སི་ཏུ་པདྨ་ཉིན་བྱེད་དབང་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་རྟ་སྟེ་སྤྱི་ལོ1774འཁྲུངས་ནས་རབ་བྱུང་བཅུ་བཞི་པའི་ཤིང་སྟག་སྤྱི་ལོ1854འདས། རྒྱལ་མཆོག་ཀརྨ་པ་བདུད་འདུལ་རྡོ་རྗེས་ངོས་འཛིན་མཛད།འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀོང་སྤྲུལ་བློ་གྲོས་མཐའ་ཡས། མཆོག་གྱུར་བདེ་ཆེན་གླིང་པ་གསུམ་གྱིས་རིས་མེད་བསྟན་པ་སླར་ཡང་གསོ་བའི་ཉི་མ་སྐྱེ་འགྲོའི་མགོན་དུ་ཤར་བའི་མེས་པོ་དམ་པར་བཞུགས།རིས་མེད་ཆོས་བརྒྱུད་ཉམས་དམས་སུ་གྱུར་ཚད་སླར་གསོ་གོང་སྤེལ་ཚགས་ཚུད་ཁོར་མོ་ཡུག་ཏུ་མཛད།རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེའི་སྙན་རྒྱུད་ཀྱི་གདམས་ཟབ་འཛིན་པའི་ཐུགས་སྲས་ཀྱི་མཆོག་ཏུ་གྱུར་ཏེ་ངེས་དོན་སྙིང་པོའི་བསྟན་པ་ཕྱག་ཏུ་གཏད་པས་མ་ཟད།ཕྱིས་རྒྱལ་དབང་བཅུ་བཞི་པ་མཆོག་ལ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་པ་གནང་།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1774-1854)
འཁྲུངས་ཡུལ།
སྡེ་དགེ་ཡིད་ལྷུང་ལྷ་མཚོའི་ཉེ་འགྲམ་སྨར་ཁམས་ཚང་།
གྲུབ་མཐའ།
བཀའ་བརྒྱུད་པ།
བླ་མ།
ཀོང་སྤྲུལ་བློ་གྲོས་མཐའ་ཡས།
1 ངོ་སྤྲོད།

