མཱ་ལེ་ན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཱ་ལེ་ན།
《མཱ་ལེ་ན》ཞེས་པའི་གློག་བརྙན་འདི་ནི་སྤྱི་ལོ2000ལོར་འགྲེམས་སྟོན་བྱས་པའི་དབྱི་ཐ་ལིའི་བརྩེ་དུང་གློག་བརྙན་ཞིག་ཡིན། འཁྲབ་ཁྲིད་པ་ཀྲུའུ་སའེ་ཕེ•ཐུའོ་ནཱ་ཏོའུ་ལེས་འཁྲབ་ཁྲིད་བྱས་ཤིང་། མོ་ནེ་ཁཱ•པེ་ལུའུ་ཆི་དང་ཀུའེ་སའེ་ཕེ•སུའུ་ཨར་ཧྥ་ལོའུ་སོགས་ཀྱིས་གཙོ་འཁྲབ་བྱས་པའི་གློག་བརྙན་ཞིག་ཡིན། གློག་བརྙན་འདི་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་དབྱི་ཐ་ལིའི་གྲོང་ཚོ་ཆུང་ཆུང་ཞིག་རྒྱབ་ལྗོངས་སུ་བྱས་ནས་གློག་བརྙན་དུ་ཕབ་སྐྲུན་བྱས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
མཱ་ལེ་ན།
མ་བརྙན་མིང་།
Malèna
རྒྱ་འགྱུར་མིང་།
西西里的美丽传说
རྒྱལ་ཁབ།
ཨ་རི། དབྱི་ཐ་ལི།
སྐད་རིགས།
དབྱིན་སྐད། དབྱི་ཐ་ལིའི་སྐད། ལཱ་ཏིང་སྐད།
འཁྲབ་ཁྲིད་པ།
ཀྲུའུ་སའེ་ཕེ•ཐུའོ་ནཱ་ཏོའུ་ལེ།
གཙོ་འཁྲབ་པ།
མོ་ནེ་ཁཱ•པེ་ལུའུ་ཆི། ཀུའེ་སའེ་ཕེ•སུའུ་ཨར་ཧྥ་ལོའུ།
འགྲེམ་དུས།
2000-10-27
བརྙན་རིགས།
གཏམ་རྒྱུད། བརྩེ་དུང་། དམག་འཁྲུག
ཡུན་ཚད།
སྐར་མ109
1 ནང་དོན་མདོར་བསྡུས།

འདི་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་གཏམ་རྒྱུད་ཅིག་སྟེ། སྐབས་དེར་དབྱི་ཐ་ལི་ཡི་སི་སི་ལིའི་གླིང་ཕྲན་སྟེང་དུ་གནས་པའི་ལྷིང་འཇགས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་མཛེས་སྡུག་ཡིད་དབང་འཕྲོག་པའི་བུད་མེད་མཱ་ལེ་ན་བྱ་བ་ཞིག་ཡོད། ཁོ་མོའི་མཛེས་སྡུག་ལས་འཕྱུར་བའི་ངོ་མཚར་གྱིས་གྲོང་ཚོ་ཡོངས་ཀྱི་སྐྱེས་པ་ཚོའི་ཡིད་དབང་བཀུག་པ་མ་ཟད། ཐ་ན་ལོ་ངོ་བཅུ་གསུམ་ཙམ་ལས་མ་སོན་པའི་བུ་ཆུང་ཝེ་ལི་ཐུ་ཡང་སེམས་གཏིང་ནས་མོ་ལ་དགའ་བ་སྐྱེས་ཤིང་མོའི་མཇུག་མ་ལྟ་བུར་གྱུར།

མ་གཞི། དམག་འཁྲུག་གིས་གྲོང་ཚོ་དེའི་མི་རྣམས་ཀྱི་འཚོ་བ་ལ་གཏོར་བཤིག་དེ་འདྲའི་ཤུགས་ཆེན་བཏང་མེད་ནའང་། དེས་འདྲེ་ལག་ངོ་མ་མཱ་ལེ་ན་ཡི་འཚོ་བའི་ཁྲོད་དུ་བརྐྱངས། ཁོ་མོའི་བཟའ་ཟླ་དམག་འཁྲུག་ཏུ་རང་སྲོག་ཤོར་བའི་བརྡ་ཐོ་འབྱོར་བ་དང་ཆབས་ཅིག ཁོ་མོ་ལའང་མིང་གསར་པ་ཞིག་ཐོབ་པ་ནི་ཡུགས་མོ་ཞེས་པ་དེ་རེད། དེ་ནས་བཟུང་ནུས་མེད་ཀྱི་བུད་མེད་དེ་ནི་སྐྱེས་པ་ཚོའི་རྣམ་ཀུན་གྱི་གླེང་གཞི་དང་མིག་ཟུང་གི་མདའ་མོ་འཕེན་ཡུལ་དུ་གྱུར་ཞིང་། དེ་མཚུངས་བུད་མེད་གཞན་པ་རྣམས་ཀྱི་མིག་ནང་གི་ཚེར་མ་ལྟ་བུར་ཡང་གྱུར། བཀྲ་མི་ཤིས་པའི་གནས་ཚུལ་ནི་གཅིག་རྗེས་གཉིས་མཐུད་ཀྱིས་མོའི་འཚོ་བའི་ཁྲོད་དུ་མངོན་ཡོང་སྟེ། མོ་ད་དུང་རང་ཉིད་ཡུགས་མོ་ཞིག་ཏུ་གྱུར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་མ་ཐར་གོང་། དཀྲོག་གཏམ་གང་བྱུང་གིས་རྐྱེན་པས་མོའི་ཕ་ཡིས་ཁོང་གཉིས་དབར་གྱི་འབྲེལ་བ་བཅད་ཅིང་མི་རིང་བར་ཕ་དེ་མཁའ་དམག་གི་བཙན་འཛུལ་ཞིག་གི་ཁྲོད་ཚེ་ཡི་འཕེན་པ་རྫོགས།

དེའི་རྗེས། ཁོ་མོ་གཞན་གྱིས་ཁྲིམས་ཁང་དུ་སྦྱར་ཞིང་རྒྱུ་ནོར་ཚང་མ་ཤོར་ཏེ། མཐའ་ན་རང་ཉིད་ཀྱི་གྲོད་པ་གང་པོ་དེ་ཡང་རྒྱགས་ཐབས་བྲལ་བའི་ཐབས་རྡུགས་ཀྱི་གནས་སུ་གྱར། དེས་ན་འུ་ཐུག་ཐབས་ཟད་དུ་གྱུར་བའི་བུད་མེད་དེས་རང་ཉིད་ལ་ཡོད་པའི་རྒྱུ་ནོར་གཅིག་པོ་སྟེ་རང་ལུས་ཀྱི་མཛེས་སྡུག་ལ་བརྟེན་ནས་འཚོ་ལམ་མི་འཚོལ་ཀ་མེད་བྱུང་། མཱ་ལེ་ན་ཡི་འཚོ་བ་ལ་ཟླ་བ་མར་ངོར་བྲི་བ་ལྟ་བུའི་འཕོ་འགྱུར་བྱུང་བའི་བརྒྱུད་རིམ་ཡོངས་བུ་ཆུང་ཝེ་ལི་ཐུ་ཡིས་མཐོང་བ་དང་། དེས་ཁོ་པར་ལྷིང་འཇགས་ཀྱི་གྲོང་ཚོ་དེའི་ནང་མི་གཤིས་ཀྱི་གདུག་རྩུབ་ནི་དེ་འདྲའི་སྐྱུག་བྲོ་བ་དང་འཇིགས་སྣང་སྐྱེས་དགོས་པ་ཞིག་ཡིན་པ་ཤེས་སུ་འཇུག་ཅིང་ཁོ་པས་རང་གི་ནུས་པར་བརྟེན་ནས་བུད་མེད་དེ་འཚོ་བའི་འདམ་རྙོག་ལས་འདོན་རྒྱུའི་ཐག་བཅད།

གློག་བརྙན་འདི་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་དབྱི་ཐ་ལིའི་གྲོང་ཚོ་ཆུང་ཆུང་ཞིག་རྒྱབ་ལྗོངས་སུ་བྱས་ནས་གློག་བརྙན་དུ་ཕབ་སྐྲུན་བྱས་པ་ཞིག་ཡིན་པ་དང་། གློག་བརྙན་ཁྲོད་ཀྱི་མི་སྣ་གཙོ་བོ་མཱ་ལེ་ན་ནི་སྐྱེས་བུ་སུས་མཐོང་ཡང་ཡིད་སེམས་དབང་མེད་དུ་འགུལ་ངེས་པའི་མཛེས་མ་ཞིག་ཡིན་སྟེ། མོའི་འཚོ་བའི་འཕོ་འགྱུར་སྣ་ཚོགས་ཞིབ་བཀོད་བྱས་པ་བརྒྱུད་ལྷིང་འཇགས་ཀྱི་གྲོང་ཚོ་དེའི་སྐྱེས་པ་རྣམས་མོའི་མཛེས་སྡུག་ལ་ཞེན་པའི་ཆགས་སེམས་དང་ཡང་བུད་མེད་རྣམས་མོའི་ཁ་སྒོ་སྐྱེ་འབྲས་ལ་ཕྲག་དོག་སྐྱེས་པའི་ངར་སེམས་བཅས་མི་གཤིས་ཀྱི་སྐྱུག་བྲོ་བའི་ཆ་རྣམས་ཇི་མ་ཇི་བཞིན་གཟིགས་མོ་བའི་མིག་ལམ་དུ་བཤམས་ཡོད།

དམག་འཁྲུག་གི་ལོ་ཟླའི་ནང་། ཁེར་རྐྱང་གི་བུད་མེད་ཞིག་ཉིན་ལྟར་ལྷག་བསམ་རྣམ་དག་གིས་རང་གི་བཟའ་ཟླ་དམག་ས་ནས་ལོག་ཡོང་རྒྱུར་རེ་སྒུག་བྱས་ཏེ་ཡོད། འོན་ཀྱང་། རང་རྒྱུད་གཙང་བའི་བུད་མེད་དེ་གྲོང་ཚོའི་ནང་རྣ་བར་མི་སྙན་པའི་དཀྲོག་གཏམ་སྣ་ཚོགས་ཀྱིས་བཏུམས་ཤིང་གྲོང་མི་ཡོངས་ཀྱི་ལབ་གླེང་བྱེད་ཡུལ་དུ་གྱུར། དེ་ཡོད་ཚད་ནི་ཁོ་མོའི་སྒེག་ཉམས་ལས་ཁྲིད་པའི་ཆག་སྒོ་འབའ་ཞིག་ཡིན་ལགས། མོས་མཚན་མོ་རང་གི་བཟའ་ཟླའི་འདྲ་པར་པང་དུ་འཆང་ནས་མཆི་མས་ངོ་གདོང་བརླན་པར་བྱེད་པ་གཞན་གྱིས་མི་ཚོར་བ་མ་ཟད། མོ་ཉིན་ལྟར་རང་གི་ཕའི་སྡོད་གནས་སུ་ཞབས་ཕྱིར་འགྲོ་བའི་སྣང་ཚུལ་ནི་ལབ་གླེང་ལ་སྤྲོ་བའི་གྲོང་མི་ཚོས་མོ་དགའ་རོགས་དང་ཐུག་འཕྲད་དུ་འགྲོ་བར་བཤད་ཀྱིན་ཡོད།

