ཐེ་བོ་བློ་བཟང་བསྟན་འཛིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་ཐེ་བོ་རབ་འབྱམས་པ་དཔལ་ལྡན་སེང་གེའི་སྐུ་ཕྲེང་གསུམ་པ་ཡིན་ཞིང་རབ་བྱུང་བཅུ་གསུམ་པའི་ཆུ་ཡོས་སྟེ(སྤྱི་ལོ1783)ལོར་སྐུ་འཁྲུངས་ཏེ་རབ་བྱུང་བཅུ་བཞི་བའི་མེ་རྟ་སྟེ(སྤྱི་ལོ1846)ལོར་སྐུ་གཤེགས། སྐུ་ན་ཆུང་དུས་ནས་རབ་ཏུ་བྱུང་སྟེ་རྗེ་བློ་བཟང་རྒྱལ་མཚན་ལས་རིག་པའི་གནས་དུ་མར་མཁས་པར་སྦྱངས། ཀུན་མཁྱེན་འཇིགས་མེད་དབང་པོ་དང་། སྡེ་ཁྲི་བློ་བཟང་དོན་གྲུབ། གུང་ཐང་འཇམ་པའི་དབྱངས་སོགས་མཁས་དམ་པ་མང་པོ་ལས་ཟབ་ཆོས་མང་དུ་གསན་ཞིང་། གུང་ཐང་རིན་པོ་ཆེའི་རྣམས་ཐར་ཆོས་དང་དཀར་པོའི་སྒྲ་དབྱངས་སོགས་བསྟན་རྩ་ཆེ་བའི་བསྟན་བཅོས་དུ་མ་དཔར་ཤིང་བསྐྲུན་ཏེ་དོན་གཉེར་ཅན་མང་པོའི་སྐྱེས་སུ་ཕུལ།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1783-1846)
གྲུབ་མཐའ།
དགེ་ལུགས་པ།
བླ་མ།
རྒྱལ་མཚན།
འཁྲུངས་ཡུལ།
མདོ་སྨད།
1 ངོ་སྤྲོད།

ཐེ་བོ་བློ་བཟང་བསྟན་འཛིན་ནི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་ཡོས་ལོ་སྟེ(སྤྱི་ལོ1783)ལོར་མདོ་སྨད་དུ་སྐུ་འཁྲུངས། དགུང་ལོ་བདུན་པར་རྗེ་མཁས་གྲུབ་བསྟན་འཛིན་ལས་རབ་ཏུ་བྱུང་། རྗེ་བློ་བཟང་རྒྱལ་མཚན་ལས་རིག་པའི་གནས་དུ་མར་མཁས་པར་སྦྱངས། དགུང་ལོ་བཅོ་བརྒྱད་པར་དགོན་གསར་རབ་རྒྱས་གླིང་གི་རྒྱུད་གྲྭ་འགྲིམས་ཏེ་ཆོ་ག་ཕྱག་ལེན་གྱིས་མཚོན་རྒྱུད་དོན་གྱི་གདམས་པ་ལ་བྱང་ཆུབ་པར་མཛད། ཡབ་རྗེ་ངྷྭ་ཛ་ལས་སྤྱི་ཆོས་དང་ཟུར་ཆོས་གང་གནང་གསན་ཞིང་སྐུ་ཚེ་དང་སྙོམས་པར་བསྟེན། ཀུན་མཁྱེན་འཇིགས་མེད་དབང་པོ་དང་། སྡེ་ཁྲི་བློ་བཟང་དོན་གྲུབ། གུང་ཐང་འཇམ་པའི་དབྱངས། གླིང་དཀོན་མཆོག་དགྱེས་པའི་བློ་གྲོས། བཀའ་འགྱུར་བ་དཀོན་མཆོག་དཔལ་འཛིན། ཁྲི་ཆེན་དཀོན་དབང་ཕྱུག་སོགས་ལས་ཟབ་ཆོས་མང་དུ་གསན། རྗེ་རི་ཁྲོད་དབང་པོ་ལས་དགེ་སློང་གི་སྡོམ་པ་མནོས་ཏེ་ཚུལ་ཁྲིམས་མིག་འབྲས་ལྟར་བསྲུངས། གུང་ཐང་རིན་པོ་ཆེའི་རྣམས་ཐར་ཆོས་དང་དཀར་པོའི་སྒྲ་དབྱངས་དང་། གསེར་ཁང་བྱམས་པའི་དཀར་ཆག་བྱང་ཆེན་ཐར་ལམ་བགྲོད་པའི་ཐེམ་སྐས། གཡོ་དགེ་ལམ་རིམ་ཟིན་བྲིས། དགེ་ལྡན་བསྟན་འབར་མ་རྣམས་ཀྱི་དཔར་ཤིང་བསྐྲུན། དོན་གཉེར་ཅན་མང་པོ་ལ་མདོ་སྔགས་རིག་གནས་ཀྱི་བཤད་རྒྱུན་སྤེལ། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་བཞི་བའི་མེ་ཕོ་རྟ་ལོ་སྟེ(སྤྱི་ལོ1846)ལོར་དགོངས་པ་ཆོས་དབྱངས་སུ་གཤེགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-13

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།