སྲན་ལེབ་འདེབས་པའི་ལག་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་སྲན་ལེབ་འདེབས་པའི་ལག་རྩལ་གྱི་ས་ཐང་སྙོམ་པ་དང་ལུད་འཇོག་པ། ས་བོན་བཟང་བོ་འདེམ་པ་དང་ས་བོན་ལས་སྣོན་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
扁豆播种技术
རིགས་དབྱེ།
འབྲུ་རིགས་འདེབས་འཛུགས།
1 ས་ཐང་སྙོམ་པ།

སྟོན་ལོག་བརྒྱབ་པ་བཟང་ན་ཞིང་སའི་ངོ་ཇེ་ཆེར་འགྲོ་བ་དང་སེར་འཛིན་པ། རྩྭ་ལྡུམ་གསོད་པ། ནད་འབུའི་གནོད་སྐྱོན་ཇེ་ཉུང་དུ་གཏོང་བ་བཅས་བྱེད་ཐུབ། འདི་ནི་སྲན་མྱུག་སྦོབ་པོ་སྐྱེ་བའི་རྨང་གཞི་ཡིན། སྲན་ལེབ་ནི་རྩ་ལག་ཡོད་པའི་སྐྱེ་དངོས་ཀྱི་རིགས་ཤིག་ཡིན་པ་དང་། སྲན་ལེབ་ཀྱི་རྩ་ལག་དང་རྩད་རྡོག་དེ་སའི་ཁ་སོབ་པ་དང་གཏིང་སྲ་བ། ཆུའི་འདུས་ཚད20%ཡན་ཡིན་པའི་སྐབས་སུ་ད་གཟོད་སྐྱེ་འཕེལ་ཡག་པོ་འབྱུང་བ་རེད། དེ་བས་ལོག་བཟང་བོ་རྒྱག་པ་དང་། ས་ཐང་བཟང་བོ་སྙོམ་རྒྱུ་ནི་ཧ་ཅང་གལ་ཆེ། ལྷག་པར་ཡང་སྲན་ཤུལ་བསྐྱར་འདེབས་བྱེད་སར་དེ་བས་ཀྱང་གལ་ཆེའོ།།

2 རྨང་ལུད་འཇོག་པ།

དཔྱིད་ཀར་ཤལ་མ་བརྒྱབ་པའི་སྔོན་ལ། ས་མུའུ་རེར་རུལ་ལུད་དང་ཟོག་ལུད་སྤྱི་རྒྱ2000དང་ལིན་སོན་ཨེར་ཨན་སྤྱི་རྒྱ10ཏན་ལིན་ཅཱ་འདུས་ཚད་ཚང་མ15%ཡིན་པའི་རྒྱུ་མང་མང་སྦྱོར་རྫས་ལུད་སྤྱི་རྒྱ5བཅས་མཉམ་དུ་ལེགས་པོར་བསྲེས་ནས་སྲབ་མཐུག་མེད་པར་ཞིང་ཐོག་ཏུ་གཏོར་ནས་ཤལ་བརྒྱབ་སྟེ་ས་འོག་ཏུ་འཇུག་དགོས།

3 ས་བོན་བཟང་བོ་འདེམ་པ།

འཕྲོད་མཐུན་གྱི་ས་བོན་བཟང་བོ་འདེམ་པ་ནི་སྲན་ལེབ་ཐོན་སྐྱེད་སྔོན་འགྲོའི་ཆ་རྐྱེན་དང་ནང་རྐྱེན་ཡིན། ས་གནས་དེ་གའི་རང་བྱུང་ཆ་རྐྱེན(ནང་ཟླ་དང་ས་གཤིས་སོགས་འདུས)དང་ཐོན་སྐྱེད་ཆུ་ཚད། ས་བོན་གྱི་སྐྱེ་ལུགས་ལྟར་སྐྱེ་ཡུན་འཚམས་པ་དང་་གཉན་འགོག་རང་བཞིན་ཆེ་བ། ཐོན་ཚད་མཐོ་བ་བཅས་ཀྱི་སྲན་ལེབ་སྤུས་བཟང་འདེམ་དགོས།

