བོད་སྐད་ཀྱི་ཚིག་གི་རྣམ་བཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་སྐད་ཀྱི་ཚིག་གི་རྣམ་བཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང་།
བོད་སྐད་ཀྱི་ཚིག་གི་རྣམ་བཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང་ཞེས་བྱ་བ་འདི་ནི་བརྗོད་བྱའི་དོན་གྱི་གནས་ལུགས་ཟབ་ཅིང་གོ་བ་གནད་དུ་ཐིངས་པ། དཔྱད་པའི་གཏིང་ཚུགས་ཤིང་རུས་ཆོད་པ། ཚིག་སྦྱོར་སྔ་ཕྱི་གོང་འོག་ལ་གཏན་ཚིགས་ཀྱི་ཞིབ་ཆ་ཤིན་ཏུ་ཟབ་མོ་ཐོན་པ། ཚིག་ཟུར་གྱི་སྤྲོས་པས་མ་བསྒྲིབས་པར་ཤིན་ཏུ་ཕྲ་བའི་དོན་གྱི་གནད་འབྱིན་པ་ལ་གཟེར་བཏབ་པ་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པའི་བོད་ཀྱི་བརྡ་སྤྲོད་རིག་པའི་བརྩམས་ཆོས་གྲགས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《藏语句法研究》
རྩོམ་པ་པོ།
ལྕགས་ཐར་རྒྱལ།
དཔེ་སྐྲུན་ཁང་།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2013ལོའི་ཟླ9པ།
1 ​རྩོམ་པ་པོ།

ལྕགས་ཐར་རྒྱལ་ལགས་ནི་སྤྱི་ལོ1963ལོར་མཚོ་སྔོན་ཁྲི་ཀ་རྫོང་སྟག་རི་སྡེ་བར་སྐྱེས། སྤྱི་ལོ1981ལོའི་དབྱར་ཟླ་དྲུག་པར་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་ཏེ་སློབ་གྲྭ་དེ་གའི་བོད་ཡིག་དགེ་རྒན་གྱི་འགན་འཁུར་ཞིང་། སྔ་ཕྱིར་བོད་ཡིག་ཁྲིད་དཔྱོད་ཁང་གི་ཀྲུའུ་རིན་དང་། སློབ་གཉེར་ཁྲུའུ་ཡི་ཀྲུའུ་རིན་རྒན་གཞོན་གྱི་འགན་འཁུར། སྤྱི་ལོ1989ལོར་མཚོ་ལྷོ་ཁུལ་གྱི་ཀུན་སྤྱོད་སློབ་གསོ་དཔེ་ལེགས་ཅན་དང་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་བྱ་བ་སྒྲུབ་མཁན་དཔེ་ལེགས་ཅན། སྤྱི་ལོ1995ལོར་མཚོ་སྔོན་ཞིང་ཆེན་གྱི་དགེ་རྒན་དཔེ་ལེགས་ཅན་དུ་བདམས་པ་སོགས་རྫོང་རིམ་པ་ཡན་ཆད་ཀྱི་བྱ་དགའ་མང་པོ་ཐོབ།

ཁོང་གི་བརྩམས་ཆོས་ལ།《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད》དང《བོད་ཀྱི་ཡི་གེ་བྱུང་འཕེལ་གྱི་རིམ་པ་བརྗོད་པ་རིག་པའི་སྒྲོན་མེ》《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་ལྡེ་མིག》《སྐད་ཆ་དང་ལོ་རྒྱུས་ཞིབ་འཇུག་དཔྱོད་ལྡན་རིག་པའི་སྒོ་འབྱེད》 《སུམ་རྟགས་ཀྱི་དཀའ་གནས་ལས་བཏོན་པའི་དྲིས་ལན》《བོད་ཀྱི་སྐད་ཡིག་ལ་འཇུག་པའི་སྒོ》སོགས་བརྩམས་དེབ་བཅུ་ལྷག་སྤེལ་བ་དང《ཀུན་སྤྱོད་ཀྱི་མ་ལག་རྣམ་པར་བཤད་པ》ཞེས་པའི་བསྒྱུར་ཆོས་གཅིག་སྤེལ། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་དགུ་པའི་འཐུས་མི་བཅས་ཀྱི་འགན་གཅིག་ལྕོགས་འཁུར་མུས་སུ་མཆིས།

2 ནང་དོན།

དེབ་འདིའི་ནང་དུ་བོད་སྐད་ཀྱི་ཚིག་གི་གནད་དོན་གྱི་བྱུང་བ་ཐོག་མར་བསྟན་པ། ཚིག་ལ་ཞིབ་འཇུག་བྱེད་པའི་ཐབས་ལམ་འགའ་ཞིག་བཤད་པ། བོད་སྐད་ཀྱི་ཚིག་གི་སྦྱོར་བ་སྤྱིར་བཤད་པ། ཚིག་གི་སྒྲིག་གཞི་བཤད་པ། ཚིག་གི་སྒྲིག་གཞི་དང་བྱ་བ་བརྗོད་པའི་མིང་གི་འབྲེལ་བ་བྱེ་བྲག་ཏུ་བཤད་པ། ཚིག་གི་གྲུབ་ཚུལ་བཤད་པ། ཚིག་གི་སྐྱེད་སྒྲུབ་བཤད་པ། ཚིག་གི་གཏན་ཚིགས་ཀྱི་ཁྱད་ཆོས་བཤད་པ། ཚིག་གི་བསྟན་དོན་དང་དེའི་གོལ་ས་བཤད་པ། འདྲི་ཚིག་གི་སྦྱོར་བ་བྱེ་བྲག་ཏུ་བཤད་པ། ནི་སྒྲ་སྦྱར་པའི་ཚིག་སྦྱོར་བྱེ་བྲག་ཏུ་བཤད་པ་བཅས་ལེའུ་བཅུ་གཅིག་ཏུ་དགར་ནས་བོད་སྐད་ཀྱི་ཚིག་གི་ངེས་ཚིག་དང་སྒྲིག་གཞི། དབྱེ་བ། གྲུབ་ལུགས། བསྟན་དོན་བཅས་ཀྱིས་གཙོས་པའི་གནད་རྣམས་གང་ཐུབ་ཅི་ནུས་ཀྱིས་ཕྱོགས་སུ་བསྡུས་ཏེ། བོད་ཡིག་གི་གླེགས་བམ25དང་། རྒྱ་ཡིག་གི་དཔེ་དེབ29ཡི་ལྟ་བ་ཞིབ་ཏུ་བསྡུར། བོད་ཡིག་གི་བསྟན་བཅོས71དང་། རྒྱ་ཡིག་གི་དཔེ་ཆ39རིག་པའི་ཁུངས་སུ་བསྟེན། བོད་ཡིག་གི་གསུང་ཆོས102ལས་ཚིག་རྐྱང་མི་འདྲ་བ1021དཔེ་རུ་དྲངས། བརྡ་སྤྲོད་དང་མཐུན་མི་མཐུན་ཅི་རིགས་ཀྱི་གནད་དོན་གསལ་བར་བྱ་ཕྱིར། དཔེར་བརྗོད200གསར་དུ་བྱས་ནས་གསལ་བཤད་དང་། དཔེར་བརྗོད། རེའུ་མིག་ཟུང་དུ་སྦྲེལ་བའི་སྒོ་ནས་བོད་སྐད་ཀྱི་ཚིག་གི་རྣམ་གཞག་ཤིན་ཏུ་ཞིབ་ཅིང་ཕྲ་བ། ཟབ་ཅིང་རྒྱས་པར་བསྟན་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-21

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།