ལི་ཨན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལི་ཨན།
ལི་ཨན་གྱི་མེས་པོའི་ཕ་ཡུལ་ནི་ཅང་ཞི་ཏུ་ཨན་ཡིན་ལ། ཁོ་ནི་ཐའེ་ཝན་ནས་སྐྱེས་ཤིང་ཆུང་དུས་ནས་སློབ་གྲྭར་འགྲིམས་པའི་གོ་སྐབས་ཡག་པོ་ཐོབ། ཨ་ཕ་ནི་ས་དེ་གའི་སློབ་འབྲིང་ཞིག་གི་སློབ་གཙོ་ཡིན་ཞིང་ཁྱིམ་ཚང་གི་སྒྲིག་ལམ་ནི་ཤིན་ཏུ་དམ་པོ་ཡོད་ལ། ལོ་སར་སོགས་དུས་ཆེན་གྱི་སྐབས་སུ་སྔ་མའི་ལུགས་བཞིན་ཁྱིམ་མི་ཕན་ཚུན་བར་ཕྱག་འཚལ་བའི་གོམས་གཤིས་ཀྱང་མ་དོར་བར་རྒྱུན་འཛིན་བྱས་ཡོད། ལི་ཨན་ནི་དེ་ལྟ་བུའི་ཁྱིམ་ཚང་གི་ཁོར་ཡུག་ཅིག་གི་ནང་དུ་འཚར་ལོངས་བྱུང་བས། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཤན་ཆེན་པོ་ཐེབས་ཡོད་ཅིང་། སྐྱེས་པས་ཁྱིམ་ཚང་སྐྱོང་བའི་འཚོ་སྟངས་དེས་ཁོ་རང་ལ་དུས་ཕྱིས་སུ་གློག་བརྙན་ལས་རིགས་ལ་འགྲིམས་ཏེ་འཁྲབ་གཞུང་གསར་རྩོམ་བྱ་བར་འཚོ་བའི་ཉམས་མྱོང་མི་ཉུང་བ་སྤྲད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李安
ཕྱི་ཡིག་གི་མིང་།
Ang Lee
སྐྱེས་ལོ།
སྤྱི་ལོ1954ལོའི་ཟླ10བའི་ཚེས23ཉིན།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཐའེ་ཝན་ཞིང་ཆེན་ཕིང་ཏུང་རྫོང་ཁྲའོ་ཀྲོའུ་གྲོང་རྡལ།
ལས་རིགས།
འཁྲབ་ཁྲིད་པ། འཁྲབ་གཞུང་རྩོམ་པ་པོ། གློག་བརྙན་ཕབ་སྐྲུན་པ།
མཐར་ཕྱིན་སློབ་གྲྭ།
རྒྱལ་འཛུགས་ཐའེ་ཝན་སྒྱུ་རྩལ་སློབ་ཆེན། དབྱི་ལི་ནོའུ་དབྱི་སློབ་ཆེན། ཉིའུ་ཡོག་སློབ་ཆེན།
འཐུས་ཚབ་བརྩམས་ཆོས།
《ཚང་དུ་ཡིབ་པའི་སྟག་འབྲུག》《ཕའེ་ཡི་ངོ་མཚར་བའི་སྒྲུང》《རིགས་ཤེས་དང་བརྩེ་དུངས》《རི་རྐེད་ཉིལ་བའི་རི་བོ》《འདོད་སྲེད》《གཉེན་སྒྲིག་གསོལ་སྟོན》སོགས།
གྲུབ་འབྲས་གཙོ་བོ།
ཨོ་སི་ཁཱ་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐེངས་གཉིས་དང་གསེར་གྱི་གྲུ་གུ་བྱ་དགའི་འཁྲབ་ཁྲིད་པ་རྩེ་གྲ་ཐེངས་གཉིས། ཨོ་སི་ཁཱ་གསེར་སྐུ་བྱ་དགའི་ཕྱི་སྐད་གློག་བརྙན་རྩེ་གྲ། པོ་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསེར་དོམ་བྱ་དགའ་ཐེངས་གཉིས། ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསེར་སེང་བྱ་དགའ་ཐེངས་གཉིས་བཅས་ལ་ཐོབ་མྱོང་།
1 ངོ་སྤྲོད་མདོར་བསྡུས།

