བོན་བརྒྱ་བོན་པའི་སྤྱི་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་བ་འདི་ནི་རིག་འཛིན་དྲན་པ་ནམ་མཁའི་སྤྲུལ་བ་ཤ་རྒྱའི་བོན་པོ་གཡུང་ཀློང་རིན་ཆེན་ལ་ཡེ་ཤེས་དཔལ་མོས་ལུང་བསྟན་པ་ལྟར། བྱང་ཨག་ཏ་རོང་གི་སྟོད། འཕྲང་ཡར་ནང་འབལ་ཚེ་ཆུ་ཁར་གཞི་བཟུང་། ཉག་ཀའི་རྒྱལ་མོ་བྱམས་ཡུམ་དུ་བཞེས་ཏེ་གདུང་རྒྱུད་སྤེལ་ནས་སྐུ་ཚེ་སྨད་དུ་བོན་པོ་བཅུ་གསུམ་གྱིས་བསྒྲུབ་སྡེ་བཙུགས་པ་ནས་དར་བ་ཡིན་པས། དེར་བསམ་བློ་རེ་བཏང་ན་གཡུང་ཀློང་རིན་ཆེན་ནི་ངོ་སྤྱི་ཁྱུང་གསུམ་གྱི་སློབ་མ་ཡིན་པར་གྲགས་ཤིང་། དེར་བསམ་ན་ངོ་སྤྱི་ཁྱུང་གསུམ་ནི་རྒྱལ་བོ་གླང་དར་གྱིས་བསྟན་པ་བསྣུབས་དུས་མདོ་སྨད་ཀྱི་ཕྱོགས་སུ་བྱོན་པ་ཡིན་པས་བོན་པོ་སྤྱི་བར་ལོ་ངོ་ཆིག་ལོ་ངོ་ཆིག་སྟོང་ཉིས་བརྒྱའི་ལོ་རྒྱུས་ཀྱི་དུས་ཡུན་རིང་བོ་ཡོད་པས་བོན་བརྒྱའི་སྤྱི་བ་གསུམ་ལས་སྤྱི་བ་སྔ་ཤོས་ཡིན།
གཞི་རྩའི་གནས་ཚུལ།

སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་མང་རྫོང་སུམ་མདོ་ཡུལ་ཚོ།
གནས་ཡུལ།
སུམ་མདོ་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཡོད།
1 ངོ་སྤྲོད།

སྤྱི་བ་འདི་ནི་རིག་འཛིན་དྲན་པ་ནམ་མཁའི་སྤྲུལ་བ་ཤ་རྒྱའི་བོན་པོ་གཡུང་ཀློང་རིན་ཆེན་ལ་ཡེ་ཤེས་དཔལ་མོས་ལུང་བསྟན་པ་ལྟར། བྱང་ཨག་ཏ་རོང་གི་སྟོད། འཕྲང་ཡར་ནང་འབལ་ཚེ་ཆུ་ཁར་གཞི་བཟུང་། ཉག་ཀའི་རྒྱལ་མོ་བྱམས་ཡུམ་དུ་བཞེས་ཏེ་གདུང་རྒྱུད་སྤེལ་ནས་སྐུ་ཚེ་སྨད་དུ་བོན་པོ་བཅུ་གསུམ་གྱིས་བསྒྲུབ་སྡེ་བཙུགས་པ་ནས་དར་བ་ཡིན་པས། དེར་བསམ་བློ་རེ་བཏང་ན་གཡུང་ཀློང་རིན་ཆེན་ནི་ངོ་སྤྱི་ཁྱུང་གསུམ་གྱི་སློབ་མ་ཡིན་པར་གྲགས་ཤིང་། དེར་བསམ་ན་ངོ་སྤྱི་ཁྱུང་གསུམ་ནི་རྒྱལ་བོ་གླང་དར་གྱིས་བསྟན་པ་བསྣུབས་དུས་མདོ་སྨད་ཀྱི་ཕྱོགས་སུ་བྱོན་པ་ཡིན་པས་བོན་པོ་སྤྱི་བར་ལོ་ངོ་ཆིག་ལོ་ངོ་ཆིག་སྟོང་ཉིས་བརྒྱའི་ལོ་རྒྱུས་ཀྱི་དུས་ཡུན་རིང་བོ་ཡོད་པས་བོན་བརྒྱའི་སྤྱི་བ་གསུམ་ལས་སྤྱི་བ་སྔ་ཤོས་ཡིན། དེ་མིན་བོན་བརྒྱར་བླ་མ་དམ་པའི་སྐུ་ཡི་པདྨོ་མངོན་པར་བཞད་ཚུལ་ནི། རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱི་སྤྲུལ་བའི་སྐུ་སོ་ནག་བོན་ཕྲུག་འཁྲུངས་ཤིང་། གྲུབ་ཐུབ་འདི་ཡིས་འདྲེ་སྲིན་དགྲ་བགེགས་མ་རུང་བ་རྣམས་འགུགས་སྒྲོལ་མཛད། དེ་ནས་རབ་བྱུང་བཅུ་བཞི་བའི་ནང་ཐུན་མོང་དུ་བོན་པོ་མཁར་རྩེར་འབོད་པ་སྐུ་འཁྲུངས་ཤིང་། ཆུང་དུས་ཀྱི་མཚན་ལ་ལྷ་འབུམ་རྒྱལ་ཟེར། དགུང་ལོ་བདུན་གྱི་ཐོག་འཚོ་བྱེད་གཞོན་ནུའི་སྤྲུལ་བ་ཁུ་བོ་དཔལ་མཁར་རྒྱལ་གྱི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་ཐ་སྙད་རིག་གནས་ཀུན་ལ་སྦྱངས་པར་ཁོང་ཐུགས་རིག་བཀྲ་ཞིང་མཁྱེན་དཔྱོད་ཀྱི་རྩལ་ཆེ་ལ་དཀའ་སྤྱད་སྡུག་བསྲན་ཕོད་པ་ཞིག་ཡིན་པས་ཕྱི་ནང་རིག་པའི་གནས་ཀུན་ཐོགས་མེད་དུ་མཁྱེན། དེ་ནས་རྩེ་ཞིག་བླ་མ་གཡུང་དྲུང་བསྟན་རྒྱས་སོགས་ཀྱི་ཞབས་པད་གཙུག་ཏུ་བཀུར་བར་བརྩེ་བས་རྗེས་སུ་བཟུང་སྟེ་ཐུན་མོང་དང་ཐུན་མིན་གྱི་གདམས་པ་མང་དུ་ཐོབ་ལ། ཁོང་རིན་པོ་ཆེ་དགུང་ལོ་ཉེར་བརྒྱད་ལ་སོན་དུས་འབྲུམ་ནད་ཅེས་སེམས་ཅན་སྐྱེ་འགྲོའི་སྲོག་ལ་འཚེ་བ་རིམས་ནད་ཀྱི་འཇིགས་པ་ཆེན་པོ་ཞིག་ཡོད་པར་དམིགས་ཏེ་བུ་སློབ་དུ་མའི་འཁོར་ཚོགས་དང་བཅས་མང་འབའ་རྩེ་གསུམ་གཙོས་རྨ་ཕ་རི་ཚུར་རི་སོགས་རོང་འབྲོག་ཡུལ་སྡེ་སོ་སོར་ཕེབས་ནས་འབྲུམ་ནད་འགོག་སྲུང་ལ་འབད་པས་བོན་བརྒྱའི་སྨན་ལྷ་ཞེས་པའི་སྙན་གྲགས་ཀྱི་བ་དན་དཀར་པོ་དགུང་དུ་བསྐྱོད་ལ། རྗེས་བཞག་གསུང་རྩོམ་གྱི་སྐོར་ལ་བློ་འཛིན་བདེ་བའི་དག་ཡིག་ཉུང་གསལ་རྩ་རྒྱུད་འགྲེལ་བ་ཨུ་དམ་ཝ་རའི་རྒྱན་ཚེ་དབང་ཕྱག་བཞེས་མུ་ཏིག་ཕྲེང་བ་སོགས་ཆོ་གའི་ཕྱག་ལེན་དང་ཟིན་བྲིས། བསྟོད་ཚོགས། ལྟ་མགུར་བཅས་སྡེ་ཚན་སུམ་ཅུ་རྩ་གྲངས་པོད་གསུམ་ལོངས་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་རྗེས་འཇུག་སྐལ་ལྡན་རྣམས་ལ་དད་པའི་རྟེན་དུ་བཞུགས་ཤིང་། རྗེས་འཇུག་བུ་སློབ་ཀྱང་བསྟན་འགྲོའི་དོན་ནུས་པ་མང་པོ་བྱུང་བ་ལས་ཁྱད་པར་དུ་འཕགས་པའི་མཁས་གྲུབ་ཆེན་པོ་གཡུང་དྲུང་ཕུན་ཚོགས་མཆོག་ནི་ཡབ་བསོད་ནམས་ཚེ་རིང་དང་ཡུམ་ཐར་རེ་གཉིས་ཀྱི་སྲས་སུ་ཤིང་ཕོ་ཁྱིའི་ལོར་ཡ་མཚར་བའི་ལྟོས་བཟང་དུ་མ་དང་བཅས་སྐུ་བལྟམས་ཤིང་། དགུང་ལོ་བཞིའི་སྟེང་རྗེ་རིན་པོ་ཆེའི་གསོལ་འདེབས་བདེ་ཆེན་རྒྱལ་བོ་ཚིག་བཞི་དང་མ་ཏྲི་མུ་ཡེ་རྣམས་རང་རྡོལ་དུ་མཁྱེན་ཏེ་དབྱངས་ལ་བཅུག་ནས་བཏོན་པས་ཐམས་ཅད་ཡ་མཚན་སྐྱེས། རྗེས་སུ་རབ་བྱུང་བཅོ་ལྔ་བའི་ནང་བོན་བརྒྱ་དགོན་གྱི་དོན་གཉིས་ལྷ་ཁང་བཞེངས་གྲུབ་མཛད་དེ་སྐུ་ཚེ་གང་བོར་སྡིག་པའི་ལས་འགོ་ནད་ལྟར་སྤངས་ནས་ཚོགས་བསགས་དང་བསྙེན་བསྒྲུབ་གཡུང་དྲུང་སེམས་དཔའི་སྤྱོད་པ་དང་བསླབ་བྱ་མིག་འབྲས་བཞིན་དུ་བསྲུང་། བླ་མ་རིན་པོ་ཆེ་འདིའི་ཐུགས་སྲས་དམ་པ་ནི་བྱང་སྟོན་ནམ་མཁའ་རྒྱལ་མཚན་མཆོག་ཡིན་ལ། ཁོང་ནི་ཕྱི་ནང་རིག་གཞུང་ཀུན་ལ་མངའ་བརྙེས་ཤིང་རྟོགས་པ་ནམ་མཁའ་དང་མཉམ་པའི་མཛད་འཕྲིན་རླབས་པོ་ཆེ་ཧ་ཅང་མང་། འདི་ནས་གསལ་བོར་ཤེས་རྒྱུ་ཞིག་ནི་བླ་རྒྱུད་ཡིན་ཏེ། དེ་ནི་སྤྱི་སྤུངས་བརྒྱུད་པ་ལྟར་གོང་མ་ཆེ་དྲུག་གདུང་བརྒྱུད་བཅུ་གསུམ། མཁས་པ་མི་བཞི། ལོ་པཎ་གཤེན་བརྒྱུད། དེ་ནས་ཁོད་སྤུངས་དྲན་པ་ནམ་མཁའི་བར་དུ་བརྒྱུད་ལ། ཁོང་སྤུངས་ནས་གཏེར་སྟོན་བརྒྱུད་པའི་བླ་མ་གཤེན་གྱེར་རྨ་དབྱིལ་སོགས་ནས་རྒྱལ་བ་སྨན་རི་བར་བརྒྱུད། རྒྱལ་བ་སྨན་རིའི་མཁན་བརྒྱུད་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་དང་རྩེ་ཞིག་གཡུང་དྲུང་བསྟན་རྒྱས་རྣམ་གཉིས་ནས་བོན་བརྒྱ་རང་ཤར་རིག་གྲོལ་རྩལ། གཡུང་དྲུང་ཕུན་ཚོགས། ནམ་མཁའ་རྒྱལ་མཚན། དེ་ནས་བདག་ཅག་གི་རྩ་བའི་བླ་མའི་བར་དུ་བརྒྱུད་དེ་བཤད་སྒྲུབ་ཀྱི་བོན་འཁོར་བསྐོར་བའི་སྲོལ་མ་ཉམས་པར་མཆིས་ལ། དེ་མིན་བོན་སྔགས་ནུས་མཐུ་ཅན་ཡང་མང་པོ་བྱུང་ཡང་འདི་དག་གི་ལོ་རྒྱུས་ཡིག་ཚོགས་དབང་གིས་མ་བྲིས་པའོ།། བྱང་སྟོན་རིན་པོ་ཆེ་དང་དུས་མཉམ་དུ་ཨ་ལགས་དཔོན་པོ་འཁྲུངས་ཤིང་། ཨ་ལགས་དཔོན་པོས་བོན་སྲིད་གཉིས་ལ་མངའ་བདག་མཛད་པའི་མཛད་རྣམ་ཡང་གོང་ལྟར་ཡི་གེ་མང་བར་དོགས་ནས་མ་བྲིས་པ་ཡིན་ལ། བོན་བརྒྱ་སྐུ་ཕྲེང་རིམ་བྱོན་དང་ཁྱད་པར་དུ་བླ་མ་གཡུང་དྲུང་ཕུན་ཚོགས་ཀྱི་གདུལ་བྱ་དང་ལྷ་སྡེ་ནི་རང་སྡེ་རོང་འབྲོག་གཉིས་ལས། སོ་ནག་བོན་པོ་ཚང་དང་། མག་གསར། ལྡོང་ངེ་། གྱང་རི། སྤྱི་ཚང་། ངོ་མོ། ཁྱུང་བོ་ལ་ཐང་གཉིས། ཧོར་ནག སྡོང་སྐམ། གླིང་རྒྱ་སོགས་བོན་སྡེ་ཡོད་དོ་ཅོག དཔའ་ལུང་གི་དོ་ཤལ། གཅན་ཚའི་སྣང་རའི་ཞྭ་ཁྲ། ཁྲི་ཀའི་སྟོང་ཆེ་དང་སེར་རྒྱ། སྟོང་སྐོར། འབའ་ཡི་སེ་བཟའ་སོགས་ཡིན་ནོ།།

2 ནང་རྟེན་གྱི་སྐོར།

རེབ་གོང་གི་མངའ་ཁོངས་སུ་གཏོགས་པའི་བོན་བརྒྱའི་སྡེ་བ་ནི་དུས་ཀྱི་འཕེལ་རིམ་དང་བསྟུན་ནས་རོང་འབྲོག་གཉིས་སུ་གྱེས་པས་བོན་བརྒྱ་རོང་དུ་ཡོད་པའི་སྐུ་གསུང་ཐུགས་རྟེན་བསམ་གྱི་མི་ཁྱབ་པ་བརྗོད་ཀྱིས་མི་ལོངས་པའི་གང་ཟག་ཐ་མལ་བའི་བློ་ངོར་ཤོང་དཀའ་བའི་དགོན་པ་དང་སྔོན་གྱི་གསས་ཁང་གསང་སྔགས་བདུད་འདུལ་གླིང་དུ་སྤྱི་བ་མཉམ་དུ་ཚོགས་པས་སྟབས་ཀ་མི་འགྲིག་པས། བོན་བརྒྱའི་འབྲོག་གི་བོན་པོ་སྤྱི་བས་བླ་མ་རང་ཤར་རིག་གྲོལ་རྩལ་གྱི་རིང་ལ་འབྲོག་ནས་ཚོགས་རས་ཕུབ་སྟེ་ཆོས་ཐོག་བཟུང་བ་ཡིན་ཀྱང་། རྒྱལ་ཁབ་ཀྱི་སྲིད་ཇུས་འོག་འབྲོག་སྡེ་རྣམས་ཀྱང་རྩེ་ཁོག་རྫོང་དང་མང་རྫོང་གཉིས་ཀྱི་མངའ་ཁོངས་སུ་སོ་སོར་གྱུར་མོད་མེས་པོའི་སྲོལ་བཟང་མ་ཉམས་དར་སྤེལ་གཏོང་ཆེད་ད་ལྟའང་ཚོགས་རས་གཅིག་གི་ནང་དུ་འཚོགས་བཞིན་ཡོད་ལ། ཚོགས་རས་ཀྱི་གཡོན་གྲལ་དབུ་ན་རང་ཤར་རིག་གྲོལ་རྩལ་གྱི་ཁྲི་ཁ་མར་འཁོར་དང་། གཡས་གྲལ་གྱི་དབུ་ན་གཡུང་དྲུང་ཕུན་ཚོགས་རིན་པོ་ཆེའི་ཁྲི་ཁ་མར་འཁོར། དེ་གཉིས་ཀྱི་དབུས་སུ་དཀྱིལ་འཁོར་ཡོད། རྟེན་དུ་དཀྱིལ་འཁོར་གྱི་རྒྱབ་དབུས་སུ་ཀུན་བཟང་རྒྱལ་བ་འདུས་པའི་ཐང་སྐུ། དེའི་གཡས་སུ་རྗེ་མཉམ་མེད་ཆེན་པོའི་ཐང་སྐུ། རིག་འཛིན་ཆེན་པོ་ཚེ་དབང་གི་ཐང་སྐུ། རྣམ་པར་རྒྱལ་བའི་ཐང་སྐུ། སྨན་བླའི་ཐང་སྐུ། བོན་སྐྱོང་ཕོ་རྒྱུད་ཀྱི་ཐང་སྐུ་སོགས་རིམ་བཞིན་ཡོད་ལ། གཡོན་དུ་དབལ་གསལ་ཐང་སྐུ། བྱམས་མའི་ཐང་སྐུ། གདུགས་དཀར་ཐང་སྐུ། སྲིད་རྒྱལ་དབུ་བརྒྱ་ཕྱག་སྟོང་གི་ཐང་སྐུ། བཀའ་བསྲུང་མོ་རྒྱུད་ཀྱི་ཐང་སྐུ་བཅས་རིམ་བཞིན་དུ་ཡོད་པ་མ་ཟད་རྒྱལ་བའི་བཀའ་འགྱུར་དང་རྗེ་གསུང་འབུམ་སོགས་གསུང་རབ་ཀྱི་སྐོར་ཀྱང་ཡོད་ལ། དེ་མིན་གསང་སྔགས་ཀྱི་རྫས་དང་ཡོ་བྱད། དཀྱིལ་འཁོར། བླ་བྲེ། འཕན། གདུགས། རྒྱལ་མཚན། ཕུར་མ། དར་ཐང་། ཕྱག་ཆ། ཐུན་ཆ། ཆོས་གོས་སོགས་ཕུན་སུམ་ཚོགས་པར་མཆིས་ཤིང་། མཆོད་རྫས་སྦུབ་དང་དུང་དཀར། ཙིའམ། ཟངས་དུང་། རྒྱ་གླིང་། མཆོད་གོང་། དུང་ཆེན། མར་མེ་གོང་བུ་སོགས་རིན་པོ་ཆེ་ལས་གྲུབ་པའི་སྤྱི་རྫས་ཆ་ཚང་བར་ཡོད། དུས་ཀྱི་འཕེལ་རིམ་དང་བསྟུན་ནས་སྤྱི་བ་གསུམ་གྱི་ཚོགས་རས་དེ་སྤྱི་ལོ1991ལོར་འདུ་ཁང་གི་རྣམ་པར་བཞེངས་རྩིས་བགྱིས་ནས་རྨང་གཞི་བཏང་མོད་རྐྱེན་དབང་དུ་མས་འདོད་དོན་དེ་ཡོངས་སུ་འགྲུབ་མ་ཐུབ་པས། ད་ལྟའང་འདུ་ཁང་ཞིག་བཞེངས་པར་ཆོག་མཆན་རེ་གནང་བར་གོང་རིམ་ལ་ཡར་ཞུ་བྱ་བཞིན་ཡོད་ལ། དེའི་རྒྱུ་མཚན་ནི་