སྒྲགས་ཡང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚན་རྒྱས་པར་སྒྲགས་ཀྱི་ཡང་རྫོང་གཤིན་རྗེ་རོལ་པའི་ཕོ་བྲང་ཞེས་ཞུ། ཚར་གསེབ་རི་ཁྲོད་ནས་མུ་མཐུད་གྱེན་དུ་རྐང་ཐང་མར་ཆུ་ཚོད་གཉིས་མ་ཟིན་ཙམ་སོང་ན་སྒྲགས་ཡང་རྫོང་དུ་སླེབས། སྒྲུབ་ཕུག་དེ་ནི་གུ་རུ་རིན་པོ་ཆེས་རྫོང་སྐུ་འབུམ་གྱི་ཡང་རྫོང་པད་མ་རྩེ་ནས་ནུབ་བྱང་མཚམས་ཀྱི་ངོ་མཚར་ཅན་དེར་གཟིགས་པས་ཡང་གཅིག་བལྟས་པས་ཡང་རྫོང་མཐོང་གསུང་ནས་སྒྲགས་ཡང་རྫོང་གི་གནས་སྒོ་ཕྱེས། གནས་དེ་ནི་ཤིན་ཏུ་ནས་གཡང་གཟར་ཆེ་བ་ཞིག་ཡོད་པ་ནི་ཐོག་མར་བྲག་ཕུག་གི་སྒོར་མ་སླེབས་གོང་སྤྱི་ཁྲེ་ཉི་ཤུ་ཙམ་གྱི་སྐས་འཛེག་དུམ་བུ་སོ་བདུན་ཅན་ཞིག་འཛེགས་ཏེ་དེའི་སྟེང་དུ་སྒྲུབ་ཕུག་གི་ཁ་ཡོད་པ་དང་། དེའི་ནང་དུ་བྲེང་པ་བྱིས་པའི་ལག་ངར་ཙམ་ཞིག་དཔྱང་ནས་ཡོད་པ་དེར་འཁྱུད་ནས་ནུད་སྐབས་ཐོག་མར་གུ་ཐོག་པ་སྲིན་བུའི་སྒོ་སྲུང་དུ་འབྱོར་བས་དེར་དབུགས་ཀྱང་གཏོང་དཀའ་བ་ཞིག་ཡོད། འོན་ཀྱང་གཡང་གཟར་ཅན་གྱི་སྐས་འཛེགས་དེ་ལྟ་བུ་ནས་ལྷུང་བ་གཅིག་ཀྱང་བྱུང་མྱོང་མེད་པ་ནི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཐུགས་སྨོན་གནང་ཡོད་ཟེར། དེ་ནས་སྒྲུབ་ཕུག་ནང་དུ་འབྱོར་རྗེས་ཐོག་སོ་གཉིས་ཙམ་མར་བབས་དགོས་པས་དེར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་རྒྱ་གར་ན་ལེནྜ་ནས་དྲངས་གནང་བའི་ཙན་དན་དཀར་དམར་གྱི་སྐས་འཛེགས་དུམ་བུ་ཉེར་གཅིག་ཅན་ཞིག་ཡོད་པ་དེ་ལས་བབས་རྗེས་སླར་ཡང་དུམ་བུ་བདུན་ཅན་གྱི་སྐས་ཤིག་འཛེགས་ན་གཞི་ནས་གུ་རུས་ལོ་གསུམ་ཕྱོགས་གསུམ་སྐུ་མཚམས་སུ་བཞུགས་པའི་ཕུག་ཏུ་སླེབས། སྒྲུབ་ཕུག་དེའི་སྒོ་འགྲམ་དུ་གླང་ཆེན་ས་ལ་རབ་བརྟན་གྱི་རང་བྱོན་དང་། དེའི་སྟེང་དུ་རྡོ་ྲནར་མོ་ཐུར་དུ་འཕྱངས་པ་དག་བརྡུངས་ན་དཔའ་བོ་དཔའ་མོའི་མཁར་རྔ། གུ་རུའི་མཚམས་རྡོ། ཆོས་ཀྱི་གྷན་ངྷི། ལྷ་ཚངས་པའི་གྷན་ངྷི་སོགས་ཀྱི་ངོ་མཚར་ཆེ་བའི་སྒྲ་མི་འདྲ་བ་སྣ་ཚོགས་སྒྲོག དེ་ནས་མར་བབས་ན་མཁའ་འགྲོའི་བྲོ་རར་སླེབས་ཤིང་དེར་གླུ་གར་སོགས་ལ་རོལ་དགོས་གསུངས། བྲག་ཕུག་གི་མཐིལ་དུ་འདུ་ཁང་ཡོད་ཅིང་སྔོན་རྡོ་རྗེ་བྲག་གི་དགེ་འདུན་བརྒྱད་གྲྭ་ཞིག་རྒྱུན་བཞུགས་གནང་དགོས། འདུ་ཁང་ནང་རྟེན་གཙོ་ཆེ་མཆོག་ཧེ་རུ་ཀའི་སྐུ་བརྙན། སྐུ་སྟོད་བྱེ་མ་ཨ་ཁྲུང་དང་། སྐུ་སྨད་ཕུག་དེའི་ཟི་ལིང་ཕུག་ནས་འཁྲུངས་པའི་རྡོ་ནག་ལས་གྲུབ་པ་ཞིག་དང་། གྲུབ་ཐོབ་མེ་ལོང་རྡོ་རྗེའི་ཕྱག་བཟོ་འཛམ་ནག་གི་སྐུ་བརྙན་སོགས་རྟེན་མང་པོ་མཇལ་རྒྱུ་ཡོད།
གཞི་རྩའི་གནས་ཚུལ།

