རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་གསུང་ཆོས་སྐོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་གསུང་ཆོས་སྐོར།
རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་གསུང་ཆོས་སྐོར་ཞེས་པ་འདི་ནི་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པ་དང་། དེབ་འདིའི་ནང་དུ་གཙོ་བོ་ཚད་མ་དང་ནང་བསྟན། དག་ཡིག་བཅས་ཀྱི་སྐོར་གཙོ་བྱས་པའི་དམ་པ་འདི་ཉིད་ཀྱི་གསུང་འབུམ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《俄·洛丹西绕卷》
རྩོམ་པ་པོ།
རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ།
དཔེ་སྐྲུན་ཁང་།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2009ལོའི་ཟླ3པ།
1 ​རྩོམ་པ་པོ།

རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི་བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་ལོ་ཙཱ་བ་ཞིག་སྟེ། རབ་བྱུང་དང་པོའི་ས་ཕག་སྤྱི་ལོ1059ལོར་སྐུ་འཁྲུངས། དགུང་ལོ་བཅུ་བདུན་གྱི་སྐབས་ཁུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱི་དྲུང་དུ་བྲོས་ནས་ལོ་གཅིག་ཙམ་བཞུགས། ཁུ་བོས་བཀའ་སློབ་དང་མཐུན་རྐྱེན་ལ་བརྟེན་ནས་རྒྱ་གར་དུ་སློབ་གཉེར་ལ་ཕེབས། དེའི་ཚེ་རྭ་ལོ་ཙཱ་བ་དང་གཉན་ལོ་ཙཱ་བ། ཁྱུང་བོ་ཆོས་བརྩོན། རྡོ་སྟོན། བཙན་ཁ་བོ་ཆེ་རྣམས་དང་འགྲོགས་ནས་བྱོན། རྒྱ་གར་དབུས་དང་ཡུལ་དང་ཁ་ཆེ་བཅས་སུ་ལོ་བཅུ་བདུན་རིང་མདོ་དང་། སྔགས། སྒྲ་རིག་པ། ཚད་མ་རིག་པ་སོགས་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། རབ་བྱུང་དང་པོའི་ཆུ་སྤྲེལ་སྤྱི་ལོ1092ལོར་བོད་དུ་ཕྱིར་ཕེབས།  ཚད་མ་རིག་པ་དང་ཕར་ཕྱིན་སོགས་གཞུང་རིགས་མི་འདྲ་བ་སྟོང་ཕྲག་ཁ་ཤས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བར་མཛད་པས། བོད་ཀྱི་ལོ་ཙཱ་བའི་ནང་ནས་གཞུང་བསྒྱུར་ཆེས་མང་ཤོས་དང་མཁས་ཤོས་ཡིན། དགུང་ལོ་ལྔ་བཅུ་རྩ་གཅིག་པ་རབ་བྱུང་གཉིས་པའི་ས་མོ་གླང་སྟེ་སྤྱི་ལོ་1109ལ་སྐུ་གཤེགས།

2 ནང་དོན།

བོད་དུ་རྟོག་གེ་ཚད་མའི་སྲོལ་འབྱེད་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ལ་བསྒྱུར་ཆོས་དང་བརྩམས་ཆོས་ཤིན་ཏུ་མང་བ་ཡོད་པར་བཤད་དེ། དེ་ཉིད་ཀྱི་རྣམ་ཐར་ལས། དམ་ཆོས་བསྒྱུར་ལ་མངའ་བརྙེས་པ། ། རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང་། ། འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། ། སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། ། ཞེས་པ་དང་། གསུང་ཆོས་འདིའི་ནང་དུ་མཚན་ཉིད་ཀྱི་ཆོས་ཞེས་བྱ་བ་ཚད་མ་རྣམ་ངེས་ཀྱི་བསྡུས་དོན་དང་ཚད་མ་རྣམ་ངེས་ཀྱི་དཀའ་གནད་རྣམ་བཤད། ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་གྱི་བཤད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་འགྲེལ་རིན་པོ་ཆེའི་སྒྲོན་མེ། མདོ་སྡེ་རྒྱན་གྱི་བསྡུས་དོན། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྡུས་དོན། དབུས་མཐའི་བསྡུས་དོན། སྤྲིང་ཡིག་བདུད་རྩིའི་ཐིག་ལེ། དག་ཡིག་ཉེར་མཁོ་བསྡུས་པ་བཅས་ཚད་མ་དང་ཆོས་ལུགས། བརྡ་སྤྲོད་སོགས་ཀྱི་གསུང་ཆོས་རྣམས་གཅིག་ཏུ་བསྡུས་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-03

གསར་སྤེལ་མཁན། :སྲིན་བུ་མེ་ཁྱེར།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།