བདེ་སྐྱིད་དགོན་ཞི་བསིལ་ཕན་བདེ་གླིང་པཎ་ཆེན་སྣང་བ་མཐའ་ཡས་རྗེས་དྲན་བྱང་ཆུབ་མཆོད་རྟེན་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀུན་གཟིགས་སྣང་བ་མཐའ་ཡས་མཆོག་གི་གཟི་འོད་འབར་བའི་རྨད་བྱུང་གི་མཛད་འཕྲིན་དང་། བྱམས་བརྩེ་དང་ཐུགས་རྗེས་གཞལ་དུ་མེད་པའི་བཀའ་དྲིན་མཚོན་བྱེད་དུ། བོད་འབངས་སྤྱི་དང་ཁྱད་པར་མཚོ་ལྷོའི་བླ་སྤྲུལ་དང་གྲྭ་བཙུན་རྣམས་དང་། གཏོང་ལ་རབ་ཏུ་ཡངས་པའི་སྦྱིན་བདག་ཆེན་པོ། དད་ལྡན་སྐྱེ་བོའི་ཚོགས་ཀྱིས་སྐུའི་བཀོད་པ་བསྡུས་ཀྱང་མཆོད་པའི་རྟེན་དུ་བྱང་ཆུབ་སྙིང་བར་གཤེགས་པའི་དྲན་རྟེན་ཆེན་མོ་འདི་ཆབ་འགག་གསེར་མོ་ལྗོངས་ཀྱི་ཁུངས་སུ་གཏོགས་པའི་བདེ་སྐྱིད་ཐང་དུ་བཞེངས་ཡོད་དོ།།
གཞི་རྩའི་གནས་ཚུལ།

བཞེངས་ལོ།
སྤྱི་ལོ2000ལོར་བཞེངས།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ།
གནས་ཡུལ།
ཆབ་ཆ་གྲོང་རྡལ་གྱི་བདེ་སྐྱིད་ཐང་དུ་ཡོད།
1 ངོ་སྤྲོད།

མཚོ་ལྷོ་ཁུལ་གྱི་མངའ་ཁོངས་སམ་ཆབ་འགག་གསེར་མོ་ལྗོངས་ཀྱི་ཁུངས་སུ་གཏོགས་པའི་གནའ་ནས་བཟུང་ཐང་འདིར་རྩྭ་དང་ཆུ་མེད་པའི་ས་ཡི་བཅུད་ཕུན་སུམ་ཚོགས་པ་མིན་པའི་སྟབས་ཀྱིས་འདིར་མིང་ལ་ཐང་སྲེ་རུལ་ཞེས་འབོད་གྱིན་ཡོད། སྤྱི་ལོ1980ལོའི་ཟླ10བའི་འབྲས་བུའི་དུས་ཚིགས་བཟང་བོ་མངོན་པར་ཤར་བའི་ཚེ་བདེ་ལྡན་ཞིང་གི་མགོན་པོ་པཎ་ཆེན་སྣང་བ་མཐའ་ཡས་ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་རྣམ་པར་གཟིགས་ཤིང་འཁོར་གྱི་ཚོགས་དང་བཅས་པ་ལུགས་གཉིས་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱི་མི་ཁྱབ་པར་གནས་འདིར་ཐོག་མར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། གདུལ་བྱའི་ཚོགས་ལ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཏེ་ལྷ་མིའི་འགྲོ་ཀུན་ཐོག་མར་བདེ་བས་ཚིམ་པར་མཛད་དེ་བདག་ཉིད་ཆེན་པོས་བདེ་སྐྱིད་ཐང་དུ་མཚན་གསོལ་བ་ལ། ཀུན་གྱིས་མངོན་པར་བསྟོད་དོ།། སྐབས་དེར་ཐང་འདི་སྐྱེ་དངོས་ནགས་ཚལ་གྱིས་དབེན་ཞིང་སྣང་བ་མཐའ་ཡས་གཞུགས་ཁྲི་སའི་སྟེགས་བུའི་སྟེང་རྒྱལ་བའི་སྐུ་འབུམ་ཞིག་བཞེངས་ཡོད་པ་དང་། ཁོང་གི་ཞབས་བཅག་པའི་གནས་རྣམས་སུ་རྡོ་དཀར་གྱི་ཕུང་བོ་ཙམ་སྤུངས་པ་ལས་གཞན་ཅི་ཡང་མེད།

དེ་ནས་ལོ་བདུན་གྱི་རྗེས་སུ་ཡང་བསྐྱར་དད་ལྡན་སྐྱེ་འགྲོ་ཀུན་གྱི་བསོད་ནམས་དགེ་བའི་ཚོགས་བསགས་ནས་སྨོན་ལམ་འདུན་པ་ཆེན་པོའི་མདུན་བསུས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱམས་བརྩེ་དང་ཐུགས་ཁུར་འོད་ཀྱི་སྣང་བས་ཡུལ་གྲུ་འདི་ལ་ཀུན་གཟིགས་སྣང་བ་མཐའ་ཡས་རབ་རྒྱན་བགྲང་བྱ་དང་པོ་རབ་བྱུང་ཞེས་པ་མེ་མོ་ཡོས་སྤྱི་ལོ1987ལོའི་ཟླ10བའི་ཚེས12ཉིན་ཞབས་ཀྱི་པདྨོ་ཡང་བསྐྱར་ཞིང་འདིར་བཀོད་ཅིང་། དད་ལྡན་མང་ཚོགས་ཀྱི་དད་གུས་ལྷག་བསམ་རྣམ་དག་གིས་ཡུན་རིང་ལ་སྒུག་པའི་ཀུན་གཟིགས་མཆོག་གི་གསེར་ཞལ་ལ་མཇལ་བའི་སྐལ་བ་ལྡན་བྱུང་། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མཆོག་ཏུ་མངའ་བའི་སྐྱབས་མགོན་མཆོག་གི་བསྟན་པ་དང་འགྲོ་བའི་དོན་དུ་ཐུགས་རྗེས་ཚད་མེད་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་གསུང་གི་བདུད་རྩི་བསིལ་མ་ལན་བརྒྱར་སྤྲོས་པའི་སྡུག་བསྔལ་ཚ་གདུང་གིས་གཟེར་བའི་དད་ལྡན་མང་ཚོགས་རྣམས་ཡིད་ཀྱི་སྡུག་བསྔལ་རིང་དུ་ཞི་ནས་དགའ་བ་དང་སྤྲོ་བ་འབུམ་གྱིས་ཁེངས་ཏེ་ཉིན་གསུམ་ལྷག་གི་རིང་ལ་ཁོང་གིས་སྐུ་ཚེགས་དང་འོ་བརྒྱལ་ལ་མ་འཛེམ་པར་ཁོང་གི་བྱམས་བརྩེ་ཟླ་བའི་འོད་ཟེར་ཕྱོགས་བཅུར་སྤྲོས་ཤིང་སྐལ་བཟང་བུང་བའི་རེ་འདུན་ཡོངས་སུ་བསྐངས་བས་དད་ལྡན་མང་ཚོགས་རྣམས་དད་གུས་དང་ལྷག་བསམ་གྱི་འདུན་པའི་ཁེངས་ཤིང་བསོད་ནམས་ཆེན་པོའི་ས་བོན་བསྐྲུན་པ་ལགས་སོ།།