ལི་ཨན་གྱི་མེས་པོའི་ཕ་ཡུལ་ནི་ཅང་ཞི་ཏུ་ཨན་ཡིན་ལ། ཁོ་ནི་ཐའེ་ཝན་ནས་སྐྱེས་ཤིང་ཆུང་དུས་ནས་སློབ་གྲྭར་འགྲིམས་པའི་གོ་སྐབས་ཡག་པོ་ཐོབ། ཨ་ཕ་ནི་ས་དེ་གའི་སློབ་འབྲིང་ཞིག་གི་སློབ་གཙོ་ཡིན་ཞིང་ཁྱིམ་ཚང་གི་སྒྲིག་ལམ་ནི་ཤིན་ཏུ་དམ་པོ་ཡོད་ལ། ལོ་སར་སོགས་དུས་ཆེན་གྱི་སྐབས་སུ་སྔ་མའི་ལུགས་བཞིན་ཁྱིམ་མི་ཕན་ཚུན་བར་ཕྱག་འཚལ་བའི་གོམས་གཤིས་ཀྱང་མ་དོར་བར་རྒྱུན་འཛིན་བྱས་ཡོད། ལི་ཨན་ནི་དེ་ལྟ་བུའི་ཁྱིམ་ཚང་གི་ཁོར་ཡུག་ཅིག་གི་ནང་དུ་འཚར་ལོངས་བྱུང་བས། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཤན་ཆེན་པོ་ཐེབས་ཡོད་ཅིང་། སྐྱེས་པས་ཁྱིམ་ཚང་སྐྱོང་བའི་འཚོ་སྟངས་དེས་ཁོ་རང་ལ་དུས་ཕྱིས་སུ་གློག་བརྙན་ལས་རིགས་ལ་འགྲིམས་ཏེ་འཁྲབ་གཞུང་གསར་རྩོམ་བྱ་བར་འཚོ་བའི་ཉམས་མྱོང་མི་ཉུང་བ་སྤྲད་ཡོད།

སྤྱི་ལོ1975ལོར་ལི་ཨན་རྒྱལ་འཛུགས་ཐའེ་ཝན་སྒྱུ་རྩལ་སློབ་ཆེན་གྱི་ཟློས་གར་གློག་བརྙན་སློབ་གླིང་ནས་སློབ་མཐར་ཕྱིན་ཞིང་། ཐའེ་ཝན་གཏམ་བརྗོད་ཟློས་གར་འགྲན་བསྡུར་ཁྲོད་ནས་ཆེད་སྦྱོང་རུ་ཁག་གི་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ་ཐོབ། སྔ་གཞུག་ཏུ《གཟའ་སྤེན་པའི་ཕྱི་དྲོའི་ལྷོད་གཡེང》དང《ཁྲིན་ཆིན་གྱི་ཉིན་གཅིག》ཅེས་བའི་རིང་ཐུང་ཧོ་རྨིད་བརྒྱད་ཅན་གྱི་གློག་བརྙན་གཉིས་ཀྱང་ཕབ་སྐྲུན་བྱས་ཡོད་འདུག སྤྱི་ལོ1978ལོར་ཨ་རིར་ཕྱིན་ནས་སློབ་གྲྭ་འགྲིམས་ཏེ། དབྱི་ལི་ནོའུ་དབྱི་སློབ་ཆེན་ཟློས་གར་སློབ་གླིང་ནས་སློབ་རམས་པའི་བསླབ་གནས་དང་། ཉིའུ་ཡོག་སློབ་ཆེན་ནས་གློག་བརྙན་ཕབ་སྐྲུན་གྱི་ཤེས་རམས་པའི་བསླབ་གནས་བླངས། སློབ་མཐར་ཕྱིན་རྗེས《དྲག་ཆར》དང《ང་ཀྲུང་གོའི་ཁ་ཟས་ལ་དགའ》ཞེས་པའི་གློག་བརྙན་གཉིས་སྔ་གཞུག་ཏུ་ཕབ་སྐྲུན་བྱས།

