རྒྱལ་པོའི་ཁབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

(རཱ་ཛ་གྲེ་ཧའམ་ཡང་ན་ར་ཛ་གི་རི)དེ་སྔོན་རྒྱ་གར་དུ་སངས་རྒྱས་ཤཱཀྱ་མུ་ནེ་སྐུ་བཞུགས་སྐབས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕོ་བྲང་ཡོད་སའི་གྲོང་ཁྱེར་གྱི་མིང་།
1 ལོ་ཙཱ།

རྒྱ་ཡིག 王舍城(古印度六大城市之一)

དབྱིན་ཡིག one of the six great cities of lndia.

2 རྒྱས་འགྲེལ།

(རཱ་ཛ་གྲེ་ཧའམ་ཡང་ན་ར་ཛ་གི་རི)དེ་སྔོན་རྒྱ་གར་དུ་སངས་རྒྱས་ཤཱཀྱ་མུ་ནེ་སྐུ་བཞུགས་སྐབས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕོ་བྲང་ཡོད་སའི་གྲོང་ཁྱེར་གྱི་མིང་སྟེ《ཐང་ཟན་ཙང་གི་ལམ་ཡིག》མདོར་བསྡུས་བོད་སྐད་དུ་བསྒྱུར་བ་ལས།  རྒྱ་གར་རྡོ་རྗེ་གདན་ནས་ཤར་ཕྱོགས་སུ་ལེ་དབར་ཉིས་བརྒྱ་དང་དྲུག་ཅུ་ལྷག་ཙམ་ན་ཡོད་པ་དང༌།  སྐབས་དེར་གྲོང་ཁྱེར་གྱི་ཤུལ་ཙམ་ལས་མེད་རུང༌།  ལྕགས་རིའི་མཐའ་བསྐོར་ལ་ལེ་དབར་བརྒྱ་དང་ལྔ་བཅུ་ཙམ།  མཁར་གྲོང་ནང་མའི་མཐའ་བསྐོར་ལ་ལེ་དབར་སུམ་ཅུ་་ཙམ་ཡོད་པར་བཤད།  ས་གནས་དེར་རྒྱལ་པོའི་ཁབ་ཟེར་བའི་རྒྱུ་མཚན་ནི་རྒྱལ་པོ་གཟུགས་ཅན་སྙིང་པོས་རྒྱལ་པོ་བྱེད་སྐབས་ཀྱི་མཁར་གྲོང་སྔོན་མ་དེ་གྲོང་ཁྱེར་ནང་དུ་ཡོད་སྐབས་འབངས་ཀྱི་ཁང་ཁྱིམ་ནས་མེ་ཤོར་བ་རྒྱལ་པོའི་ཕོ་བྲང་དུ་མཆེད་པ་ཐེངས་ཁ་ཤས་བྱུང་བའི་རྐྱེན་བྱས། སུས་ཁྱིམ་ནང་མེ་ཤོར་བ་བྱུང་ན་དེའི་ཁང་ཁྱིམ་ནང་མི་དང་བཅས་པ་དུར་ཁྲོད་ནང་དུ་ཕྱིར་འབུད་བྱེད་དགོས་རྒྱུའི་ཁྲིམས་བཅས།  ཡུན་རིང་མ་སོང་བར་རྒྱལ་པོ་རང་གི་ཁྱིམ་ནས་མེ་ཤོར་བས།  