སྤྱི་ལོ1988ལོའི་ལོ་མཇུག་ལ་ཀུན་གཟིགས་སྣང་བ་མཐའ་ཡས་མཆོག་ནི་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་འཐིམ་ཚུལ་བསྟན་པས་ང་ཚོའི་རྒྱལ་ཁབ་ལ་མཛད་རྗེས་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་ཞིག་དང་མིང་གྲགས་ཅན་གྱི་ཞི་བདེ་ཡི་ལམ་སྣ་ཁྲིད་པའི་དེད་དཔོན་ཆེན་པོ་ཞིག་མེད་པར་གྱུར། ཁྱད་པར་དུ་བོད་མི་དམངས་ཀྱི་ཕ་མ་ལྟ་བུའི་རྒྱལ་གཅེས་ཆོས་དཔོན་ཞིག་མེད་པར་གྱུར་བའི་ང་ཚོའི་ཏང་དང་རྒྱལ་ཁབ་ལ་གྱོང་གུད་ཚབས་ཆེན་ཐེབས་པ་མ་ཟད་བོད་མི་རིགས་སྤྱི་དང་རིགས་སོ་སོའི་མི་དམངས་རྣམས་དང་ཆོས་ལུགས་པ་རྣམས་ལ་གྱོང་གུད་ཚབས་ཆེན་ཐེབས་པ་རེད། དེ་བས་ང་ཚོའི་ཀུན་གཟིགས་སྣང་བ་མཐའ་ཡས་མཆོག་གི་ཐུགས་མོས་རྒྱུན་འཛིན་བྱས་ཏེ། མྱ་ངན་དང་སྐྱོ་གདུང་སྟོབས་ཤུགས་སུ་བསྒྱུར་ནས་ཁོང་གི་རླབས་ཆེ་བའི་མཛད་རྒྱས་དང་འཕྲིན་ལས་ཀྱི་འཕྲོ་སྐྱོང་ཞིང་རྒྱལ་ཁབ་ལ་གཅེས་ཤིང་མེས་པོའི་རླབས་ཆེན་གྱི་དར་ཆ་མཐོན་པོར་སྒྲེང་ཏེ་མཐུན་སྒྲིལ་དང་། ཤེས་ལྡན་འབྱོར་ཕྱུག་དར་རྒྱས། ཞི་བདེ་ཡི་ཆེད་དུ་བརྩོན་ལེན་བྱ་རྒྱུ་དང་གངས་ལྗོངས་གསར་བ་འདི་སྔོན་ཐོན་ཅན་དུ་འགྱུར་རྒྱུ་ནི་ཁོང་གི་ཐུགས་ཀྱི་དགོངས་པ་རླབས་པོ་ཆེ་ཡིན།

པཎ་ཆེན་རིན་པོ་ཆེ་མཆོག་ནི་ང་ཚོ་དང་ཞལ་གྱེས་མོད། འོན་ཀྱང་ཁོང་གི་རླབས་ཆེ་བའི་རྨད་བྱུང་གི་མཛད་འཕྲིན་དང་། མཐའ་ཡས་པའི་སྐུ་དྲིན་ནི་ང་ཚོའི་གསོས་སུ་སྨིན་པས་ཁོང་ཉིད་ང་ཚོའི་སྙིང་དབུས་སུ་འབྲལ་བ་མེད་པར་གཏན་དུ་བཞུགས་ཡོད། ཀུན་གཟིགས་སྣང་བ་མཐའ་ཡས་མཆོག་གི་གཟི་འོད་འབར་བའི་རྨད་བྱུང་གི་མཛད་འཕྲིན་དང་། བྱམས་བརྩེ་དང་ཐུགས་རྗེས་གཞལ་དུ་མེད་པའི་བཀའ་དྲིན་མཚོན་བྱེད་དུ། བོད་འབངས་སྤྱི་དང་ཁྱད་པར་མཚོ་ལྷོའི་བླ་སྤྲུལ་དང་