བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།
བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ཞེས་པ་འདི་ནི་བོད་ཀྱི་བསྐལ་བ་ཡ་ཐོག་གི་གནའ་རབས་ཀྱི་ལོ་རྒྱུས་ནས་ཉེ་རབས་བོད་ཞི་བས་བཅིངས་འགྲོལ་བྱས་པའི་སྐོར་གྱི་ལོ་རྒྱུས་ཁ་ཚང་ཉིད་བོད་ཀྱི་ལོ་རྒྱུས་ཀྱི་གཞུང་གཞིར་བཞག་སྟེ་རྒྱལ་རབས་རིམ་བྱུང་དང་ཆོས་སྲིད་ཀྱི་བྱུང་བ་གཞུང་རྟར་བྱས་ཤིང་གཞན་རིགས་ལོ་རྒྱུས་ཀྱིས་ཟུར་བརྒྱན་ཏེ་བྲིས་པའི་དེང་རབས་ལུགས་ཀྱི་ལོ་རྒྱུས་དཔེ་དེབ་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《藏族简史》
རྩོམ་པ་པོ།
རྒྱལ་མོ་འབྲུག་པ།
དཔེ་སྐྲུན་ཁང་།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2015ལོའི་ཟླ8པ།
1 རྩོམ་པ་པོ།

རྒྱལ་མོ་འབྲུག་པ་ལགས་ནི་སྤྱི་ལོ1957ལོའི་ཟླ6པར་མདོ་སྨད་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་རྒྱལ་མོ་དགོན་ཞང(དེང་སང་གི་ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་གྱི་ཁོངས)དུ་འཁྲུངས། ཁོང་ནི་བོད་ཀྱི་ལོ་རྒྱུས་མཁས་པ་ཞིག་ཡིན། ད་ལྟ་ཁོང་གིས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དབུ་འཛིན་དང་། རྩོམ་ཞུས་པ་ཆེན་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་དམིགས་བསལ་གསབ་ཕོགས་ཐོབ་པའི་ཆེད་མཁས་པ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི། ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་གདན་ཞུས་ཞིབ་འཇུག་པ། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་དར་སྤེལ་མཐུན་ཚོགས་ཀྱི་ལས་འཛིན། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་འདེམ་དབང་ཡོད་པའི་ཁོངས་མི་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།

ཁོང་གིས་དུས་ཡུན་རིང་བོར་བོད་ཡིག་དཔེ་སྐྲུན་གྱི་ཕྱག་ལས་གནང་ཞོར་དུ་བོད་ཀྱི་ལོ་རྒྱུས་ཕྱོགས་ལ་སློབ་སྦྱོང་དང་ཞིབ་འཇུག་གནང་ནས《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》ཞེས་པའི་པར་གཞི་དང་པོ་དང་གཉིས་པ་དེ་སྔ་མི་རིགས་དཔེ་སྐྲུང་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པ་དང་། དུས་མཚུངས་སུ་རིག་གཞུང་ཞིབ་འཇུག་ཐད་ཀྱི་དཔྱད་རྩོམ་གང་མང་ཞིག་ཀྱང་བོད་རིག་པའི་རིག་གཞུང་དུས་དེབ་གཙོ་གྲས་སུ་སྤེལ་ཡོད།