ཁོང་ནི་སྡེ་དགེ་ཡིད་ལྷུང་ལྷ་མཚོའི་ཉེ་འགྲམ་གྱི་འབྲོག་སྡེར་སྨར་ཁམས་ཚང་དུ། བོད་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་རྟ་སྟེ་སྤྱི་ལོ1774ལོར་འཁྲུངས། རྒྱལ་མཆོག་ཀརྨ་པ་བདུད་འདུལ་རྡོ་རྗེས་ངོས་འཛིན་དང་ཆོས་ཀྱི་ཁྲི་འཕང་མཐོན་པོར་དབང་བསྐུར། ཞལ་སློབ་ཐུ་བོ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ངོས་འཛིན་དང་གདན་སར་གསན་སྦྱོང་གིས་བསྐྱངས་པས་མཚོན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀོང་སྤྲུལ་བློ་གྲོས་མཐའ་ཡས། མཆོག་གྱུར་བདེ་ཆེན་གླིང་པ་གསུམ་གྱིས་རིས་མེད་བསྟན་པ་སླར་ཡང་གསོ་བའི་ཉི་མ་སྐྱེ་འགྲོའི་མགོན་དུ་ཤར་བའི་མེས་པོ་དམ་པར་བཞུགས། གདན་ས་དཔལ་སྤུངས་སུ་སྔོན་འགྲོ་ཆོས་བཞི་ནས་བརྩམས་ཡི་དམ་ལྷའི་བསྙེན་ཚད། ཐབས་ལམ་ནཱ་རོ་ཆོས་དྲུག གྲོལ་ལམ་ཕྱག་རྒྱ་ཆེན་པོ་སོགས་ལ་ཉམས་ལེན་ལོ་གསུམ་ཕྱོགས་གསུམ་གྱི་སྲོལ་ཐོག་མར་བཙུག རིས་མེད་ཆོས་བརྒྱུད་ཉམས་དམས་སུ་གྱུར་ཚད་སླར་གསོ་གོང་སྤེལ་ཚགས་ཚུད་ཁོར་མོ་ཡུག་ཏུ་མཛད། དཔལ་སྤུངས་སྤར་ཁང་དམ་ཆོས་བང་མཛོད་གསར་བཞེངས་ཀྱིས་གསུང་རབ་མང་དུ་བསྐྲུན། གསར་རྙིང་རྒྱུད་སྡེ་རྒྱ་མཚོ་ཉམས་སུ་བཞེས་ཚུལ་ལག་དེབ་མང་པོ་བསྐྲུན་ཏེ་དེང་གི་བར་དུ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཆོས་སྡེ་ཆེ་ཕྲ་ཕལ་མོ་ཆེའི་ཁུངས་བཅོལ་གྱི་གནས་སུ་གྱུར་པ་མཐའ་ཡས། རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེའི་སྙན་རྒྱུད་ཀྱི་གདམས་ཟབ་འཛིན་པའི་ཐུགས་སྲས་ཀྱི་མཆོག་ཏུ་གྱུར་ཏེ་ངེས་དོན་སྙིང་པོའི་བསྟན་པ་ཕྱག་ཏུ་གཏད་པས་མ་ཟད། རྒྱལ་དབང་ཉིད་དགོངས་པ་གཞན་དོན་དུ་གཤེགས་ཁར། འདའ་ཁའི་ཞལ་ཆེམས་ཀྱང་རྗེ་ཉིད་ལ་གཏད་རྒྱ་མཛད། ཕྱིས་རྒྱལ་དབང་བཅུ་བཞི་པ་མཆོག་ལ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་པ་དང་། སྔགས་གསར་རྙིང་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་བསྩལ། མཚུར་མདོ་བོ་ལུང་གི་གདན་སར་རྗེ་ཉིད་དང་། འབྲུག་ཆེན་ཆོས་ཀྱི་སྣང་བ་རྣམ་གཉིས་ཀྱིས་མཁན་སློབ་མཛད་དེ་རྒྱལ་དབང་མཆོག་ལ་ཡོངས་རྫོགས་དགེ་སློང་གི་སྡོམ་པ་གནང་བ་སོགས་དགོངས་པ་ཡོངས་སུ་བསྐངས། དགུང་གྲངས་བརྒྱད་ཅུ་ཕེབས་པར། སྤྱི་ལོ1854ལོ་དང་རབ་བྱུང་བཅུ་བཞི་པའི་ཤིང་སྟག་ཟླ་བ་ལྔ་པའི་ཚེས་བདུན་ཉིན་ངོ་མཚར་བའི་ལྟས་དང་བཅས། དཔལ་སྤུངས་སྒྲུབ་སྡེ་བསམ་གཏན་ཆོས་གླིང་གི་གཟིམ་སྤྱིལ་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །

2 གསུང་རྩོམ།

ཞྭ་ནག་རྟོགས་བརྗོད། དབང་བསྐུར་གྱི་དགེ་བསྐུལ། ཚེ་རིང་མའི་གཡང་སྐྱབས། ལག་དེབ་ཟིན་བྲིས་རིགས་མང་པོ་ཞིག་བཀའ་འབུམ་ཕྱོགས་བསྒྲིགས་ཀྱི་ནང་དུ་མ་འཁོད། སྒྲུབ་དཀྱིལ་དང་ཆོག་བསྒྲིགས། དབང་ཆོག་མཚམས་སྦྱོར་དང་བཅས་པ། ཞལ་གདམས་གསོལ་འདེབས། མཆོད་ཆོག སྨོན་ལམ། ཟིན་བྲིས། ཨོ་རྒྱན་རྗེ་འབངས་ཉེར་ལྔའི་སྒྲུབ་ཐབས་སོགས་ཉེར་མཁོའི་རིགས་དཔལ་སྤུངས་སྤར་མ་ལྟར་ན་གསུང་འབུམ་པོད་གསུམ་ད་ལྟ་བཞུགས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-06

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།