གྲྭ་བཙུན་རྣམས་དང་། གཏོང་ལ་རབ་ཏུ་ཡངས་པའི་སྦྱིན་བདག་ཆེན་པོ། དད་ལྡན་སྐྱེ་བོའི་ཚོགས་ཀྱི་སྐུའི་བཀོད་པ་བསྡུས་ཀྱང་མཆོད་པའི་རྟེན་དུ་བྱང་ཆུབ་སྙིང་བར་གཤེགས་པའི་དྲན་རྟེན་ཆེན་མོ་བཞེངས་པ་ལ་ཁུལ་དང་། རྫོང་རིམ་པས་རྒྱབ་སྐྱོར་དང་མཆོག་ཆེན་གནང་། གང་གི་བྱ་བ་ལས་ཀྱི་འཁོར་ལོའི་གོ་སྐལ་བཟང་བོ་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་གི་ཀྲུའུ་རེན་ངེས་པ་དོན་གྱིས་སྦྱིན་ལ་དགའ་ཞིང་སྙིང་སྟོབས་རྫོགས་པའི་དགེ་སློང་སྦྱིན་པ་རྒྱ་མཚོའམ་མཚན་གཞན་རྒན་ཚེ་བརྟན་མཆོག་ལ་བཞག་ཚེ། ཁོང་གིས་ཀྱང་དགུང་ལོ་བགྲེས་པའི་ངལ་བ་དང་འབྱོར་བ་ཆུང་བའི་དབུལ་བ་ལ་མི་འཇིགས་པར་མི་ཕྱེད་དད་པའི་སྟོབས་ཀྱིས་བཞེས་ཏེ། སྤྱི་ལོ1989ལོར་རྟེན་བཞེངས་ཀྱི་འགོ་འཛིན་མཛད་དེ་བསྒྲུབས་པ་འདི་ལྟར། བཟོ་བོ་མཁས་པའི་ལག་རྩལ་ལས་ཐོན་ཞིང་། བྱང་ཆུབ་ཆེན་པོའི་མཆོད་རྟེན་བརྗིད་ཆགས་ཤིང་གཟི་བྱིན་འབར་བ། དགོང་ལ་བསྙེགས་པ། བཀོད་པ་མཛེས་ལ་ཕུན་སུམ་ཚོགས་པའི་ཡོན་ཏན་ལྡན། རྒྱུ་ཆ་གཙོ་བོ་རྡོ་དང་ཨར་འདམ་སོགས་ཀྱིས་གྲུབ་ཅིང་མཆོད་རྟེན་ཀྱི་སྨད་རྡོ་ཀ་མ་རུ་ཡི་ན་བཟའ་གསོལ་ཡོད། བང་རིམ་དང་ཆོས་བརྩེགས་སོགས་རྣོ་ཤེལ་ལས་གྲུབ་པའི་རིག་གསུམ་མགོན་པོ། སྐྱབས་འགྲོ་སོགས་གཟུངས་སྔགས་ཀྱི་སྐོར་ལཉྫས་བརྒྱན་ཡོད། བུམ་པ་ལ་རྣོ་ཤེལ་ལས་གྲུབ་པའི་དྲ་བ་དྲ་ཤེལ་གྱིས་བརྒྱན་ཡོད། ཉི་ཟླ་གསེར་ཟངས་ལས་གྲུབ་ཅིང་། གཟུངས་གཞུག་ཏུ་སངས་རྒྱས་འོད་སྲུང་གི་རིང་བསྲེལ་ཏེ་མཆོག་གི་ནོར་བུ་བཞུགས། ཁོང་གི་སྐུ་ཕྲེང་ལྔའི་ན་བཟའ་དམ་པ་དང་སྐུ་ཕྲེང་དྲུག་པའི་སྨན་སྐུ་ཁྲི་ཕྱེད་ཅན། རྗེ་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་། ལམ་རིམ་བླ་རྒྱུད་ཀྱི་དཔེ་ཆ་ཚར་ཉིས་བརྒྱ། རྒྱལ་བའི་བཀའ་འགྱུར་རོ་ཅོག་ཚར་གཅིག་དང་། འབུམ་ཁང་བདུན་བཅུ་ལྷག་དང་། གཞན་ཡང་པཎ་ཆེན་སྣང་བ་མཐའ་ཡས་ཀྱི་གདུང་ཚ་ལས་གྲུབ་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྐུ་བཞུགས། པཎ་ཆེན་ཡབ་ཡུན་གཉིས་ཀྱིས་གནང་བའི་ཁོང་གིས་རབ་གནས་མཛད་ཡོད་པའི་སྐུ་དཔར་བཅས་བཞུགས་ཡོད་པ་མ་ཟད། རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཟངས་ཀྱི་གཏེར་བུམ་སོགས་གཏེར་རྫས་གྲངས་མེད་དང་། དེ་མིན་གཟུངས་གཞུག་དང་གཏེར་རྫས་སོགས་གྲངས་ལས་འདས་ཤིང་སྐྱེ་རྒུ་བསོད་ནམས་ཆེན་པོའི་རྟེན་དུ་བཞུགས་ཡོད། མཆོད་རྟེན་གྱི་མཐའ་སྐོར་དང་བྱམས་ཁང་གི་མཐའ་སྐོར་སོགས་སུ་མ་ཎི་ཡིག་བརྒྱ་སེང་གེ་སྒྲ་སོགས་མ་ཎི་དུང་ཕྱུར་བརྒྱ་དང་སུམ་ཅུ་ལྷག་བཞུགས་ཡོད། མ་ཎི་འདི་དག་ཐམས་ཅད་ལ་བསྟན་པའི་སྦྱིན་བདག་ཆེན་པོ་རེ་ཡོད་ཀྱང་ཚིག་ཚོགས་ཆེ་བས་རེ་རེ་ཡི་མིང་འདིར་བཀོད་མེད། རྟེན་གྱི་གཙོ་བོ་ཇོ་ཁང་ནང་དུ་ཇོ་བོ་རིན་པོ་ཆེ་དང་། རྗེ་རིན་པོ་ཆེ། གཙུག་ཏོར་རྣལ་འབྱོར་མ། དཔལ་རྡོ་རྗེ་འཇིགས་བྱེད། རྡོ་རྗེ་སེམས་དཔའ་སོགས་གསེར་ཟངས་ལས་གྲུབ་པའི་ཐུབ་པ་ཆེན་པོའི་སྟོང་སྐུ་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དང་བཀའ་འགྱུར་རོ་ཅོག་ཚར་གཅིག བསྟན་འགྱུར་ཆེན་མོ་སོགས་བཞུགས། བྱམས་ཁང་ནང་དུ་གཏོང་ལ་རབ་ཏུ་ཡངས་པའི་སྦྱིན་བདག་རྒན་ཚེ་བརྟན་དང་རྡོ་རྗེ་གཉིས་ཀྱིས་བཞེངས་པའི་ཤིང་སྐུ་ལས་གྲུབ་པའི་རྗེ་བཙུན་བྱམས་པ་གཙོ་བྱའི་ཡབ་སྲས་གསུམ་དང་ལུང་བསྟན་བྱམས་པ་དང་། སྦྱིན་བདག་ཡེ་ཤེས་ཟླ་བའམ་མིང་གཞན་ཆོས་མཆོག་རྒྱ་མཚོ་ནས་བཞེངས་པའི་རྗེ་དགེ་ལེགས་མའི་སྟོང་སྐུ་དང་རྒྱལ་བོའི་བཀའ་འགྱུར་རོ་ཅོག་ཚར་གཅིག་བཅས་བཞུགས། སྒྲོལ་མའི་ལྷ་ཁང་དུ་སྦྱིན་བདག་ལིའུ་ཁྲུན་མེ་དང་ཚེ་རིང་རྡོ་རྗེ་སོགས་ཀྱིས་བཞེངས་པའི་གསེར་ཟངས་ལས་གྲུབ་པའི་སྒྲོལ་མའི་གཙོ་སྐུ་བྱས་ནས་སྒྲོལ་མའི་སྟོང་སྐུ་བཀའ་འགྱུར་རོ་ཅོག་ཚར་གཅིག(འདི་དག་ལ་བསྟན་པའི་སྦྱིན་བདག་རེ་རེའི་མིང་བྱང་འདིར་བཀོད་མེད)ཡོད། ལྷ་མོའི་གཙང་ཁང་དུ་བསྟན་སྲུང་ཆེན་མོ་དཔལ་ལྡན་ལྷ་མོ་དང་རྣམ་སྲས་དང་དམ་ཆེན་སོགས་བསྟན་སྲུང་སྐོར་བཞུགས། ཐུགས་རྗེ་ཆེན་མོའི་ལྷ་ཁང་དུ་ཤིང་སྐུ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་ཕྱག་སྟོང་སྤྱན་སྟོང་གཙོ་སྐུ་དང་སྣང་བ་མཐའ་ཡས་བཞུགས་ཁྲི་དང་གསེར་ཟངས་ལས་གྲུབ་པའི་སྟོན་པ་གཙོ་འཁོར་གསུམ་དང་ཡབ་སྲས་གསུམ་རྒྱལ་བོའི་བཀའ་རིན་པོ་ཆེ་དང་སྐྱེས་མཆོག་དམ་པ་རྣམས་ཀྱིས་གསུངས་འབུམ་བཞུགས་ཡོད། དེ་མིན་ཡུལ་ལྷའི་ལྷ་ཁང་དུ་ཡུལ་ལྷ་གཙོ་བྱས་ཤམ་པ་ར་མགོ་དང་ཤན་པ་ཙི་ཐུང་སོགས་གཞི་བདག་གི་སྐོར་བཞུགས། གཞན་ཡང་མདུན་དུ་རྗེས་སུ་དྲན་པའི་རྟེན་ནམ་མཆོད་པར་བྱ་བའི་ཡུལ་དུ་བདེ་གཤེགས་མཆོད་རྟེན་བརྒྱད་པོ་རིམ་བཞིན། པདྨ་སྤུངས་པའི་མཆོད་རྟེན། བྱང་ཆུབ་མཆོད་རྟེན། བཀྲ་ཤིས་སྒོ་མང་མཆོད་རྟེན། ཆོ་འཕྲུལ་མཆོད་རྟེན། ལྷ་ལས་བབས་པའི་མཆོད་རྟེན། དབྱེན་སྡུམ་མཆོད་རྟེན། རྣམ་རྒྱལ་མཆོད་རྟེན། མྱང་འདས་མཆོད་རྟེན་བཅས་ཀྱིས་རྣམ་པར་བརྒྱན་ཡོད། དེ་དག་གི་གཟུངས་གཞུག་ཏུ་མན་སྐུ་ལས་གྲུབ་པའི་མི་འཁྲུགས་པ་གླང་ཁྲི་ཅན་གྱི་འབུམ་ཁང་བཅུ་ལྷག་དང་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་འབུམ་ཁང་དང་ཤོག་འབུམ་ཚེ་ལྷ་རྣམ་གསུམ་གྱི་ཤོག་འབུམ་སུམ་བཅུ་ལྷག་དང་སྒོ་རྒྱན་ནང་དུ་ཐུབ་པ་ཆེན་པོའི་སྐུ་དྲུག་དང་འཇམ་དབྱངས་གཉིས་བཅས་སྐུ་བརྒྱད་བཞུགས། གཞན་ཡང་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་ཉི་ཟླའི་ནང་དུ་སངས་རྒྱས་འོད་སྲུང་གི་རིང་བསྲེལ་གཅིག་བཅས་བཞུགས། དེ་མིན་འདབས་ན་རབ་རྒྱན་བགྲང་བྱ་བཅུ་བཞི་པ་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