4 ས་བོན་གྱི་ལས་སྣོན།
4_1 ས་བོན་ཞིབ་འདེམ་བྱེད་པ།

མ་བཏབ་པའི་སྔོན་ལ་ས་བོན་ཞིབ་འདེམ་བྱེད་པ་ནི་ས་བོན་གྱི་རྒྱུ་སྤུས་ཇེ་བཟང་དུ་གཏོང་བའི་ཐབས་ལམ་དམ་པ་ཞིག་ཡིན་པ་དང་། ས་བོན་གྱི་རྒྱུ་བ་བཟང་ངན་གྱིས་སྲན་ལེབ་ཀྱི་མྱུ་གུ་ཆ་མཉམ་པ་དང་མྱུ་གུ་སྦོམ་པ། མྱུ་གུ་ཚང་མ་སྐྱེ་བ་བཅས་ལ་ཐད་ཀར་ཤན་ཤུགས་ཐེབས་བཞིན་ཡོད། མ་ཆེ་ན་བུ་ཡང་ཆེ་བ་ལྟར། སྲན་རྡོག་ཆེ་ཞིང་ཆ་མཉམ་པའི་ས་བོན་གྱིས10%ཡས་མས་ཐོན་འཕར་བྱེད་ཐུབ། དེ་བས་མ་བཏབ་པའི་སྔོན་ལ་ངེས་པར་དུ་མིས་སྲན་རྡོག་འདེམ་པའམ་ས་བོན་འདེམ་ཆས་ཀྱིས་ས་བོན་ཞིབ་འདེམ་བྱེད་དགོས།

4_2 ས་བོན་ལ་ཕྱི་ཐུམ་རྒྱག་པ།

མ་བཏབ་པའི་སྔོན་ལ་སྲན་ལེབ་ཀྱི་ས་བོན་ལ་སྨན་ཐུམ་གྱིས་ཕྱི་ཐུམ་བརྒྱབ་ན། སྒོང་སྦྲུམ་སྐུད་འབུ(抱囊线虫)དང་རྩད་རུལ་སྲིན་ནད(根腐病)སོགས་ས་འོག་གི་ནད་འབུའི་གནོད་འཚེ་འགོག་བཅོས་བྱེད་ཐུབ། སྲན་ལེབ་ཀྱི་ས་བོན་སྨན་ཐུམ་བྱང་ཕྱོགས་རྟགས་ཅན་གྱི30%ཡི་ཁི་ཧྥི་ཏའོ(克福多)སྤྱད་ནས་ས་བོན་ལ་ཕྱི་ཐུམ་རྒྱག་དགོས། སྨན་དང་ས་བོན་གྱི་བསྡུར་ཚད1:60ཡིན། འབུ་རྟགས་ཅན(蚜牌)གྱི35%ཡི་ཏའོ་ཁི་ཧྥུ(多克福)སྤྱད་ན། སྨན་གྱི་བསྡུར་ཚད1:80ཡིན། སྲན་ལེབ་ཀྱི་ས་བོན་སྨན་ཐུམ་ཨང4བ་དང་། ND2བརྒྱད་གཅིག་ནུང་ཏུའི35%ཅན་གྱི་ཏའོ་ཁི་ཧྥུ་ས་བོན་སྨན་ཐུམ། མཱིས་ཧྲན(密山)གྱི35%ཅན་གྱི་ཏའོ་ཁི་ཧྥུ་ས་བོན་སྨན་ཐུམ་བཅས་སྤྱད་ན། སྨན་གྱི་བསྡུར་ཚད1:70ཡིན། ས་བོན་སྨན་ཐུམ་གྱིས་མི་ཕྱུགས་ལ་དུག་ཕོག་པས་ཕྱི་ཐུམ་རྒྱག་པའི་སྐབས་སུ་འཕྲུལ་འཁོར་སྤྱད་ན་བཟང་བ་དང་། མིས་ཕྱི་ཐུམ་བརྒྱབ་ན་ངེས་པར་དུ་འགྱིག་ཤུན་ལག་ཤུབས་གོན་དགོས།

