མགར་སྤྲུལ་དཀོན་མཆོག་བསྟན་འཛིན་ཐུབ་བསྟན་ཕུན་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མགར་སྤྲུལ་དཀོན་མཆོག་བསྟན་འཛིན་ཐུབ་བསྟན་ཕུན་ཚོགས་ནི་ཡབ་སྨུག་པོ་གདོང་གི་རྒྱལ་རྒྱུད་རབ་ཤིས་དཔོན་ཁྲ་འཇིགས་དང་ཡུམ་ལབ་བཟའ་ཀུན་བཟང་གི་སྲས་སུ་ས་གླང་སྤྱི་ལོ1949ལོར་སྐུ་འཁྲུངས། འབྲི་གུང་སྐྱབས་མགོན་དང་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་རྣམ་གཉིས་དགོངས་པ་གཅིག་མཐུན་གྱིས་སྒྱུ་འཕྲུལ་བདེ་ཆེན་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་མཛད། དེ་ནས་ཡི་གེ་འབྲི་ཀློག་དང་དགོན་འདིའི་ཆོ་ག་ཆོས་སྤྱོད་གསན་བསམ་མཛད་ཅིང་། བླ་མ་གོང་མའི་ཕྱག་རྒྱུན་བཞིན་བདེ་མཆོག་དང་མགོན་པོ། གཤིན་རྗེའི་གཤེད། མ་ཎི་བུམ་སྒྲུབ་དབང་བཀའ་རྣམས་ཆོས་སྒོ་བ་དཀོན་མཆོག་བསྟན་འཛིན་ཐུབ་བསྟན་དབང་པོའི་མདུན་ནས་རྫོགས་པར་ཞུས།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1949-?)
ཡབ།
དཔོན་ཁྲ་འཇིགས།
ཡུམ།
ལབ་བཟའ་ཀུན་བཟང་།
1 ​ངོ་སྤྲོད།

མགར་སྤྲུལ་དཀོན་མཆོག་བསྟན་འཛིན་ཐུབ་བསྟན་ཕུན་ཚོགས་ནི་ཡབ་སྨུག་པོ་གདོང་གི་རྒྱལ་རྒྱུད་རབ་ཤིས་དཔོན་ཁྲ་འཇིགས་དང་ཡུམ་ལབ་བཟའ་ཀུན་བཟང་གི་སྲས་སུ་ས་གླང་སྤྱི་ལོ1949ལོར་སྐུ་འཁྲུངས། འབྲི་གུང་སྐྱབས་མགོན་དང་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་རྣམ་གཉིས་དགོངས་པ་གཅིག་མཐུན་གྱིས་སྒྱུ་འཕྲུལ་བདེ་ཆེན་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་། མཚན་ལ་དཀོན་མཆོག་བསྟན་འཛིན་ཐུབ་བསྟན་ཕུན་ཚོགས་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་ལྔ་ཡི་ཐོག་རང་དགོན་དུ་ཆིབས་ཞལ་བསྒྱུར་ཏེ་ཞབས་ཟུང་མི་འཇིགས་གདོང་ལྔའི་ཁྲི་འཕང་མཐོན་པོར་བཀོད། དེ་ནས་ཡི་གེ་འབྲི་ཀློག་དང་དགོན་འདིའི་ཆོ་ག་ཆོས་སྤྱོད་གསན་བསམ་མཛད་ཅིང་། བླ་མ་གོང་མའི་ཕྱག་རྒྱུན་བཞིན་བདེ་མཆོག་དང་མགོན་པོ། གཤིན་རྗེའི་གཤེད། མ་ཎི་བུམ་སྒྲུབ་དབང་བཀའ་རྣམས་ཆོས་སྒོ་བ་དཀོན་མཆོག་བསྟན་འཛིན་ཐུབ་བསྟན་དབང་པོའི་མདུན་ནས་རྫོགས་པར་ཞུས། དུས་ཟིང་སྐབས་ཉེན་གཡོལ་དུ་ལྷ་སར་ཕེབས་ཏེ། འབྲི་གུང་དུ་ལོ་བཅུ་ཕྲག་གཉིས་ལ་ཉེ་བར་བཞུགས། མེ་སྦྲུལ་སྤྱི་ལོ1977ལོར་ཁོང་གི་སྐུ་ཞང་བསོད་ནམས་རྩེ་མོའམ་རྗེ་བཙུན་དམ་པ་འཇམ་དབྱངས་བློ་གྲོས་རིན་ཆེན་མཆོག་གིས་ལྷ་ས་ནས་སྐྱེ་མདོར་གདན་དྲངས་པའི་གཏམ་ཐོས་འཕྲལ་རང་ཡུལ་རྒན་པོ་རྣམས་གདན་འདྲེན་དུ་ཕྱིན། དེ་རྗེས་བླ་བྲང་དང་དགོན་པ་བཞེངས་རྒྱུར་སྟ་གོན་བྱས། ས་ལུག་ལོར་གྲུབ་དབང་ཀརྨ་ནོར་བུར་མཇལ་དུ་ཕྱིན། ཆོས་དྲུག་དང་ཕྱག་ཆེན་གྱི་ཁྲིད་གནང་བས་གཉུག་མ་ལྷན་ཅིག་སྐྱེས་པའི་རིག་པ་ངོ་འཕྲོད། དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་ཉམས་ལེན་གནད་དུ་བསྣུན། སྔགས་དང་ནུས་པས་སྐྱེ་བོ་མང་པོ་ནད་གདོན་གྱིས་གཟིར་བ་ལས་ཐར་བར་མཛད། རྟེན་སྔགས་འཆང་ཡིན། གསང་ཆེན་རྡོ་རྗེ་ཐེག་པའི་རིམ་གཉིས་ཀྱི་རྟོགས་པ་ཐུགས་རྒྱུད་ལ་འབྱོངས་པས། སྤངས་རྟོགས་ཀྱི་ཡོན་ཏན་ཐུན་མོང་མིན་པ་མངའ་བ་དང་། སྣང་བ་ཐམས་ཅད་ལྷ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་གཟིགས། འདོད་ཡོན་གྱི་ཡུལ་རྣམས་ཞེན་མེད་དུ་སྤྱོད་པས། ཐ་མལ་ལྟ་བུའི་འདོད་ཆགས་མེད། ། དེ་བས་སངས་རྒྱས་རྣམས་ལ་འབུལ། ། ཞེས་དང་། འདི་ལ་མི་བྱ་ཅི་ཡང་མེད། ། ཅེས་སོགས་གསུངས་པ་ལྟར། རྡོ་རྗེ་ཐེག་པའི་དམ་ཚིག་གི་རྫས་སུ་རོལ་བས་མི་འཆིང་བ་མ་ཟད། བུད་ཤིང་ཇི་ཙམ་བསྣན་བཞིན་མེ་ཆེར་འབར་བ་ལྟར་རྟོགས་པའི་བོགས་འདོན་དུ་འགྱུར་བ་ཁོ་ན་ཡིན་ནོ། ། ས་ཁུག་ལམ་ཀྱོག་ཡིན་ཡང་རྟེན་དང་བརྟེན་པའི་གཙུག་ལག་ཁང་རྣམས་བཞེངས་གྲུབ་པ་དང་། རྒྱུན་པར་གྲྭ་བ་རྣམས་ལ་ཞལ་ཏ་དང་བསླབ་བྱ་དང་སྡེ་མི་སེར་ཀུན་ལ་ཆོས་དང་མཐུན་པའི་བསླབ་བྱ་གང་མང་གསུངས། ནད་པ་ཐུ་ཚབས་ཆེ་བ་རྣམས་སྐྱེ་མདོར་ཁྲིད་ནས་ཟས་གོས་གནས་མལ་སོགས་བཀའ་དྲིན་སྐྱོང་། སྡེ་དགོན་སྤྱི་ལ་གཟིགས་སྐྱོང་ཚད་མེད་མཛད། ཆོས་རྗེ་སྐྱོབ་པའི་གསེར་སྐུ་ཞལ་གྲགས་མ་བྱིས་པ་ལོ་ལྔ་ཚད་ཙམ་འབྲི་མཐིལ་ནས་ཀརྨ་ལྷ་རྒྱལ་གྱིས་བཙོང་པ་ཉོ་གནང་མཛད་པ་གཅིག ཤཱཀྱ་ཐུབ་པའི་སྐུ་རྒྱ་གར་ཤར་ལི་མཛུབ་ཚད་ལྷག་ཡོད་པ་གཅིག ཡང་ལི་མ་འཛུབ་ཚད་ཅན་སྤུས་ལེགས་གཉིས། སོ་ལྔ་ཅན་གཅིག