དམག་འཁྲུག་ནི་ནམ་ཡིན་ཡང་འཆི་བདག་དང་འབྲེལ་ཞིང་། མི་རིང་བར་མོའི་ཁྱོ་ག་དམག་ས་རུ་སྲོག་ཤོར་བའི་བརྡ་ཐོ་འབྱོར་བ་དང་། དེ་རྗེས་མོའི་ཕ་ཡང་མཁའ་དམག་གི་འཇབ་རྒོལ་ལས་དགོངས་པ་རྫོགས། ནུས་མེད་ཀྱི་བུད་མེད་དེ་སྐབས་ཅིག་རིང་མྱང་གོས་ལུས་དང་བྲལ་བར་མ་གྱུར། དེས་ན། གྲོང་ཚོའི་ནང་གི་སྐྱེས་པ་ཚོའི་མ་རུང་ཁོག་བཅངས་ཀྱི་བསམ་པ་ནི་ཉིན་རེ་བཞིན་རྒྱས་ལ་བུད་མེད་གཞན་པ་རྣམས་ཀྱི་ཞེ་སྡང་ཡང་ཉིན་རེ་བཞིན་ཕྱིར་མངོན་འོང་། དེ་འདྲའི་མངོན་གསལ་ཆེ་བའི་བསྡུར་བ་ཞིག་ངེད་ཚོའི་མིག་ལམ་དུ་ཆར་འོང་སྟེ་མོ་ནི་མི་རྣམས་ཀྱི་ལབ་གླེང་བྱེད་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡང་། མོའི་སེམས་གཏིང་གི་སྡུག་བསྔལ་དང་དཀའ་ཚེགས་ལ་སེམས་ཁུར་བྱེད་མཁན་ནི་ནར་མ་སོན་པའི་ཕྲུ་གུ་ཆུང་ཆུང་ཞིག་ལས་གཞན་ནི་སུ། མཐའ་མ་གཞན་གྱི་དཀྲོག་གཏམ་འོག་མོ་ཁྲིམས་ཁང་དུ་སྦྱར་བ་དང་སྲིད་གཞུང་གི་སྐྱོབ་གསོའི་དངུལ་ཕྲན་ཙམ་དེའང་མེད་པ་བཟོས། བུད་མེད་རྣམས་ཀྱིས་མོར་ཟ་མ་མི་ཚོང་བ་དང་སྐྱེས་པ་རྣམས་ཀྱང་རང་གི་བཟའ་ཟླར་སྐྲག་ཏེ་མོ་ལག་འོག་གི་གླ་པ་བྱེད་དུ་འཇུག་མི་ཕོད། འུ་ཐུག་ཐབས་ཟད་དུ་གྱུར་བའི་བུད་མེད་ཞིག་ད་གཟོད་རང་གི་ལུས་པོ་བཙོངས་ནས་གྲོད་པ་གང་པོ་དེ་འགྲང་ཐབས་བྱེད་པ་ལས་ཐབས་གཞན་ཅི། དེ་ནི་དམར་རྗེན་གྱི་དོན་དངོས་ཤིག་སྟེ། དམའ་ཐ་སའི་དངོས་པོའི་དཔལ་འབྱོར་གྱི་ཆ་རྐྱེན་ཀྱང་མེད་པའི་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་ད་དུང་བསམ་བློའི་ཐོག་གི་མིང་སྙན་པོ་ལ་སྙེག་པ་ནི་དེ་འདྲའི་དགོད་བྲོ་བ་ཞིག་ཡིན་ཨང་། གྲོང་མི་ཚོས་མཱ་ལེ་ན་ཡི་འཚོ་བར་དཀའ་ཚེགས་ཇི་འདྲ་འཕྲད་པ་མི་ཤེས་ཤིང་ཁོ་མོའི་ནང་སེམས་ཀྱི་འཇིག་རྟེན་ནི་དེ་འདྲའི་དྭངས་གཙང་ཞིག་ཡིན་པ་ཅི་ཡང་མི་ཤེས་པར་ད་དུང་ཡ་རབས་ལུགས་བཟང་ཁ་ལ་ཁྱེར་ཏེ་མོ་ལ་དམའ་འབེབ་བྱེད་པ་ནི་དེ་ལས་ཀྱང་དགོད་བྲོ་བ་ཞིག་རེད་ཨང་།