2 ངོ་སྤྲོད།

ནང་དོན་གཙོ་བོ་ནི་བོད་ཀྱི་ལོ་རྒྱུས་གླེང་བའི་སྔོན་འགྲོ་ཞེས་པ་ས་བཅད་དང་པོ་བྱས་ཤིང་། བོད་གནའ་རབས་ཀྱི་ལོ་རྒྱུས་བཤད་པ། བོད་ཆེན་པོའི་སྐབས་ཀྱི་ལོ་རྒྱུས་བཤད་པ། བོད་སིལ་བའི་སྐབས་ཀྱི་ལོ་རྒྱུས་བཤད་པ། ས་སྐྱ་བའི་སྐབས་ཀྱི་ལོ་རྒྱུས་བཤད་པ། ཕག་མོ་གྲུ་པའི་སྐབས་ཀྱི་ལོ་རྒྱུས་བཤད་པ། དགའ་ལྡན་ཕོ་བྲང་བའི་སྐབས་ཀྱི་ལོ་རྒྱུས་བཤད་པ་བཅས་ཡོངས་སུ་ས་བཅད་བདུན་གྱི་བདག་ཉིད་ཅན་ཏེ། ནང་གསེས་སུ་སོ་སོར་ལེ་ཚན་དུ་མས་བོད་ཀྱི་སྣོད་བཅུད་ཆགས་ཚུལ་ནས་མིའི་འགྲོ་བ་བྱུང་ཚུལ་དང་། བོད་གདོད་མའི་དུས་ཀྱི་གནས་ཚུལ། སྔ་རབས་བཙན་པོ་རིམ་བྱུང་གི་ལོ་རྒྱུས་དང་སྐབས་དེའི་རྒྱལ་ཕྲན་སུམ་པ་དང་ཞང་ཞུང་གི་སྐོར་དང་། བོད་ཆེན་པོའི་རྒྱལ་རབས་རིམ་བྱུང་གི་མཛད་འཕྲིན་དང་ཞར་བྱུང་འཇང་དང་འ་ཞའི་སྐོར། བོད་སིལ་བའི་སྐབས་ཀྱི་བསྟན་པ་དར་ནུབ་དང་དབུས་གཙང་དང་མངའ་རིས། མདོ་སྨད་བཅས་སུ་བྱོན་པའི་བཙན་པོའི་གདུང་རྒྱུད་གྱེས་ཚུལ་དང་། ཞར་བྱུང་གླིང་རྒྱལ་པོ་དང་མི་ཉག་རྒྱལ་རབས་ཀྱི་སྐོར། ས་སྐྱ་བའི་སྐབས་སུ་ཧོར་བོད་བར་གྱི་འབྲེལ་གཏུག་དང་ས་པཎ་ཁུ་དབོན་གྱི་མཛད་རྗེས། ཕག་གྲུའི་སྐབས་སུ་བོད་སྤྱིའི་གནས་ཚུལ་ལས་དབུས་གཙང་དང་སྒོས་སུ་མདོ་སྨད་དང་ཁམས་ཕྱོགས་ཀྱི་གནས་ཚུལ་བཤད་པ་ཞེས་ལེ་ཚན་ལོགས་སུ་བཏོན་ནས་གླེང་ཡོད་པ་དང་། དེ་མིན་དགའ་ལྡན་ཕོ་བྲང་བའི་སྐབས་ཀྱི་བོད་སོག་མཆོད་ཡོན་བར་གྱི་འགལ་འབྲེལ་སོགས་རེ་རེ་བཞིན་ཞིབ་ཅིང་གསལ་བར་རྩོམ་འབྲི་བྱས་ཡོད་པ་ནི་དེབ་འདིའི་བརྗོད་བྱའི་ཁྱད་ཆོས་གཙོ་བོར་ངེས་ཤིང་། རྗོད་བྱེད་ཐད་ཚིག་ཉུང་ལ་དོན་འདུས་པ་དང་རྒྱས་བསྡུས་འཚམ་ཞིང་གོ་རིམ་ལྡན་པར་མ་ཟད། ཡང་སྔོན་རབས་ལོ་རྒྱུས་གཞན་དག་བསྐྱར་འབྲི་དང་ལད་ཟློས་ཙམ་མ་ཡིན་པར། ལོ་ཚིགས་དང་ལོ་རྒྱུས་ཀྱི་དོན་རྐྱེན་སྣ་ཚོགས་ལོ་རྒྱུས་ཡིག་ཆ་ཁུངས་བཙུན་དང་ལྷག་པར་ཏུན་ཧོང་གཏེར་ཡིག་དང་རྡོ་རིང་ཡི་གེ་སོགས་ལ་ཁུངས་གཏུགས་ཏེ་རང་བློས་གང་ལྕོགས་སུ་བརྟག་དཔྱད་བྱས་ཐོག བོད་ཡིག་ལོ་རྒྱུས་ནང་གནས་ཚུལ་ཁ་མི་གསལ་བ་དང་བྱུང་བ་སྟོངས་པའི་རིགས་རྣམས་ཡིག་རིགས་གཞན་དག་ལས་ཁ་སྐོང་དང་ཟུར་བལྟས་སུ་བཟུང་སྟེ་ཞིབ་རྒྱས་སུ་བྲིས་ཡོད་ལ། སྔ་ཕྱིའི་ལོ་ཚིགས་ཁ་གསལ་ཞིང་། ལོ་རྒྱུས་ཀྱི་བྱུང་བ་རྣམས་འབྲེལ་ཆགས་ཚགས་དམ་པ། ཚིག་སྦྱོར་གནད་དྲིལ་ལ་གོ་བདེ་བ་ཞིག་ཡིན་པས། ལས་དང་པོ་ལ་ཤིན་ཏུ་མཁོ་བའི་ལོ་རྒྱུས་དཔེ་དེབ་ལེགས་པོ་ཞིག་ཡིན།