་སྟེ་སྤྱི་ལོ2000ལོར་སྐལ་ལྡན་སྐྱེ་བོ་རྣམས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་མཆོད་རྟེན། ཕྱིའི་བཀོད་པ་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་འབྱུང་བཞིའི་དཀྱིལ་འཁོར་ལྟར་བང་རིམ་དང་རི་རབ་བུམ་པ། བྲེ་དང་ཆོས་འཁོར་ཆར་ཁེབས། ཉི་ཟླ་ཟུང་གིས་རྣམ་པར་བརྒྱན་པའི་བདེ་གཤེགས་སྣང་བ་མཐའ་ཡས་ཀྱི་དྲན་གསོའི་རྟེན་དུ་བཞེངས་པའི་གཟུངས་གཞུག་ཏུ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་མ་ཡུམ་གྱིས་གནང་བའི་སྐུ་ཕྲེང་ལྔ་བ་ནས་དགུ་བའི་བར་གྱི་ན་བཟའ་དང་འཇིགས་བྱེད་ཀྱི་གདུང་ཚའི་སྐུ། ལྷ་ལྡན་རྡོ་རྗེ་ཕོ་བྲང་གི་སྐུ་གཉེར་བས་བསྩལ་བའི་པཎ་ཆེན་སྐུ་ཕྲེང་བཅུ་བའི་གཟིམ་གོས་ཤ་འབྱར་མ་འཁྲུལ་མེད་ཅིག ཇོ་བོ་རིན་པོ་ཆེའི་ན་བཟའ་འཁྲུལ་མེད་ཅིག གོང་ས་སྐྱབས་མགོན་པཎ་ཆེན་སྐུ་ཕྲེང་གོང་མའི་ན་བཟའ་ཇར་བུ་བྱིན་རླབས་ཅན་དང་སྐུ་ཕྲེང་དགུ་བའི་ཕྱག་ཚ་གཤིན་རྗེ་གཤེད་མ་དང་ན་བཟའ། སྐུ་ཕྲེང་བཅུ་བའི་ཕྱག་ཚ་མང་བོ་དང་གདུང་ཚའི་སྐུ་བཅས་བཞུགས་ཡོད་ལ། སྟོན་སྐུ་གཉིས་དང་པཎ་ཆེན་སྐུ་ཕྲེང་དགུ་བའི་འདྲ་སྐུ། བྱང་ཆུབ་ཤིང་གི་ལོ་མ། པཎ་ཆེན་སྐུ་ཕྲེང་ལྔ་བ་ནས་དགུ་བའི་བར་བཀྲ་ཤིས་རྣམ་རྒྱལ་གླིང་གི་གསོལ་སྟོན་མཛད་སྒོའི་སྟེང་དུ་གནང་བའི་ཁ་བཏགས། ལྷ་སའི་བདུག་སྤོས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་པོ་ཏ་ལའི་དབུ་རྩེ་སྒྲུབ་པ་མཛད་སྐབས་ཀྱི་དྲི་སེལ་བདུག་སྤོས་བཅས་འབུལ་ཡོད་པའི་རྟེན་བྱིན་རླབས་ཅན་སྣ་ཚོགས་རྒྱུད་སྡེ་ཀུན་ནས་ཇི་ལྟར་གསུངས་པའི་ཕྱག་ལེན་བཞིན་ཡོངས་སུ་རྫོགས་པར་མཛད་ཡོད། དེའི་ཁ་སྤྲོད་ན་ཀུན་དགའ་ཆེན་མོས་ལན་གཉིས་སུ་བཀའ་ཆོས་གསུང་སའི་གཞིའི་འབུམ་ཁང་སྙིང་བོར་བྱས་ཏེ། འོད་དཔག་མེད་ཀྱི་