སྐད་བརྡ་རིག་པའི་སྤྱི་དོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐད་བརྡ་རིག་པའི་སྤྱི་དོན།
གཞུང་འདིར་སྐད་བརྡའི་འབྱུང་ཁུངས་དང་ངོ་བོ། སྒྲ་གདངས་ཀྱི་རྣམ་གཞག མིང་གི་རྣམ་གཞག བརྡ་སྤྲོད་ཀྱི་རྣམ་གཞག ཡི་གེའི་རྣམ་གཞག སྐད་བརྡའི་འཕེལ་འགྱུར། སྐད་བརྡའི་དབྱེ་བ་བཅས་ལེའུ་བདུན་དུ་ཕྱེས་ནས་སྐད་བརྡ་རིག་པ་ནི་ག་འདྲ་ཞིག་ཡིན་པ་དང་། འདི་ལ་ནང་གསེས་སུ་རིགས་སམ་རྣམ་གྲངས་ག་འདྲ་ཞིག་སྣང་བ། རིག་པ་འདི་དང་གཞན་དག་བར་གྱི་འབྲེལ་བ་ཇི་ལྟར་ཡིན་པ། སྐད་བརྡའི་རིག་པ་འདི་ལ་དགེ་མཚན་གང་དག་ལྡན་པ་བཅས་ཁ་གསལ་པོར་བརྗོད་པའི་དཔེ་དེབ་ལེགས་གྲས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《语言学概论》
རྩོམ་པ་པོ།
སུམ་བྷ་དོན་གྲུབ་ཚེ་རིང་།
དཔེ་སྐྲུན་ཁང་།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2012ལོའི་ཟླ8པ།
1 རྩོམ་པ་པོ།

སུམ་བྷ་དོན་གྲུབ་ཚེ་རིང་ནི་སྤྱི་ལོ1964ལོར་མདོ་སྨད་ཁྲི་ཀའི་སུམ་བྷ་སྡེ་བ་རུ་སྐྱེས། སྤྱི་ལོ1984ལོར་མཚོ་སྔོན་མི་རིགས་སློབ་གླིང་དུ་སློབ་མཐར་ཕྱིན་རྗེས་དེ་གར་དགེ་རྒན་གྱི་ལས་གནས་སུ་ཞུགས། སྤྱི་ལོ1994ལོར་མཚོ་སྔོན་མི་རིགས་སློབ་གླིང་དུ་ཤེས་རམས་པའི་ཐོབ་ཐང་བླངས་རྗེས་དགེ་རྒན་དང་རིག་གཞུང་ཞིབ་འཇུག་གི་བྱ་བ་གཅིག་ལྕོགས་སུ་བསྒྲུབས་པའི་མུར། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཕྱི་ཡིག་ཟབ་སྦྱོང་ལྟེ་གནས་དང་པེ་ཅིན་སློབ་གྲྭ་ཆེན་མོ་བཅས་སུ་སློབ་གཉེར་བྱས། ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཆེད་ལས་ཀྱི་འབུམ་རམས་པ་ཡིན། སྤྱི་ལོ2006ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་དུས་རབས་གསར་བའི་ཕུལ་བྱུང་མི་སྣའི་ལས་གཞི་དང་མཚོ་སྔོན་ཞིང་ཆེན་ཆེད་ལས་ལག་རྩལ་མི་སྣ་ཕུལ་བྱུང་ཅན་གྱི་མཚན་སྙན་ཐོབ།

ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་རིག་གནས་སྐད་བརྡ་རིག་པ་སྤྱི་དང་བྱེ་བྲག་ཏུ་བོད་ཀྱི་སྐད་ཡིག་རིག་གནས་སྐོར་ཡིན་ཞིང་། བརྩམས་ཆོས་ལ《སྤྱི་ཚོགས་སྐད་བརྡ་རིག་པའི་སྤྱི་དོན》དང《སྐད་བརྡ་རིག་པའི་སྤྱི་དོན》《བོད་ཀྱི་ཡུལ་སྐད་རྣམ་བཤད》《བོད་ཀྱི་སྙན་ངག་གི་མཛེས་ཉམས》སོགས་དཔེ་དེབ་དྲུག་པར་དུ་བསྐྲུན་པ་དང་། ཆོས་ལུགས་དང་སྐད་བརྡའི་འབྲེལ་བ་དང་། མི་རིགས་དང་སྐད་བརྡའི་འབྲེལ་བ། བོད་སྐད་ཀྱི་ཁ་སྐད་དམ་ཡུལ་སྐད་དང་ཡིག་སྐད་སྐོར་གྱི་དཔྱད་རྩོམ་ལྔ་བཅུ་ལྷག་བྲིས་པ་རྣམས《ཀྲུང་གོའི་བོད་རིག་པ》དང《བོད་ལྗོངས་ཞིབ་འཇུག》《པེ་ཅིན་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》སོགས་སུ་བཀོད་པ་ལས། དཔྱད་འབྲས་ཁག་ཅིག་ལ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཇོ་མོ་གླང་མའི་བྱ་དགའ་དང་། མཚོ་སྔོན་ཞིང་ཆེན་མཚན་ཉིད་རིག་པའམ་སྤྱི་ཚོགས་ཚན་རིག་གི་བྱ་དགའ། མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭའི་མི་ཆོས་སྤྱི་ཚོགས་ཚན་རིག་གི་བྱ་དགའ་སོགས་མང་དུ་ཐོབ།