རྒྱལ་པོས་རང་གིས་གཏན་འབེབས་བཟོས་པའི་ཁྲིམས་རང་གིས་བཤིག་མི་རུང་ཟེར་ནས་ཕོ་བྲང་དུར་ཁྲོད་དུ་སྤོས་ནས་བསྡད་པར་རྒྱལ་པོའི་ཁབ་ཟེར་བའི་མིང་ཐོགས།  དེ་རྒྱལ་པོ་གཞན་དག་གིས་ཤེས་ཏེ་གསང་བའི་རྐུན་དམག་བཏང་བའི་གྲོས་བྱས་པ་རྒྱལ་པོས་གོ་ཐོས་བྱུང་བས།  ལྕགས་རི་བསྐོངས་ཏེ་ཁང་ཁྱིམ་མང་པོ་བཏབ་ནས་གྲོང་ཁྱེར་དུ་བསྒྱུར་བ་ཞིག་ཡིན་ཀྱང་མིང་བསྒྱུར་མ་བྱས་པར་སྔོན་མིང་རྙིང་པ་རང་འཇགས་སུ་འཇོག་པ་ཡིན་ཞེས《འདུལ་བའི་གླེང་འབུམ》དུ་གསལ།  རྡོ་རྗེ་གདན་ནས་ཤར་ཕྱོགས་སུ་ཕྱིན་པ་ན་བུདྷ་བ་ན་ཟེར་་བའི་ནགས་ཚལ་དང༌།  གྲུབ་ཐོབ་བ་ལང་སྐྱོང་གི་སྒྲུབ་ཕུག་སོགས་བརྒྱུད་ཉིན་ཞག་གཉིས་གསུམ་ཙམ་ཕྱིན་པ་ན་གྲོང་་ཁྱེར་རྒྱལ་པོའི་ཁབ་ཏུ་སླེབས།  དེ་ནི་ཕྱོགས་བཞིར་རིས་བསྐོར་བའི་ཐང་དེ་ཐམས་ཅད་སྔོན་གྲོང་ཁྱེར་ཆགས་པའི་ཤུལ་ཡིན་ཞིང༌།  རྒྱ་གར་བས་གྲོང་ཁྱེར་དེར་པ་ཧཱ་ར་གྷར་དང༌།  ནང་གི་མཁར་དངོས་ལ་རཱ་ཛ་མ་ཧལ་དང༌།  རྡོ་རྗེ་གདན་དང་རྒྱལ་པོའི་ཁབ་སོགས་ཀྱི་རི་བརྒྱུད་སྤྱི་ལ་ཤྲི་ཎི་པ་དཱ་ཟེར།  གནས་དེར་རྒྱལ་པོ་གཟུགས་ཅན་སྙིང་པོ་དང༌།  སྨན་རྒྱལ་འཚོ་བྱེད་གཞོན་ནུ་བཅས་ཀྱི་ཁང་ཤུལ་དང༌།  མཁར་གྱི་ཕྱི་རོལ་རི་འགྲམ་དུ་བྷར་མའི་ས་ལ་དང་ཉེ་བར་སྔོན་གྱི་རྡོ་མཁར་ཆེན་པོ་ཞིག་ཡོད་པ་དེ་ནི་རྒྱལ་པོའི་ཁབ་གསར་པ་བྱ་བ་རྒྱལ་པོ་མ་སྐྱེས་དགྲ(ཨཛཱ་ཏ་ཤ་ཏྲུ)ཡི་ཕོ་བྲང་གི་ཤུལ་ཡིན།  གྲོང་ཁྱེར་དེ་ནས་ལྷོ་ནུབ་ཏུ་སྔོན་སྟོན་པ་ཞལ་བཞུགས་སྐབས་ཆུ་ཚན་བརྒྱ་རྩ་བརྒྱད་ཡོད་པར་མདོ་སྡེ་ལས་གསུངས་ཀྱང༌།  ཐང་ཟན་ཙང་གནས་དེར་ཕེབས་དུས་ཆུ་ཚན་ཉི་ཤུ་ཙམ་ཡོད་པ་དང༌།  དེང་སང་གསུམ་ཙམ་ལས་མ་ལུས་ཤིང༌།  ཆུ་ཚན་ཡོད་སའི་གནས་དེ་ནི་ཆུ་དྲོན་གྱི་ཀུན་དགའ་ར་བའི་ཤུལ་དང༌།  