4_3 སྨན་རྫས་ཀྱིས་ས་བོན་འཕུར་བ།

མ་བཏབ་པའི་སྔོན་དུ་ས་བོན་ལ་སྨན་གྱིས་ལས་སྣོན་བྱས་ན་ས་འོག་གི་ནད་འབུའི་གནོན་སྐྱོན་ལ་འགོག་བཅོས་ཀྱི་ནུས་པ་ལྡན། ས་བོན་ལ་སྨན་བསྲེས་པའི་སྐབས་སུ། 50%ཅན་གྱི་ཏའོ་ཅུན་ལིན་ནམ50%ཅན་གྱི་ཏའོ་ཧྥུ་ཧི་ཅི་ཨན་སྤྱད་ནས་ས་བོན་ལྗིད་ཚད་ཀྱི0.4%ལྟར་ས་བོན་ལ་སྨན་བསྲེས་ན་རྩད་རུལ་སྲིན་ནད་འགོག་བཅོས་བྱེད་ཐུབ། ས་མུའུ་རེར5%ཅན་གྱི་ཅཱ་དེ་ལིན་རིལ་སྨན་སྤྱི་རྒྱ2ཀྱི་ནང་དུ་བསྲེས་ནས་ས་བོན་གྱི་ལུད་དང་མཉམ་དུ་གཏོར་ནའང་ཆོག

4_4 ལུད་ཀྱིས་ས་བོན་བསྲེས་པ།

མོལ་སོན་ཨན་གྱིས་ས་བོན་བསྲེས་པ། ཕེད(铂)ལུད་སྤྱད་ན་ཏན་ལེན(固氮)ནུས་པ་ཇེ་མཐོར་ཏོང་བ་དང་། སྲན་ལེབ་ཀྱི་ཐོན་ཚད་ཇེ་མཐོར་གཏོང་ཐུབ། བྱེད་ཐབས། སྲན་མའི་ས་བོན་སྤྱི་རྒྱ་རེར1%ཅན་གྱི་ཁི་ཕེད་སོན་ཨན་སྤྱོད་དགོས་ཤིང་། སྨན་དེ་ཆུ་ལ་སྦངས་ནས་ཞུ་རུ་འཇུག་དགོས། ཆུ་སྤྱོད་ཚད་ས་བོན་ལྗིད་ཚད་ཀྱི1%(ཆུ་མང་ན་ས་བོན་གྱི་ཕྱི་ཤུན་ལྷུང་དུ་འཇུག)ཡིན་པ་དང་། ས་བོན་གྱི་སྟེང་ལ་ཆ་སྙོམས་པོར་གཏོར་ཏེ་གྲིབ་བསིལ་འོག་ནས་མཉམ་བསྲེས་བྱེད་དགོས། ས་བོན་བསྲེས་རྗེས་ཉི་མར་སྐམ་ན་ཤུན་པགས་གས་འགྲོ་བས་མྱུ་གུ་འབུས་པར་གནོད། དོར་དེར་གཟབ་དགོས། གལ་ཏེ་ས་བོན་ལ་སྨན་བསྲེས་དགོས་ཚེ། མོལ་ལུད་བསྲེས་པའི་ས་བོན་བསིལ་སྐམ་བྱས་རྗེས་ད་གཟོད་སྨན་རྫས་གཞན་དག་བསྲེས་ན་འགྲིག

ལིག་སོན་ཞིན (硫酸锌)གྱིས་ས་བོན་བསྲེས་པ། ཏི་ཚ་ཆད་པའི་ས་ཁུལ་ནས་ལིག་སོན་ཞིན་སྤྱད་ནས་ས་བོན་བསྲེས་ན་ཐོན་འབབ་ཀྱི་ནུས་པ་མངོན་གསལ་ཡོད། ས་བོན་སྤྱི་རྒྱ་རེར་ལིག་སོན་ཞིན་ཁེ4-6སྤྱོད་པ་དང་། ཆུ་ལ་སྦངས་ནས་ཞུ་རུ་འཇུག་དགོས། ཆུ་སྤྱོད་ཚད་ས་བོན་ལྗིད་ཚད་ཀྱི1%ཡིན་པ་དང་། ས་བོན་གྱི་སྟེང་ལ་ཆ་སྙོམས་ཀྱིས་གཏོར་ནས་མཉམ་བསྲེས་བྱེད་དགོས།