3 དཀར་ཆག

ས་བཅད་དང་པོ། བོད་ཀྱི་ལོ་རྒྱུས་གླེང་བའི་སྔོན་འགྲོ།

དང་པོ། སྔོན་འགྲོ།

གཉིས་པ། སྤྱི་བཤད།

ས་བཅད་གཉིས་པ། བོད་གནའ་རབས་ཀྱི་ལོ་རྒྱུས་བཤད་པ།

དང་པོ། བོད་གདོད་མའི་སྐབས་ཀྱི་གནས་ཚུལ།

གཉིས་པ། སྔ་རབས་བོད་ཀྱི་བཙན་པོ་རིམ་བྱུང་།

གསུམ་པ། རྒྱལ་ཕྲན་སིལ་མ་འགའ་བཤད་པ།

ས་བཅད་གསུམ་པ། བོད་ཆེན་པོའི་སྐབས་ཀྱི་ལོ་རྒྱུས་བཤད་པ།

དང་པོ། བོད་ཆེན་པོའི་རྒྱལ་རབས་རིམ་བྱུང་།

གཉིས་པ། ཞར་བྱུང་རྒྱལ་ཕྲན་སྐོར་བཤད་པ།

ས་བཅད་བཞི་པ། བོད་སིལ་བུའི་སྐབས་ཀྱི་ལོ་རྒྱུས་བཤད་པ།

དང་པོ། བོད་སིལ་བུར་ཐོར་བའི་གནས་ཚུལ།

གཉིས་པ། རྒྱལ་ཕྲན་སིལ་མའི་སྐབས་ཀྱི་བྱུང་བ།

གསུམ་པ། ཞར་བྱུང་རྒྱལ་ཕྲན་སྐོར་བཤད་པ།

བཞི་པ། བསྟན་པ་ཕྱི་དར་བྱུང་ཚུལ་སྐོར་བཤད་པ།

ས་བཅད་ལྔ་པ། དཔལ་ལྡན་ས་སྐྱ་བའི་སྐབས་ཀྱི་ལོ་རྒྱུས་བཤད་པ།

དང་པོ། དཔལ་ལྡན་ས་སྐྱ་བའི་གདུང་རབས་བྱུང་ཚུལ་སྐོར།

གཉིས་པ། བོད་ཧོར་བར་གྱི་འབྲེལ་གཏུག་སྐོར་བཤད་པ།

གསུམ་པ། ས་པཎ་ཁུ་དབོན་གྱི་མཛད་འཕྲིན་སྐོར་བཤད་པ།

བཞི་པ། ས་སྐྱ་བས་བོད་སྲིད་བསྐྱངས་ཚུལ་སྐོར་བཤད་པ།

ས་བཅད་དྲུག་པ། དཔལ་ཕག་མོ་གྲུ་པའི་སྐབས་ཀྱི་ལོ་རྒྱུས་བཤད་པ།

དང་པོ། དཔལ་ཕག་མོ་གྲུ་པའི་སྲིད་དབང་བྱུང་ཚུལ།

གཉིས་པ། ཕག་གྲུའི་དཔོན་ཕྱི་མ་རིམ་བྱོན་གྱིས་བོད་སྲིད་བསྐྱངས་ཚུལ།

གསུམ་པ། སྐབས་དེའི་བོད་སྤྱིའི་གནས་ཚུལ།

བཞི་པ། རིན་སྤུངས་པ་དང་གཙང་པ་སྡེ་སྲིད་ཀྱི་སྐོར་བཤད་པ།

ལྔ་པ། སྐབས་དེའི་བོད་སོག་བར་གྱི་འབྲེལ་བའི་སྐོར་བཤད་པ།

ས་བཅད་བདུན་པ། དགའ་ལྡན་ཕོ་བྲང་བའི་སྐབས་ཀྱི་ལོ་རྒྱུས་བཤད་པ།

དང་པོ། དགའ་ལྡན་ཕོ་བྲང་བའི་སྲིད་དབང་བྱུང་ཚུལ།

གཉིས་པ། རྒྱལ་དབང་དྲུག་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ཀྱི་གནས་ཚུལ།

གསུམ་པ། རྒྱལ་དབང་བདུན་པ་ཆེན་པོའི་སྐབས་ཀྱི་གནས་ཚུལ།

བཞི་པ། རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་སྐབས་ཀྱི་གནས་ཚུལ།

ལྔ་པ། རྒྱལ་དབང་སྐུ་ཕྲེང་དགུ་པ་ནས་བཅུ་གཉིས་པའི་བར་གྱི་གནས་ཚུལ།

དྲུག་པ། རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་སྐབས་ཀྱི་གནས་ཚུལ།

བདུན་པ། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་སྐུ་ཚེ་སྟོད་ཀྱི་གནས་ཚུལ་དང་། བོད་མི་དམངས་བཅིངས་འགྲོལ་ཐོབ་ཚུལ།

ཟུར་བཀོད་རེའུ་མིག

བསྐྱར་བསྐྲུན་མཇུག་བྱང་།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-25

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།