ཆུ་ཚན་ཡོད་སའི་རི་དེ་ནི་རྒྱལ་པོའི་ཁབ་ཏུ་ཡོད་པའི་རི་ལྔའི་ནང་གི་རི་བོ་ངོས་ཡངས(བི་པྰུ་ལ)བྱ་བ་དེ་ཡིན།  ཉན་ཐོས་ཆེན་པོ་འོད་སྲུང་སོགས་དགྲ་བཅོམ་པ་ལྔ་བརྒྱས་བཀའ་བསྡུ་དང་པོ་མཛད་པའི་གནས་སྡེ་ཅན་མའི་ཕུག་བྱ་བའི་བྲག་ཕུག་དེ་ཡང་ཆུ་ཚན་གྱི་ཐག་ཉེ་སར་ཡོད།  ཆུ་ཚན་གྱི་རི་དེའི་ཐད་ཀའི་བྱང་ངོས་ན་ཡོད་པའི་རི་དེ་ནི་རི་བོ་སྐྱ་སངས་ཟེར་བ་དེ་ཡིན་པ་དང༌།  རི་འདི་གཉིས་ཀྱི་མཚམས་སུ་སྔོན་དུས་གྲོང་ཁྱེར་གྱི་རྒྱལ་སྒོ་ཡོད་པའི་རྩིག་ཤུལ་ཀྱང་མཐོང་རྒྱུ་ཡོད།  ཆུ་ཚན་གྱི་ཐད་ནས་འོངས་པའི་ཆུ་འགྲམ་བྱང་ཕྱོགས་ས་འབུར་མཐོ་བའི་ཕྱོགས་ཤིག་ཡོད་ས་དེ་ནི་འོད་མའི་ཚལ(བི་ལུ་པ་ན)གྱི་ཤུལ་ཡིན་ཞིང༌།  དེར་སྟོན་པ་ལོ་ཤས་བཞུགས།  རྒྱལ་པོའི་ཁབ་ཀྱི་བྱང་གི་སྒོ་དང་ཉེ་བར་བྱ་རྒོད་ཕུང་པོའི་རི་བོ(གྲི་དྷ་ཀུ་ཊི)རྒྱབ་ཡོལ་གྱི་ཚུལ་དུ་ཡོད་ཅིང༌།  རི་དེ་ནི་ངོས་མཐོ་ཞིང་རྩེ་མོ་རྒྱ་ཆེ་ལ་མཐའ་འཁོར་དུ་བྲག་བྱ་སྐྱིབས་ཀྱིས་བསྐོར་བ་རི་རྩེ་ནུབ་ངོས་སུ་ཅུང་ཟད་གཞོལ་བ་ཞིག་ཡོད།  དེ་ནི་སྟོན་པས་ཤེར་ཕྱིན་གསུངས་ས་ཡིན་ཞིང༌།  དེར་གྱོ་མོ་ལས་བཟོས་པའི་ལྡིང་ཁང་གི་ནང་དུ་ཐུབ་པ་ཆོས་འཁོར་མའི་སྐུ་བརྙན་སྟོན་པའི་སྐུ་ཚད་དང་མཉམ་པ།  དེའི་ཤར་དུ་མདོ་སྡེ་པདྨ་དཀར་པོ་གསུངས་སར་སྟོན་པའི་བཞུགས་ཁྲི་རྡོ་ལེབ་ཆེན་པོ་ཞིག་དང༌།  དེ་ནས་ལྷོ་ངོས་སུ་བྲག་བྱ་སྐྱིབས་ཅན་གྱི་འོག་ཏུ་སྟོན་པ་བཞུགས་སའི་རྡོ་ཁང༌།  དེའི་ཕན་ཚུན་དུ་དགྲ་བཅོམ་པ་མང་པོའི་བསམ་གཏན་གྱི་ཁང་པ།  རྡོ་ཁང་དང་ཉེ་བར་རྡོའི་སྟེང་དུ་སྟོན་པའི་སྐུ་ཆོས་བཀྲུས་ནས་ཉི་མར་བསྐམ་པའི་སྐུད་རིས་རྣམས་བརྐོས་པ་ལྟ་བུར་གསལ་བ་ཡོད་ཚུལ《ཐང་ཟན་ཙང་གི་ལམ་ཡིག》ལས་གསལ།  