སྤྱི་ལོ1983ལོར《སྣང་བ་སྒྲིབ་པའི་མཚོ་འགྲམ་ལ་སྨོན་པ》ཞེས་པ་ཕབ་སྐྲུན་བྱས་ཏེ་གསེར་གྱི་སྙེ་མའི་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ། སྤྱི་ལོ1984ལོའི་ཉིའུ་ཡོག་སློབ་ཆེན་པའི་གློག་བརྙན་དུས་སྟོན་དུ། ཁོང་གི་མཐར་ཕྱིན་བརྩམས་ཆོས《དབྱེ་མཚམས》ཞེས་པའི་གློག་བརྙན་ལ་འཁྲབ་ཁྲིད་པ་རྩེ་གྲ་དང་གློག་བརྙན་རྩེ་གྲ་གཉིས་ཀའི་བྱ་དགའ་ཐོབ། སློབ་མཐར་ཕྱིན་རྗེས་གློག་བརྙན་ལས་རིགས་དང་འབྲེལ་ཡོད་ཀྱི་བྱ་བ་འོས་འཚམ་ཞིག་མ་རྙེད་པའི་རྐྱེན་གྱིས་ལོ་འགའ་ཤས་ལ་རང་གི་ཆུང་མའི་ཟླ་ཕོགས་ལ་ཁེན་ནས་འཚོ་བ་རོལ་ཐབས་བྱས། ཉིན་རྒྱུན་རང་ཁྱིམ་དུ་བསྡད་ནས་དཔེ་ཆ་དང་གློག་བརྙན་ལ་མང་དུ་བལྟས་ཤིང་འཁྲབ་གཞུང་ཡང་འགའ་ཤས་བྲིས། སྐབས་རེར་བརྙན་ཐུང་ཕབ་སྒྱུར་དང་བཅོས་སྒྲིག བརྙན་ཆས་ལ་བདག་བྱེད་པ་སོགས་ཀྱི་ཞོར་ལས་ཀྱང་བསྒྲུབས་མྱོང་ལ། ཐེངས་ཤིག་ལ་ཉིའུ་ཡོག་གྲོང་གི་ཤར་སྡེའི་ཁང་སྟོང་ཞིག་ནས་བརྙན་ཆོས་ལ་བདག་བྱས་ནས་ཀྱང་བསྡད་མྱོང་།

སྤྱི་ལོ1990ལོར་ལི་ཨན་གྱིས《ལག་འདེད》ཅེས་བའི་འཁྲབ་གཞུང་ཞིག་བྲིས་ཏེ། ཐའེ་ཝན་སྲིད་སྐྱོང་སྡེ་ཁག་གི་གསར་འགྱུར་ཅུའུ་ཡིས་ཁྱད་འཕགས་བརྩམས་ཆོས་ཀྱི་བྱ་དགའ་སྤྲད་ཅིང་། བྱ་དགའ་ལ་སྒོར་ཁྲི40ཐོབ་ཏེ་ཐེངས་དང་པོར་རང་རྐྱ་འཕེར་བའི་སྒོ་ནས་གློག་བརྙན་ཕབ་སྐྲུན་བྱེད་པའི་གོ་སྐབས་བྱུང་།