སྐུ་བཞུགས་པའི་རྣམ་པར་རྒྱལ་བའི་མཆོད་རྟེན་བཞེངས་ཡོད་ལ། རིན་པོ་ཆེ་མཆོག་གི་གསོལ་ཐབ་ཀྱི་ཤུལ་དུ་སྦྱིན་བདག་མཁའ་འགྲོ་ནས་བཞེངས་པའི་རྣམ་རྒྱལ་མཆོད་རྟེན་བཅས་བཞེངས་ཡོད། གཞན་ཕྱི་ལྕགས་རི་ར་བས་བསྐོར་ཞིང་མདུན་ངོས་སུ་སྒོ་ཆེན་ཉིས་ཐོག་གི་ཚུལ་དུ་བཞེངས་ཡོད། དཔལ་དོན་ཡོན་ཞགས་པའི་མདོ་བརྒྱུད་ནས་འདིའི་འོག་ཏུ་ལན་གཅིག་འཛུལ་བ་ལས་སྐལ་བ་སྟོང་ཕྲག་དུ་མའི་སྡིག་སྒྲིབ་དག་གོ་ཞེས་གསུངས་པ་ལྟར་ཉིས་ཐོག་ནང་ན་སེམས་ཅན་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པའི་ཆེད་དུ། འཕགས་མཆོག་ཐུགས་རྗེ་ཆེན་པོ་དོན་ཡོན་ཞགས་པའི་སྨན་སྐུ་དང་རྒྱལ་བོའི་བཀའ་རིན་པོ་ཆེ་དང་གསང་སྔགས་བརྒྱུད་སྡེ་སྐོར་གྱི་ཞལ་ཐང་དུ་མ་ཞིག་ཀྱང་བཞུགས། གཙུག་ངོས་རྣམས་སུ་དྲེལ་དཀར་འཕུར་མ་རླུང་གཤོག་ཅན་ལ་ཞོན་པ། གཡས་སུ་ཤན་པ་ཙི་ཐུང་དང་གཡོན་དུ་ཤམ་པ་ར་མགོ། རྒྱལ་བོ་ཀུན་དགའ་རྒྱལ་མཚན། ཤན་པ་སྟོང་གི་རྒྱལ་བོ་མེ་སྟག་དགྲ་འཇོམས་བཅས་དང་། ཕྱི་ཡི་ཁྱམས་ར་ན་ཨ་མྱེས་བར་བོན་དུང་རི་དཀར་པོ། ཨ་མྱེས་དཔའ་ཐུལ་བཀྲ་ཤིས་ལྷ་རི། བློན་པོ་གསེར་ཆེན་སོགས་སློག་རིས་སུ་བཞེངས། གཞན་ཡང་སྔོན་གྱི་མགོ་གཙོའམ་མཚོ་ལྷོ་ཁུལ་གྱི་ཧྲུའུ་ཅི་དོན་གྲུབ་རྒྱལ་ལགས་གཙོ་བྱས་ཁུལ་དང་རྫོང་སོགས་གོང་རིམ་ལས་བྱེད་པས་ཐུགས་ཁུར་དང་རྒྱ་ཆེ་བའི་མཚོ་ལྷོ་མི་དམངས་ཀྱིས་ཞལ་འདེབས་ཕུལ་བ་དང་སྡོང་འཛུགས་ནགས་སྐྲུན་ཐད་ལ་བྱས་རྗེས་རླབས་པོ་ཆེ་བཞག་ཡོད་པ་ད་ལྟར་མངོན་སུམ་དུ་གྲུབ་ཡོད། མཐའ་ཡས་པའི་རྩྭ་ཆུ་མེད་པའི་ཐང་འདིར་དེང་སྐབས་སྐྱེ་དངོས་ནགས་ཚལ་གྱིས་བརྒྱན་ཅིང་སྐྱེས་རྒུ་བསོད་ནམས་བསགས་པའི་ཞིང་ས་རུ་གྱུར་ཡོད་དོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-26

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།