བྱ་རྒོད་ཕུང་པོའི་རི་བོའི་མདུན་གྱི་ཐང་དུ།  མ་ག་དྷ་བཟང་མོའི་རྫིང་བུའི་ཤུལ་ཡོད་ཅིང༌།  དེ་ནས་མར་ལ་འབབ་པའི་ཆུ་དེ་ལ་ཆུ་བོ་དབྱངས་ཅན་མ(ས་ར་སྭ་སྟི)ཞེས་གྲགས།  ཆག་ལོ་ཙཱ་བའི་རྣམ་ཐར་ནང༌།  བྱ་རྒོད་ཕུང་པོའི་རི་བོ་དེ་མཐོན་པོ་མེད།  སྤྱིར་རྒྱ་གར་ན་རི་ཉུང་ཞིང༌།  བྱ་རྒོད་ཕུང་པོའི་རི་བོ་དེ་ནི་བོད་ཀྱི་རི་འབྲིང་པོ་ཙམ་ཞིག་ཡིན་ཞིང༌།  རི་ཟུར་ཡོད་པ།  རྩེ་མོ་ཟླུམ་འཁྱིལ་ལེ་བ།  ཕྱོགས་ཐམས་ཅད་ནགས་ཀྱིས་ཁེངས་པ།  རི་སུལ་ལ་ལ་ནས་ཆུ་འབབ་པ།  ལ་ལ་ན་བྲག་ཡོད་པ།  སྟག་དང་དོམ་དང༌།  དྲེད་སོགས་གཅན་གཟན་མང་པོ་གནས་པས་མི་ཕལ་པ་དེར་འགྲོ་མི་ནུས་པ།  གྲུབ་པ་ཐོབ་པའི་པཎྜི་ཏ་དུག་སྦྲུལ་དང་གཅན་གཟན་གྱིས་མི་ཚུགས་པ་འགའ་རེ་ཙམ་བཞུགས་པ།  དབྱར་དུས་རྩྭ་ཤིང་ཐམས་ཅད་སྐྱེས་པས་རི་མདོག་སྔོན་པོར་སྣང་ཞིང༌།  དགུན་དུས་རྩྭ་དང་འཇག་མ་གང་ཡོད་སྐམ་པས་མདོག་སྐྱ་བོར་སྣང་བ།  བྱ་རིགས་དང་ཤིང་སྣ་མང་པོ་འཛོམས་པ་ཞིག་ཡིན་པར་གསུངས།  དེང་སང་རི་པིན་གྱི་བླ་མ་ཕུ་ཅི་གུ་རུ་ཞུ་བ་ཞིག་གིས་རི་འདིའི་རྩེ་མོར་འཛམ་གླིང་ཞི་བདེའི་མཆོད་རྟེན་ངོ་མཚར་ཅན་ཞིག་དང་གནས་བསྐོར་བ་རྣམས་བགྲོད་བདེ་བའི་ཆེད་དུ་རི་གཤམ་ནས་རི་རྩེ་བར་གློག་འཕྲུལ་གྱི་སྦྲེང་ཟམ་བཙུགས་པས་དད་མཇལ་མཁན་རྣམས་ལ་སྟབས་བདེ་ཡོད།  གྲོང་ཁྱེར་རྒྱལ་པོའི་ཁབ་དང༌།  ཡུལ་ཙམ་པ་གཉིས་ཀྱི་བར་ཤོ་གམ་འཇལ་བའི་ས་ཚིགས་ཡོད་པར་གནས་བརྟན་མེ་སྐྱེས་ཀྱི་ལོ་རྒྱུས་ནང་གསལ།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-06

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།