སྔོན་གྱི་བོན་སྔགས་བཅུ་གསུམ་དེ་ད་ལྟ་བོན་སྔགས་བརྒྱ་དང་བཅུ་གསུམ་ལ་སོན་པའི་ཚོགས་རས་ཆུང་ཆུང་ཞིག་ཏུ་མི་ཆུད་ལ་ཆེ་བ་ཞིག་དབུབ་དཀའ་བར་མ་ཟད། རྟེན་རྣམས་ཀྱང་དབྱར་ཁར་ཆུ་ཡིས་ཟགས་པ་དང་དགུན་ཁར་རླུང་གིས་ཚོགས་རས་ཐེད་འགྲོ་བར་བསམ་པ་ལས་དོན་གཞན་མེད།

3 ཆོས་ཐོག་སྐོར།

བོན་བརྒྱའི་བོན་པོ་སྤྱི་བའི་ཆོས་ཐོག་ནི་ལོ་རེ་ལ་དབྱར་ར་བའི་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་ལ་བཞི་བའི་སྨྱུང་ཆེན་དང་། སྟོན་ར་བའི་ཚེས་འགོར་ཚེས་བཅུ་ནང་ལ་བླངས་ནས་ཀུན་བཟང་རྒྱལ་བ་འདུས་པའི་གཞུང་བསྲིངས་ཏེ་སྣང་སྲིད་ཞི་བ་ཆེན་མོ་སྦྱིན་སྲེག་ཉིན་བཞི(བླ་མ་རིན་པོ་ཆེ་གཡུང་དྲུང་ཕུན་ཚོགས་ཀྱི་རིང་ནས་སྐབས་འདིར་སྔགས་པའི་སྤྱི་བ་དང་སེར་མོ་སྤྱི་བ་གཉིས་ཀྱིས་བདུན་པའི་མ་ཎིའི་ཆོས་ཐོག་འཛིན་པའི་སྲོལ་བཙུགས་ཤིང་། དུས་དེར་བོན་པོ་སྤྱི་བའི་ཚོགས་རས་དབུས། སེར་མོ་སྤྱི་བའི་ཚོགས་རས་གཡས། སྔགས་པའི་སྤྱི་བའི་ཚོགས་རས་གཡོན་དུ་ཕུབ་སྟེ་སྤྱི་བ་གསུམ་གྱིས་དབུས་ཀྱི་བོན་པོ་སྤྱི་བའི་ཚོགས་རས་མདུན་གྱི་བསང་ཁྲིའི་ཐོག་ལ་བསང་མཉམ་དུ་ཕུད་ཀྱིན་ཡོད)སྟོན་ཟླ་བརྒྱད་པའི་ནང་ཞི་ཁྲོ་དམ་པ་རིགས་བརྒྱའི་ཆོས་ཐོག་ཉིན་བཞི། ཟླ་སྨད་ལ་ཡི་དམ་དལ་གསས་རྔམ་པའི་སྲུང་ཟློག་ཉིན་བཞི་ལ་འཛིན་གྱིན་ཡོད། དེ་མིན་བོན་པོ་སྤྱི་བའི་ཆོས་ཐོག་གང་ཡིན་ཀྱང་ནངས་སྔ་མོར་སྐྱབས་འགྲོ། བྱམས་པ། མཛད་བཅུ། སྨན་བླ། ཚེ་དབང་སྨོན་ལམ། སྨོན་ལམ་རྣམ་གསུམ། སྙིང་པོ་རྣམ་གསུམ། སྤྱིན་པ་རྣམ་བཞི་བཅས་བསྡུས་འདོན་བྱེད་ཀྱིན་ཡོད་ལ། ནངས་ཇ་འཐུང་རྗེས་ཆོས་ཐོག་གང་དེའི་ཆོ་གའི་དབུ་འཛིན་པ་ཡིན་ནོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-03

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།