སོ་བཞི་ཅན་གཅིག གསེར་སྐུ་ཆེ་ཆུང་གཉིས། མཁར་སྐུ་ཆེ་ཆུང་གཉིས། རྣམ་སྣང་ལི་མ་གཅིག པདྨའི་རྒྱལ་མཚན་སྐུ་ལི་མ་གཅིག མི་ལའི་མཁར་སྐུ་གཅིག གྲུབ་ཆེན་ཐང་རྒྱལ་གསེར་སྐུ་གཅིག གནམ་ལྕགས་སྐུ་གཉིས། མཁར་སྐུ་གུ་རུ་མཚན་བརྒྱད་རྣམ་རྒྱལ་མཆོད་རྟེན་གཉིས། པདྨ་སཾ་བྷ་ཝ་གསེར་སྐུ་གཅིག ཕྱག་རྡོ་གསེར་སྐུ་གཅིག མཁར་སྐུ་ཨོ་རྒྱན་ཆེ་ཆུང་བཞི། ཚེ་དཔག་མེད་གསེར་སྐུ་གཅིག དབྱངས་ཅན་ཤིང་སྐུ་གཅིག བཀའ་བརྒྱད་བསྙེན་ཕུར་གནམ་ལྕགས་ལས་གྲུབ་པ་ཁྲུ་ཚད་ལྷག་བྱིན་ཅན་ངོ་མཚར་འབར་བ། འབྲི་གུང་ནས་དཀོན་མཆོག་བཟོད་པས་བཙོང་པ་ཉོ་གནང་མཛད་པ་གཅིག སྦུག་ཆལ་འཛམ་གླིང་ཟིལ་གནོན། ཧོར་སྦུག རྡོ་སྦུག རོལ་མོ་དམར་ཆུང་། སིལ་སྙན་མ་ཎི་ཆུང་བ། གསེར་དངུལ་བཀྲ་མའི་ལྗགས་གླིང་། དངུལ་གྱི་ལྗགས་གླིང་། སྟུང་གི་དུང་ཆེན་ཆ་གཅིག་བཅས་ཉོ་གནང་མཛད་ཅིང་བཞག་པ་མ་ཚད། སྔར་མགར་སྤྲུལ་རིན་པོ་ཆེ་ཉིད་འདིར་ཕེབས་སྐབས་ཡུལ་མི་རྣམས་ཀྱིས་ཕུལ་བའི་གསེར་སྐུ་དང་ལི་སྐུ་རྣམས་དགོན་པའི་ལས་སྣེ་དབུ་མཛད་དང་། ཡུལ་གྱི་སྡེ་དཔོན་མང་ཚོགས་ཀུན་འདུས་ས་ནས་ཁྱིམ་ཚང་རེ་རེ་བཞིན་བཞག་པ་ཚུར་དགོན་པ་རྩིས་སྤྲོད་མཛད་ཅིང་སྐྱེ་མདོར་ཕེབས། དེ་རྗེས་རྒྱ་གར་ཕེབས་ནས་རི་མགོ་ཆོས་སྒོ་སྤྲུལ་སྐུ་ཞལ་འཇལ་གྱི་བླ་སྐུ་རྣམ་གཉིས་ལྷན་འཛོམས་མཛད། སྤྱི་ལོ2005ལོར་རི་མགོ་མཆོག་སྤྲུལ་པདྨ་བསྟན་འཛིན་འཕྲིན་ལས་མཆོག་རང་ཡུལ་ཕེབས་པར་མགར་སྤྲུལ་རིན་པོ་ཆེ་ཟི་ལིང་གནམ་ཐང་ནས་བསུ་བ་རྒྱ་ཆེན་པོ་མཛད་ཅིང་། སྐུ་ངལ་དང་དཔལ་འབྱོར་གང་ལ་མ་འཛེམ་པ་ཁོང་ག་ཕེབས་བྱོན་ཞིང་། ཐུགས་ཁུར་ཆེ་བཞེས་ཀྱི་འཕྲོད་བསྟེན་དང་བསླབ་བྱ་གང་ཐད། ཕ་མས་བུ་ལ་བརྩེ་གཟིགས་གནང་བ་ནང་བཞིན་མཛད་ནས། རང་དགོན་དུ་བླ་སྐུ་མཁན་སློབ་རྣམ་གཉིས་ལྷན་འཛོམས་དགའ་སྐྱིད་ཀྱི་ཉི་མ་འཆར་བ་མཛད་དེ། སྐྱ་སེར་རྒན་གཞོན་ཐམས་ཅད་ཀྱི་ཞེ་ཕུགས་ཀྱི་རེ་འདོད་དུས་གཅིག་འགྲུབ་པར་མཛད་པ་ནི་བཀའ་དྲིན་བླ་ལྷག་ཆེ་བར་བསམ་མོ། ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-28

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།