5 འོས་མཐུན་གྱིས་ས་གསོར་འདེབས་བྱེད་པ།

སྲན་ལེབ་འདེབས་ན་སོག་ཤུལ་བསྐྱར་འདེབས་སམ་སོག་གཅིག་བརྗེ་འདེབས་གཏན་ནས་བྱ་མི་རུང་། ཐོན་སྐྱེད་ལག་ལེན་ལས་བདེན་དཔང་་བྱུང་བ་ལྟར་ན། སོག་ཤུལ་བསྐྱར་འདེབས་སམ་སོག་གཅིག་བརྗེ་འདེབས་བྱས་ན་སྐྱེ་འཕེལ་དལ་བ་དང་། གཞུང་རྟ་དམའ་ཞིང་ཕྲ་ལ་ལོ་མ་སེར། ནད་འབུའི་གནོད་སྐྱོན་འབྱུང་སླ། འཛུམ་བུ་ཉུང་། སྲན་རྡོག་ཆུང་། ཐོན་ཚད་མར་ཆག་པ་མངོན་དུ་གསལ་བ་བཅས་སོ།། དེ་བས་སྲན་ལེབ་ཐོན་སྐྱེད་ཀྱི་ཕྱོགས་ནས་སོག་ཤུལ་བསྐྱར་འདེབས་སམ་སོག་གཅིག་བརྗེ་འདེབས་ལ་ཅི་ནུས་ཀྱིས་འཛེམ་དགོས་ལ། སྲན་རིགས་གཞན་དག་གི་སོག་ཤུལ་དུའང་མ་བཏབ་ན་བཟང་། ལོ་གསུམ(ལོ་གསུམ་འདུས)ཡན་གྱི་སོག་ཤུལ་སོར་འདེབས་འོས་མཐུན་བྱས་ཏེ་སོག་ཤུལ་བསྐྱར་འདེབས་སམ་སོག་གཅིག་བརྗེ་འདེབས་མི་བྱེད་པ་དང་མུ་འདེབས་བྱས་ནས་ནད་འབུའི་གནོད་སྐྱོན་ཇེ་ཆེར་བཏང་སྟེ་སྲན་ལེབ་ཀྱི་ཐོན་ཚད་དང་སྤུས་ཚད་ལ་ངན་ཤུགས་ཐེབས་པ་ཇེ་ཉུང་དུ་གཏོང་དགོས། འོས་མཐུན་གྱི་གསོར་འདེབས་བྱེད་ཐབས། གཙོ་བོ་སྟེ། སྲན་ལེབ—སྐེ་ཚེ—གྲོ། སྲན་ལེབ—གྲོ—ཞོག་ཁོག སྲན་ལེབ—ནས—མ་རྨོས་ལོ་ཏོག་བཅས་གསོར་འདེབས་ལམ་ལུགས་ལག་བསྟར་བྱེད་དགོས།