2 ངོ་སྤྲོད།

དེབ་འདི་ནི་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་ལ་རྒྱབ་བརྟེན་བཅོལ་ཞིང་། ཞིབ་སྡུར་ཞིབ་འཇུག་གི་ཐབས་ལམ་སྤྱད་དེ་བརྩམས་པའི་སྐད་བརྡ་རིག་པའི་གཞུང་ལུགས་ཐད་ཀྱི་ཞིབ་འཇུག་གི་གྲུབ་འབྲས་གསར་པ་ཞིག་ཡིན་ལ། བརྗོད་བྱ་ལེའུ་བརྒྱད་ཀྱིས་རྫོགས་པར་བསྟན་ཡོད་དེ། ལེའུ་དང་པོར་སྐད་བརྡ་རིག་པའི་བྱུང་འཕེལ་དང་། སྐད་བརྡའི་དབྱེ་བ། སྐད་བརྡ་རིག་པ་དང་རིག་པ་གཞན་དག་བར་གྱི་འབྲེལ་བའི་སྐོར་བརྗོད་ཡོད་པ་དང་། ལེའུ་གཉིས་པར་སྐད་བརྡའི་འབྱུང་ཁུངས་དང་ངོ་བོ། ནུས་པ་བརྗོད་ཡོད། ལེའུ་གསུམ་པ་དང་ལྔ་བ་དྲུག་པ་བཅས་སུ་གཙོ་བོ་སྐད་བརྡའི་སྒྲིག་གཞིའི་མ་ལག་དང་སྐད་བརྡའི་འཕེལ་འགྱུར་གྱི་ཆོས་ཉིད་ལ་དབྱེ་ཞིབ་བྱས་ཡོད་པ་དང་། ལེའུ་དྲུག་པར་གཙོ་བོ་ཡི་གེའི་རྣམ་གཞག་སྟེ། ཡི་གེའི་ངོ་བོ་དང་ནུས་པ། བྱུང་འཕེལ་དང་ཡི་གེའི་བཅོས་སྒྱུར་སོགས་བརྗོད་ཡོད། ལེའུ་བདུན་པར་སྐད་བརྡའི་འཕེལ་རྒྱས་ཏེ། གཙོ་བོ་སྐད་བརྡའི་གྱེས་འགྱེད་དང་གཅིག་གྱུར། སྐད་བརྡའི་འཛུགས་སྐྲུན་དང་སློབ་སྦྱོང་། བཀོལ་སྤྱོད་བཅས་བརྗོད་ཡོད། ལེའུ་བརྒྱད་པར་སྐད་བརྡའི་རིག་དབྱེ་སྟེ། འཛམ་གླིང་གི་སྐད་བརྡ་དང་སྐད་བརྡའི་རིགས་དབྱེ་དང་། རང་རྒྱལ་གྱི་སྐད་བརྡའི་གཏོགས་ཡུལ་དང་བོད་སྐད་རྒྱུད་ཀྱི་གཏོགས་ཡུལ་བཅས་ཀྱི་གནད་དོན་བརྗོད་ཡོད། གཙོ་བོ་སྐད་ཆའི་འབྱུང་ཁུངས་དང་། སྒྲ་གདངས། མིང་དང་བརྡ་སྤྲོད་ཀྱི་རྣམ་གཞག ཡི་གེ སྐད་ཆའི་འཕེལ་རྒྱས་དང་སྐད་བརྡའི་དབྱེ་བ་བཅས་ཀྱི་ཐད་གཏིང་ཟབ་སྒོས་དབྱེ་ཞིབ་ཞིབ་འཇུག་བྱས་ཡོད་པ་དང་། སྐད་བརྡའི་སྤྱིར་བཏང་གི་ཆོས་ཉིད་དང་། སྐད་བརྡ་རིག་པའི་གཞུང་ལུགས་ཀྱི་བཀོལ་སྤྱོད། ལྷག་པར་དུ་སྐད་བརྡ་རིག་པའི་གཞུང་ལུགས་དང་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཕན་ཚུན་མཐུན་སྦྱོར་ཡོང་བ་དང་། བོད་ཀྱི་སྐད་བརྡའི་སྣང་ཚུལ་ལ་ཤེས་རྟོགས་བྱེད་པ་བཅས་ཀྱི་ཐད་ལ་གྲུབ་འབྲས་མི་དམན་པ་བླངས་ཡོད་པར་མ་ཟད། བོད་སྐད་དང་གཞན་པའི་མི་རིགས་ཀྱི་སྐད་བརྡའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་། བཀོལ་སྤྱོད་ཀྱི་རིན་ཐང་ལ་ངེས་ཤེས་འདྲོང་བར་དོན་སྙིང་གལ་ཆེན་ལྡན་པའི་བརྩམས་ཆོས་ཤིག་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-23

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།