སྤྱི་ལོ1991ལོར་ཐའེ་ཝན་ཀྲུང་དབྱང་གློག་བརྙན་ཀུང་སི་ཡིས་མ་དངུལ་བཏང་སྟེ《ལག་འདེད》ཅེས་པ་གློག་བརྙན་དུ་ཕབ་ཅིང་འདི་ནི་ཁོང་གི་བརྩམས་ཆོས་ཐོག་མ་དེ་ཡིན། གློག་བརྙན་འདི་རྒྱལ་ཁའི་ངང་ཕབ་སྐྲུན་བྱ་ཐུབ་པ་བྱུང་བས། ཁོས་མུ་མཐུད་དུ《གཉེན་སྒྲིག་གི་གསོལ་སྟོན》ཞེས་པ་ཕབ་སྐྲུན་བྱས། གློག་བརྙན་འདི་ནི་ཧའོ་ལའེ་ཝུའུ་གློག་བརྙན་གྱི་སྒྲིག་གཞི་ལ་དཔེ་བལྟས་ནས་ཀྲུང་གོ་རིག་གནས་མཚོན་པའི་གློག་བརྙན་དཔེ་མཚོན་ཅན་ཞིག་ཡིན་ལ། ཡུལ་གྲུ་སོ་སོ་ནས་དགའ་བསུ་དང་བྱ་དགའ་མང་པོ་སྤྲད་པར་མ་ཟད། ཕྱིས་སུ་རྒྱལ་སྤྱིའི་འཁྲབ་ཁྲིད་པ་སྐད་གྲགས་ཅན་ཞིག་ཏུ་འགྱུར་བར་རྨང་བརྟན་མོ་བཏིངས།

སྤྱི་ལོ1994ལོར་ཁོང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《ཟས་ལ་རོལ་བའི་ཕོ་མོ》ཞེས་པ་ལ་ཨེ་ཤ་ཡ་ཞི་བདེ་གློག་བརྙན་དུས་ཆེན་སྐབས39བའི་གློག་བརྙན་རྩེ་གྲ་དང་དུམ་སྒྲིག་གློག་བརྙན་རྩེ་གྲ་གཉིས་ཀྱི་བྱ་དགའ་ཐོབ་པ་དང་། ཨོ་སི་ཁཱ་ཕྱི་སྐད་གློག་བརྙན་རྩེ་གྲའི་འོས་མིང་དུ་ཚུད། གློག་བརྙན་འདི་ལོ་དེ་གའི་ཐའེ་ཝན་ཡུལ་གྱི་ཁྱད་འཕགས་གློག་བརྙན་བཅུ་ཡི་གྲས་སུའང་ཚུད་ཡོད།

དེའི་རྗེས་སུ《རིགས་ཤེས་དང་བརྩེ་དུངས》ཞེས་པ་ཕབ་སྐྲུན་བྱས་ཏེ་རྒྱལ་སྤྱི་ནས་གདེང་འཇོག་ཡག་པོ་ཐོབ། ཁོ་རང་ཧའོ་ལའེ་ཝུའུ་འཁྲབ་ཁྲིད་པ་དང་པོའི་གྲལ་དུ་ཚུད་ནས་རྒྱལ་སྤྱིའི་ཐོག་སྐད་གྲགས་སྔར་ལས་ཆེ་བར་གྱུར། ལི་ཨན་ནི་ཆུང་དུས་ནས་དྲག་རྩལ་གཏམ་རྒྱུད་ལ་དགའ་མོས་ཆེ་ཞིང་། སྤྱི་ལོ2000ལོར་ཐའེ་ཝན་ཙུང་ཧིན་རྒྱལ་སྤྱིའི་གློག་བརྙན་ཀུང་སིའི་མགོ་བ་ཞུའུ་ལའེ་ཀོང་གི་གདན་ཞུ་བྱས་པ་ལྟར་། 《ཚང་དུ་ཡིབ་པའི་སྟག་འབྲུག》ཅེས་པ་ཕབ་སྐྲུན་བྱས། དེའི་རྗེས་སུ《རི་རྐེད་ཉིལ་བའི་རི་བོ》དང《འདོད་སྲེད》ཞེས་པ་སོགས་ཕབ་སྐྲུན་བྱས་ཤིང་། དྲ་རྒྱའི་བརྒྱུད་ལམ་དང་ལྟ་མཁན་གང་མང་ནས་བསྟོད་བསྔགས་མང་དུ་ཐོབ། སྤྱི་ལོ2013ལོར་ཁོས་འཁྲབ་ཁྲིད་བྱས་པའི་གློག་བརྙན《ཕའེ་ཡི་ངོ་མཚར་བའི་སྒྲུང》ཞེས་པར་ཨོ་སི་ཁཱའི་བྱ་དགའ་གསུམ་ཐོབ། ལི་ཨན་གྱི་གློག་བརྙན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་དེ། གཏམ་རྒྱུད་ཀྱི་འཕེལ་རིམ་ནི་མིས་ཆེད་དུ་བཟོས་པར་མི་སྣང་བར་རང་བྱུང་དུ་གྲུབ་པ་ལྟ་བུའི་ཚོར་འདུ་སྟེར་ལ། བྱུང་རིམ་གྱི་ཞིབ་ཆ་རེ་རེའང་ཤུགས་བསྟན་གྱི་དོན་སྙིང་ཆེན་པོ་འདུས་ཡོད།