མཚན་རྒྱས་པ།
སྒྲགས་ཀྱི་ཡང་རྫོང་གཤིན་རྗེ་རོལ་པའི་ཕོ་བྲང་།
རིགས་དབྱེ།
དགོན་པ།
གནས་ཡུལ།
བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་།
1 ངོ་སྤྲོད།

ལྷོ་ཁ་གྲ་ནང་རྫོང་ཁོངས་སྒྲགས་ཡུལ་ཚོའི་ལུང་ཕུའི་ནུབ་ངོས་རི་ལྡེབས་སུ་གནས་པའི་སྒྲགས་ཡང་རྫོང་ནི་ཆེས་ངོ་མཚར་ཆེ་བའི་རང་བྱུང་གི་བྲག་ཕུག་ཅིག་ཡིན། གནས་འདིའི་མིང་ཆ་ཚང་ལ་སྒྲགས་ཡང་རྫོང་གཤིན་རྗེ་རོལ་བའི་ཕོ་བྲང་ཞེས་ཞུ་ཞིང་། སློབ་དཔོན་པདྨ་འབྱུང་གནས་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་། ཡུན་རིང་སྒྲུབ་པ་གནང་མྱོང་བའི་གནས་འདི་ཉིད་རི་གླང་ཆེན་འགྱིང་བའི་རྣམ་པ་དང་མཚུངས་པའི་ངོགས་ན་འཇམ་དཔལ་གཤིན་རྗེ་གཤེད་མ་ཧེའི་གདོང་ཅན་ཞལ་ལྷོར་གཟིགས་པའི་མཁུར་ཚོས་གཡས་སུ་ཨ་དང་། གཡོན་དུ་ཧུམ་གྱི་རང་བྱོན་ལྷ་ཤིང་ཤུག་པས་མཚོན་པ། པདྨ་དྲ་བ་གླིང་གི་བཀོད་པ་དང་མཐུན་པ་སྟེང་ཤོད་བར་གསུམ་མཆིས་པ་ལས། སྟོད་ཁང་རིག་འཛིན་ཕུག་གཡང་གཟར་ངོས་བགྲོད་སྐས་གདང་བུ་སུམ་ཅུ་ལྷག་ཙམ་འཛེགས་ཏེ་མ་ཧེ་གདོང་ཅན་གྱི་ཤངས་སྦུག་ནས་ཨོ་རྒྱན་རིན་པོ་ཆེས་ཁ་ཊྭཱཾམ་རྩེ་གསུམ་གྱིས་གནས་སྒོ་འབྱེ་གནང་མཛད་པ་དེ་ནས་ཞུགས་པ་ན། ཨོ་རྒྱན་ཆེན་པོ་ཕྱག་དཔུང་གི་རྗེས་དང་། འདྲེ་སྲིན་གྱི་གནོད་པ་བཟློག་ཆེད་བཞག་པའི་ཕྱག་སེན་གྱི་རྗེས། སྡིག་སྒྲིབ་དག་བྱེད་ཡི་གེ་དྲུག་མའི་རང་བྱོན། མ་རིག་མུན་པ་སེལ་བའི་ཉི་ཟླ་རང་བྱོན། མཁའ་འགྲོ་མཉེས་ནས་མེ་ཏོག་གི་ཆར་བབས་པའི་རང་བྱོན། སྲིན་པོ་དོམ་ཚང་དུ་དམ་ལ་བཏགས་པའི་ཕུར་པ་རང་བྱོན། སྒྲོལ་མ་ཉེར་གཅིག་གནས་པའི་ཙན་དན་དཀར་དམར་གྱི་སྐས་ཀ་གདང་བུ་ཉེར་གཅིག་པ། གྲུབ་ཐོབ་མེ་ལོང་རྡོ་རྗེས་གཏེར་ནས་བཞེས་པའི་གཏེར་ཁུང་། ལོ་ཆེན་བེེ་རོ་ཙ་ནའི་གཟིམ་ཕུག མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གཟིམ་ཕུག་ནང་ཤེལ་གྱི་ཀ་བ་བཞི་དང་། མཁའ་འགྲོ་བྲོ་རྔ་རང་བྱོན་དེ་བཞིན་ཏིང་ཤགས་དང་། ཅང་ཏིའུ། མདའ་མོ། རྔ་ཟླུམ་སོགས་ཀྱི་རང་བྱོན། ཡར་ཐོག་གི་ངོས་སུ་དགྲ་བཅོམ་པ་ལྔ་བརྒྱའི་མ་ཎི་རང་བྱོན། ཨོ་རྒྱན་ཆེན་པོས་ལོ་གསུམ་བཞུགས་པའི་གཟིམ་ཕུག་མཁའ་འགྲོའི་ནུ་མ་ལས་བབས་པའི་ཚེ་ཆུ། ཨོ་རྒྱན་ཆེན་པོའི་གསོལ་ཞིབ་རང་བྱོན། གཟིམ་ཕུག་གི་ནང་རྟེན་གཙོ་བྱ་མ་ཨ་ཀྲོང་ལས་གྲུབ་པའི་སློབ་དཔོན་གྱི་སྐུ་འདྲ་དང་། རྒྱ་གར་ཤར་ལི་ལས་གྲུབ་པའི་ཨོ་རྒྱན་བྱིན་ཅན། ཨོ་རྒྱན་ཆེན་པོས་སྒྲུབ་པ་མཐར་སོན་ནས་བདུད་དང་དམ་སྲིན་བཏུལ་བའི་དོན་ལྔ་སྣོད་དྲུག་གི་རང་བྱོན། ཕྱི་རོལ་དུ་མཁའ་འགྲོའི་ཚོགས་གཞོང་། མཁའ་འགྲོའི་བྲོ་རར་བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་རང་བྱོན། མཁའ་འགྲོ་བྱེ་བ་འབུམ་གྱིས་བྲོ་གར་སྣ་ཚོགས་རྩེད་པའི་ཕྱག་མཛུབ་ཀྱི་རང་བྱུང་སོགས་ཡོད།

