱིད་ཆུའི་རགས་སྟེང་གི་ཇོ་བོ་རགས་ཁ་ནི་དུས༌རབས་བརྒྱད་པའི་ནང་གཙང་ཆུ་ཤོར་ནས་ལྷ་སར་ཆུ་ཉེན༌ཤིན་ཏུ་ཆེ་བ་བྱུང་སྟབས་ཉང་ཉི་མ་འོད་ཟེར་གྱིས་རགས༌ཐོག་མར་བཟོས་པ་དང༌། དེ་རྗེས་དུས་རབས་བཅུ་གཉིས་པའི་ནང་གུང་ཐང་བླ་མ་ཞང་གི་སློབ་མ་ལྷ་རྗེ་དགེ༌བ་འབུམ་གྱིས་ཆུ་རགས་ལ་ཞིག་གསོ་གནང་བ་མ་ཟད། སྐུ་གཤེགས་རྗེས་སྐུ་གདུང་ཡང་ཆུ་རགས་ཀྱི་འགྲམ་དུ་མཆོད་རྟེན་བཞེངས་པའི་ནང་བཞུགས་པས་སྐུ་འབུམ་ཐང༌མཆོད་རྟེན་ཞེས་གྲགས། ཆུ་རགས་ཀྱི་ཁ་དེར་རྡོ་སྤུངས་ཆེན་པོ་ཞིག་ཡོད་པ་དེར་ཇོ་བོ་རགས་ཁ་ཟེར།
1 རྒྱས་འགྲེལ།

ལྷ་སའི་ཤར་ངོས་སྐུ་འབུམ་ཐང་གྲོང་ཚོའི༌འགྲམ་གྱི་སྐྱིད་ཆུའི་རགས་སྟེང་གི་ཇོ་བོ་རགས་ཁ་ནི་དུས༌རབས་བརྒྱད་པའི་ནང་གཙང་ཆུ་ཤོར་ནས་ལྷ་སར་ཆུ་ཉེན༌ཤིན་ཏུ་ཆེ་བ་བྱུང་སྟབས་ཉང་ཉི་མ་འོད་ཟེར་གྱིས་རགས༌ཐོག་མར་བཟོས་པ་དང༌། དེ་རྗེས་དུས་རབས་བཅུ་གཉིས་པའི་ནང་གུང་ཐང་བླ་མ་ཞང་གི་སློབ་མ་ལྷ་རྗེ་དགེ༌བ་འབུམ་གྱིས་ཆུ་རགས་ལ་ཞིག་གསོ་གནང་བ་མ་ཟད། སྐུ་གཤེགས་རྗེས་སྐུ་གདུང་ཡང་ཆུ་རགས་ཀྱི་འགྲམ་དུ་མཆོད་རྟེན་བཞེངས་པའི་ནང་བཞུགས་པས་སྐུ་འབུམ་ཐང༌མཆོད་རྟེན་ཞེས་གྲགས། ཆུ་རགས་ཀྱི་ཁ་དེར་རྡོ་སྤུངས་ཆེན་པོ་ཞིག་ཡོད་པ་དེར་ཇོ་བོ་རགས་ཁ་ཟེར་ཞིང༌། དེ་ནི་དུས་རབས་བཅུ་དྲུག་པའི་ནང་ལྷ་སར་ཆུ་ཉེན་ཆེན་པོ་བྱུང་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པས་སེར་འབྲས་ཀྱི་གྲྭ་པ་རྣམས་སྐུལ་སློང་གིས་ཆུ་རགས་ཁར་རགས་རྡོ་སྐྱེལ་བའི་སྲོལ་གཏོད། དེ་ནས་བཟུང་ཇོ་བོ་རགས་གསོ་ཞེས་བོད་ཟླ1ཚེས24ཉིན་སྨོན་ལམ་ཆེན་མོར་ཚོགས་བཞུགས་དགེ་འདུན་རྣམས་ནས་རང་མོས་ཀྱིས་བཅོ་ལྔ་མཆོད་པའི་འཚོ་འཛིན་ཁོག་རྡོ་ཉོས་ཏེ་ཇོ་བོ་རགས་རྒྱག་ཏུ་རགས་རྡོ་ཁ་གསོས་སྐྱེལ་བ་དང༌། དགའ་ལྡན་ཁྲི་རིན་པོ་ཆེ་རབ་གནས་སུ་ཕེབས་རྒྱུ་བཅས་དེ་སྐབས་ཐོག་མར་སྲོལ་གཏོད། དེ་ཉིན་རྩེ་གཟིམ་འགག་ནས་སྔོན་ཚུད་བརྡ་གསལ་རྩེ་དྲུང་ལས་ཚན་གཉིས་དང༌། ཤོད་དྲུང་ལས་ཚན་གཉིས། རྩེ་ཤོད་དྲུང་དཀྱུས་དྲུག་རེ་ཆིབས་ཞབས་སུ་ཁྲི་པ་བཞུགས་གནས་སུ་འཛོམས། ཁྲི་པ་བླ་བྲང་ནས་གསོལ་ཇ་བཞེས་འབྲས་བཏང༌། དེ་ནས་སྣེ་ཤན་རྩེ་དྲུང་དང༌། གསོལ་གཟིམ། གཟིམ་འགག སྤོས་འཛིན་བཅས་ཀྱིས་ཆིབས་གྲལ་བསྒྲིགས་ནས་རགས་འགྲམ་དུ་ཕེབས། བཀའ་ཤག་གདན་གཉེར་ནས་དབྱི་མཚོར་ཞལ་ཕྱོགས་པའི་བཞུགས་ཁྲི་དང༌། ཆིབས་ཞབས་ཀྱི་གདན་བཅས་ལ་ཞབས་སོར་འཁོད། བཀའ་ཤག་གསོལ་ཐབ་ཁོངས་ནས་གསོལ་ཇ་བཞེས་འབྲས་ཕེབས། རབ་གནས་དང་ཐུགས་སྨོན་གཟབ་རྒྱས་ཀྱི་མཚམས་སྦྱོར་གནང་སྒོ་ལེགས་གྲུབ་དང་བསྟུན་ཁྲི་པ་བཞུགས་གནས་བར་ཆིབས་གྲལ་གོང་བཞིན་ཕྱིར་ཕེབས་གནང་སྲོལ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-07

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།