སོག་ཤུལ་བསྐྱར་འདེབས་མ་བྱས་ན་མི་ཆོག་པའི་གནས་ཚུལ་བྱུང་ན་ལུད་ཤེད་ཅུང་ཆེ་བའི་ཞིང་ས་བདམས་ནས་འདེབས་པ་དང་། སོག་ཤུལ་བསྐྱར་འདེབས་མི་བྱེད་པར་སོག་གཅིག་བརྗེ་འདེབས་རྒྱུན་འཁྱོངས་བྱེད་དགོས། སོག་ཤུལ་བསྐྱར་འདེབས་མ་བྱས་ན་མི་ཆོག་པའི་ཚེ་ནའང་བྱེད་ཐབས་བཟང་བོ་སྤྱད་ནས་ཐོན་ཚད་མར་ཆག་པའི་གནད་དོན་ཐག་གཅོད་དགོས། སྤྱིར་བཏང་དུ་ཞིང་ལུད་ཇེ་མང་དུ་གཏོང་བ་དང་རྫས་ལུད་འདང་ངེས་འཇོག་པའི་རྨང་གཞིའི་སྟེང་དུ་ས་མུའུ་རེར5%ཡི་ཅཱ་དང་ལིན་སྤྱི་རྒྱ1.5-2.5བཅས་ལུད་རྫས་ནང་དུ་ཆ་སྙོམས་ཀྱིས་བསྲེས་ནས་ཞིང་སའི་ཐོག་ཏུ་གཏོར་དགོས། ཐོན་སྐྱེད་ལག་ལེན་གཞིར་བཟུང་ན། བྱེད་ཐབས་དེར་སོག་ཤུལ་བསྐྱར་འདེབས་བྱས་ནས་ཐོན་ཚད་མར་ཆག་པའི་གནད་དོན་ཐག་གཅོད་པར་ཕན་ནུས་བཟང་བོ་ལྡན།

6 ནད་དང་གནོད་འབུ་འགོག་བཅོས།

སྲན་ལེབ་ལ་གནོད་འཚེ་གཏོང་བའི་གནོད་འབུའི་རིགས་ཧ་ཅང་མང་བ་དང་། ཐོན་ཚད་དང་སྤུས་ཚད་ལ་ངན་ཤུགས་ཚབས་ཆེན་ཐེབས་ལ། གནོད་འབུ་བྱུང་བའི་གནས་ཚུལ་ལྟར་དུས་ཐོག་ཏུ་སྨན་རྫས་གཏོར་ནས་འགོག་བཅོས་བྱེད་དགོས། སྲན་ལེབ་ཀྱི་བཙའ་ནད་མང་ཆེ་བ་དྲོད་ཚད་མཐོ་ཞིང་བརླན་ཚད་ཆེ་བའི་ཆ་རྐྱེན་འོག་འབྱུང་བ་དང་། ནད་བྱུང་རྗེས་སན་ཙའོ་ཐང(三唑酮)657g/hm2ཆུ་སྤྱི་རྒྱ1125ནང་དུ་བསྲེས་ནས་གཏོར་ཏེ་འགོག་བཅོས་བྱེད་དགོས། སྲན་སྙིང་ཟ་འབུ་ཡིས་ཟླ8པའི་ཟླ་མཇུག་ལ་གནོད་སྐྱོན་བཟོ་བ་ཡིན་པས། ཟླ8པའི་ཟླ་དཀྱིལ་ལ་འབུ་ལག་ཆགས་པའི་སྐབས་སུ་ཏེ་ཏེ་ཝེ་ཡིས་རླངས་བཏུག་བྱེད་པ་ནི་སྲན་སྙིང་ཟ་འབུ་འགོག་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན། མེ་ཏོག་དང་གང་བུ་ཐོགས་པའི་སྐབས་སུ་སྲན་གང་ཟ་འབུ(豆荚螟)དང་ཟམ་འབུ(造桥虫)སྲན་འབུ་མེ་ལྕེབས་སོགས་ལག་མ་ཆགས་པའི་སྔོན་ལ4.5%ཅན་གྱི་ལུའི་ཅིན་ཅུ་ཀྲི(氯氰菊酯)375ml/hm2དང་ཅ་ཞིན་ལིག་ལིན(加辛硫酸)600ml/hm2ལ་ཆུ་སྤྱི་རྒྱ450བསྲེས་ནས་གཏོར་དགོས། སྡོམ་དམར་དང་སྐྱེ་འབུ་ལ1.8%ཨ་ཝེ་སྲིན་རྒྱུ(阿维菌素)225ml/hm2ལ10%ཡི་པིས་ཁྲུན་ལིན300g/hm2བསྣན་ཏེ་ཆུ་སྤྱི་རྒྱ450བསྲེས་ནས་གཏོར་དགོས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-12-18

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།