ད་དུང་ཡང་རྫོང་གནས་སྒོ་གསར་པ་ཞེས་པའི་བྲག་ཕུག་ངོ་མཚར་ཅན་གཞན་ཞིག་ཡོད་པ་དེ་ནི། རྡོ་བྲག་རིག་འཛིན་བཞི་པ་བློ་བཟང་པདྨ་འཕྲིན་ལས་ཀྱིས་གནས་གཡའ་རིག་པདྨ་མཐོ་ལྕོག་ཅེས་པ་ནས་ཐང་དཀར་རྒོད་པོ་ཞིག་ལ་སྤྲུལ་ནས་གནས་སྒོ་ཕྱེ་གནང་མཛད་ཅིང་། བྲག་ངོས་རྒོད་པོའི་གཟུགས་དབྱིབས་རང་བྱོན་ཡོད་སའི་གནས་སྒོ་ནས་ཞུགས་ན་གཡས་ཕྱོགས་སུ་ལྕགས་ཀྱི་ཤལ་མ་རི་དང་དུང་དཀར་གཡས་འཁྱིལ་རང་བྱོན། གཡོན་ཕྱོགས་སུ་བཀའ་བསྟན་འགྱུར་གྱི་ཀུན་དགའ་ར་བ་རང་བྱོན། དེ་ནས་རིམ་བཞིན་སོང་བ་ན། བསྐལ་བཟང་སངས་རྒྱས་སྟོང་གི་རང་བྱོན་དང་། དགྲ་བཅོམ་ལྔ་བརྒྱའི་ལྷུང་བཟེད་དང་ཉན་ཐོས་ཆེན་པོ་མཆོག་བརྒྱད་ཀྱི་ལྷུང་བཟེད་རང་བྱོན། རིག་འཛིན་པདྨ་འཕྲིན་ལས་ཀྱི་ཞལ་དཀར་དང་གཏེར་སྲུང་གཡུ་སྒྲོན་མའི་མཆོད་པ་རང་བྱོན། ཀླུ་བདུད་ནག་པོས་དུག་སྦྲུལ་དུ་སྤྲུལ་ནས་གནོད་བྱེད་དུ་འོངས་པས། སློབ་དཔོན་ཆེན་པོས་མི་འཇིགས་སྤྲུལ་པའི་རྡོ་བསྣུན་ཏེ་དུམ་བུ་གསུམ་ལ་གྱུར་པའི་དུག་སྦྲུལ་གྱི་ཁོག་སྟོད་བསྐལ་པའི་མར་མེ་མཆོད་ཀོང་གི་རང་བྱོན། གཟའ་བདུད་ཁྱབ་འཇུག་གི་རང་བྱོན། ཤེལ་གྱི་ཀ་བ་སྟག་སེང་ཁ་སྤྲོད་ཀྱི་རང་བྱོན། དཔག་བསམ་ཤིང་གི་འབྲས་བུ་རང་བྱོན། དུག་སྦྲུལ་སྐེད་པར་རྡོ་རྗེ་ཕག་མོས་འཁྱུད་པའི་རང་བྱོན། མཚོ་འགྲམ་དུ་དུག་སྦྲུལ་གྱི་མཇུག་མའི་རང་བྱོན། དེ་ནས་སྔགས་སྲུང་ཨེ་ཀ་ཛ་ཏིའི་བླ་མཚོ་གླང་ཆེན་མཆེ་བའི་རྣམ་པ་ཅན། སྟེང་གི་བྲག་ངོས་སུ་ལྷ་མོ་ཉིད་ཀྱི་ཞལ་འབག་ལ་ཀླུ་རྒྱལ་འཇོག་པོས་ཕུལ་བའི་དར་དཀར་རང་བྱོན་སོགས་གནས་མཆོག་སྒྲགས་ཡང་རྫོང་གི་བྲག་ཕུག་ཆེན་པོ་གཉིས་ཀྱི་ནང་ལ་ངོ་མཚར་བསམ་ཡུལ་ལས་འདས་པའི་རང་བྱོན་གྱིས་ཡོངས་སུ་བཀང་བ་དང་། ཕྱི་ལ་བལྟ་བས་ངོམས་པ་མེད་པའི་རང་བྱུང་མཛེས་ལྗོངས་ཀྱིས་ཡོངས་སུ་བསྐོར་ནས་ཡོད་དོ།།

2 རྟེན་གཙོ།

དེ་ནས་བྲག་ཕུག་དེའི་གཡས་ངོས་སུ་རྡོ་བྲག་རིག་འཛིན་སྐུ་ཕྲེང་བཞི་བ་བློ་བཟང་པད་མ་འཕྲིན་ལས་ཀྱིས་བྱང་གཏེར་བཞེས་ཆེད་དུ་གནས་སྒོ་གསར་པ་ཞེས་བྱ་ཐང་དཀར་ལ་སྤྲུལ་ནས་གནས་དེའི་གནས་སྒོ་ཕྱེས། དེའི་སྦུག་ཏུ་ལྷ་མོ་ཨེར་ཀ་ཛ་ཏིའི་བླ་མཚོ་དང་། ཕུག་པའི་ཐོག་ལྡེབས་སུ་ཞབས་རྗེས། གཞན་ཡང་དགྲ་བཅོམ་ལྔ་བརྒྱའི་ལྷུང་གཟེད་ཀྱི་རང་བྱོན་སོགས་མཇལ་རྒྱུ་ཡོད།

3 ཆགས་ཚུལ།

ཡང་ཡུལ་དེའི་ཕུར་གྲུབ་ཆེན་མེ་ལོང་རྡོ་རྗེའི་སྒྲུབ་ཕུག་ཀྱང་མཇལ་རྒྱུ་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-22

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།