བུད་མེད་མཛེས་མ་ཞིག་གི་ལས་དབང་རང་བཞིན་ཁ་འབྲས་མཚར་བ་མོའི་ནོར་འཁྲུལ་ག་ལ་ཡིན། འོན་ཀྱང་མི་གཤིས་ཀྱི་སྐྱུག་བྲོ་བ་དང་འཇིགས་པར་སྣང་བའི་གདུག་རྩུབ་ཀྱི་ཆ་དེ་འདྲའི་ཁྲོད། མོ་དང་འཁོན་འཛིན་ཅི་ཡང་མེད་པའི་མི་རྣམས་ཀྱིས་མོའི་ལས་དབང་ལ་བཙན་ཤེད་ཀྱིས་ཁ་ལོ་བསྒྱུར་བཞིན་མཆིས། ཕྱི་ནས་བལྟས་ན་ལྷིང་འཇགས་དང་བག་ཕེབས་སུ་སྣང་བའི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་འཚོ་བཞིན་པའི་མི་རྣམས་ཀྱི་བྱ་སྤྱོད་དེ་ཚོ་མཐོང་སྐབས་རང་དབང་མེད་པར་དབུགས་རིང་ཞིག་ཤོར་ངེས་འདུག་སྟེ། དེ་ནི་རྣམ་ཀུན་ངེད་ཚོའི་འཚོ་བའི་ཁྲོད་དུ་མཐོང་རྒྱུ་མེད་པ་ཞིག་ཀྱང་ག་ལ་ཡིན་སྲིད། སྐྱེས་བུ་བཟང་པོ་ག་ཚོད་དང་ག་ཚོད་གཞན་གྱི་དཀྲོག་གཏམ་དང་མ་རུངས་ཁོག་བཅངས་ཀྱི་འོག་རང་གི་ལས་དབང་གི་ཁ་ལོ་ལྡོག་འགྲོ་བ་རེད་ཨང་། གལ་ཏེ་རང་ཉིད་སེམས་དབུས་ཀྱི་ཉོན་མོངས་དུག་གསུམ་སྤངས་པའི་བློ་མི་སྐྱེ་ཚེ་སྐྱུག་བྲོ་ལ་ཡ་ང་བའི་གནས་ཚུལ་དེ་འདྲ་ནི་གཅིག་རྗེས་གཉིས་མཐུད་ཀྱིས་ངེད་ཚོའི་འཚོ་བའི་ཁྲོད་དུ་མངོན་ངེས། དེའང་མཐའ་མ་ཕུང་བ་ནི་རང་ཉིད་སོ་སོ་ཡིན་པ་ནི་སུས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ཡིན་ངེས།

2 དཔྱད་གཏམ།

གློག་བརྙན་ནང་ད་དུང་གཟིགས་མོ་བའི་དང་བ་འདྲེན་ནུས་པའི་བྱུང་རིམ་གྱི་ཆ་གཞན་ཞིག་ཡོད་པ་ནི། ནར་མ་སོན་པའི་བུ་ཆུང་ཝེ་ལི་ཐུ་ཡིས་བུད་མེད་དེར་བཅངས་པའི་བརྩེ་བ་དེ་ཡིན། དེ་ནི་བལྟས་པ་ཙམ་གྱིས་དགོད་བྲོ་བ་ཞིག་དུ་སྣང་ཡང་ཕྱོགས་གཞན་ཞིག་ནས་བསམ་ན་དེ་འདྲའི་ལྷད་མེད་པ་ཞིག་རེད། སྐབས་རེར། ངེད་ཚོའི་འཚོ་བའི་ཁྲོད་དུ་མངོན་འགྱུར་བྱེད་པར་དཀའ་ཡང་ནམ་ཡང་སེམས་དབུས་ནས་བསུབ་པར་དཀའ་བའི་བརྩེ་དུང་དེ་འདྲ་ཞིག་སྦས་ཡོད་སྲིད་དེ། ཁྱེད་ཀྱིས་མངོན་གསལ་མེད་ས་ནས་ཕ་རོལ་པོའི་བྱ་བྱེད་ལ་གཅིག་གཅིག་གཉིས་གཉིས་ཀྱིས་སེམས་ཁུར་བྱེད་ཅིང་། ཕ་རོལ་ལ་དཀའ་ངལ་འཕྲད་སྐབས་རོགས་རམ་བྱེད་ཐབས་བྲལ་བས་རང་གིས་རང་ལ་འཁང་ར་བྱེད་སྲིད་ལ། ཕ་རོལ་པོ་སྤྲོ་སྣང་འཕེལ་བས་རང་ཉིད་ཀྱང་མཉམ་དུ་སེམས་དབུས་སུ་དྲོ་སོབ་སོབ་བྱེད་སྲིད། དེ་ནི་ཝེ་ལི་ཐུ་དང་འདྲ་བར་ངེད་ཚོ་ན་གཞོན་སྐབས་སེམས་དབུས་སུ་སྦས་པའི་གསང་བ་ཞིག་ཡིན་ངེས་ཤིང་། དེ་དང་འབྲེལ་བའི་དྲན་ཤེས་ནི་བསམ་ཡུལ་ལས་འདས་པའི་ཁ་གསལ་ཞིག་སྟེ་ཐམས་ཅད་ནན་ཏན་གྱིས་སེམས་དབུས་སུ་བརྐོས་པ་བཞིན་རིང་བར་གསལ་གྱི་ལེར་གནས་ངེས་རེད་ཨང་། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-19

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།