ཁོས་རྒྱ་སྐད་ཀྱི་གློག་བརྙན་དེ་དག་གིས་སྲོལ་རྒྱུན་དང་དེང་རབས་ཀྱི་ཀུན་སྤྱོད་དང་། ཤར་ནུབ་རིག་གནས་བར་གྱི་འགའ་འདུ་སོགས་བརྗོད་དེ་ཐའེ་ཝན་གློག་བརྙན་ལ་ཚེ་སྲོག་གི་ལང་ཚོ་གསར་བ་སྤྲད་ཡོད་ཅིང་། ནུབ་གླིང་གི་རིག་གནས་དང་མིའི་སེམས་ཁམས་ལ་རྒྱུས་ལོན་བྱས་ཁར་ཟབ་ཚད་ངེས་ཅན་ཡོད་པའི་དབྱིན་སྐད་ཀྱི་གློག་བརྙན་མང་པོ་ཞིག་ཕབ་སྐྲུན་བྱས་ཏེ་དེང་སྐབས་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེ་བའི་འཁྲབ་ཁྲིད་པ་ཞིག་ཏུ་གྱུར་ཡོད། 

2 གྲུབ་འབྲས་གཙོ་བོ།

ཨོ་སི་ཁཱ་གསེར་སྐུ་བྱ་དགའ།

སྤྱི་ལོ2013ལོར། སྐབས85པའི་གློག་བརྙན་རྩེ་གྲ། 《ཕའེ་ཡི་ངོ་མཚར་བའི་སྒྲུང》འོས་མིང་དུ་ཚུད་པ།

སྤྱི་ལོ2013ལོར། སྐབས85པའི་འཁྲབ་ཁྲིད་པ་རྩེ་གྲ། 《ཕའེ་ཡི་ངོ་མཚར་བའི་སྒྲུང》བྱ་དགའ་ཐོབ་པ།

སྤྱི་ལོ2006ལོར། སྐབས78པའི་འཁྲབ་ཁྲིད་པ་རྩེ་གྲ། 《རི་རྐེད་ཉིལ་བའི་རི་བོ》བྱ་དགའ་ཐོབ་པ།

སྤྱི་ལོ2001ལོར། སྐབས73པའི་ཕྱི་སྐད་གློག་བརྙན་རྩེ་གྲ། 《ཚང་དུ་ཡིབ་པའི་སྟག་འབྲུག》བྱ་དགའ་ཐོབ་པ།

ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།

སྤྱི་ལོ2007ལོར། སྐབས64པའི་གསེར་སེང་བྱ་དགའ། 《འདོད་སྲེད》བྱ་དགའ་ཐོབ་པ།

སྤྱི་ལོ2005ལོར། སྐབས62པའི་གསེར་སེང་བྱ་དགའ། 《རི་རྐེད་ཉིལ་བའི་རི་བོ》བྱ་དགའ་ཐོབ་པ།

པོ་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།

སྤྱི་ལོ1996ལོར། སྐབས46པའི་གསེར་དོམ། 《རིགས་ཤེས་དང་བརྩེ་དུངས》བྱ་དགའ་ཐོབ་པ།

སྤྱི་ལོ1993ལོར། སྐབས་པའི43གསེར་དོམ། 《གཉེན་སྒྲིག་གསོལ་སྟོན》བྱ་དགའ་ཐོབ་པ།

ཨ་རིའི་གློག་བརྙན་འཕྲིན་གསེར་གྱི་གྲུ་གུ་བྱ་དགའ།

སྤྱི་ལོ2006ལོར། སྐབས63པའི་འཁྲབ་ཁྲིད་པ་དང་གློག་བརྙན་རྩེ་གྲ། 《རི་རྐེད་ཉིལ་བའི་རི་བོ》བྱ་དགའ་ཐོབ་པ།

སྤྱི་ལོ2001ལོར། སྐབས58པའི་འཁྲབ་ཁྲིད་པ་དང་ཕྱི་སྐད་གློག་བརྙན་རྩེ་གྲ། 《ཚང་དུ་ཡིབ་པའི་སྟག་འབྲུག》བྱ་དགའ་ཐོབ་པ།

དབྱིན་ཇིའི་གློག་བརྙན་སློབ་གླིང་བྱ་དགའ།

སྤྱི་ལོ2001ལོར། སྐབས54པའི་འཁྲབ་ཁྲིད་པ་དང་ཕྱི་སྐད་གློག་བརྙན་རྩེ་གྲ། 《ཚང་དུ་ཡིབ་པའི་སྟག་འབྲུག》བྱ་དགའ་ཐོབ་པ།

སྤྱི་ལོ2008ལོར། སྐབས61པའི་ཕྱི་སྐད་གློག་བརྙན་རྩེ་གྲ། 《འདོད་སྲེད》འོས་མིང་དུ་ཚུད་པ།

ཐའེ་ཝན་གློག་བརྙན་གསེར་རྟ་བྱ་དགའ།

སྤྱི་ལོ2007ལོར། སྐབས44པའི་གློག་བརྙན་རྩེ་གྲ། 《འདོད་སྲེད》བྱ་དགའ་ཐོབ་པ།

སྤྱི་ལོ2007ལོར། སྐབས44པའི་འཁྲབ་ཁྲིད་པ་རྩེ་གྲ། 《འདོད་སྲེད》བྱ་དགའ་ཐོབ་པ།

སྤྱི་ལོ2000ལོར། སྐབས37པའི་གློག་བརྙན་རྩེ་གྲ། 《ཚང་དུ་ཡིབ་པའི་སྟག་འབྲུག》བྱ་དགའ་ཐོབ་པ།

སྤྱི་ལོ1993ལོར། སྐབས30པའི་གློག་བརྙན་རྩེ་གྲ། 《གཉེན་སྒྲིག་གསོལ་སྟོན》བྱ་དགའ་ཐོབ་པ།

སྤྱི་ལོ1993ལོར། སྐབས30པའི་འཁྲབ་ཁྲིད་པ་རྩེ་གྲ། 《གཉེན་སྒྲིག་གསོལ་སྟོན》བྱ་དགའ་ཐོབ་པ།

སྤྱི་ལོ1991ལོར། སྐབས28པའི་འཁྲབ་ཁྲིད་པ་རྩེ་གྲ། 《ལག་འདེད》འོས་མིང་དུ་ཚུད་པ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-13

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།