མཁལ་མ་ད་རྒན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཁལ་མ་ད་རྒན་ནི་སྒལ་པའི་ཚིགས་དང་།རྩ་དཀར་ལ་ནད་ཞུགས་ནས་སྒལ་ཚིགས་ཕྱིར་དགྱེ་བའམ་ནང་དུ་གུག་པའི་སྒལ་རུས་ཀྱི་ནད་ཅིག་སྟེ་ནང་གསེས་སུ་དབྱེ་ན་རླུང་ནད་ད་རྒན་དང།མཁལ་ནད་ད་རྒན་གཉིས་མཆིས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
肾型佝偻
རིགས་དབྱེ།
ཁོང་ནད།
1 རྟགས།

ད་རྒན་ཚིགས་པ་ཕྱིར་དོན་སྒུར་པོར་འགྲོ། ཞེས་པ་སྟེ།མཁལ་མ་ད་རྒན་ནི་རྒྱུད་བཞིའི་དཀའ་འགྲེལ་ལས། ད་རྒན་ནི་སྒལ་པའི་ཚིགས་དང་།རྩ་དཀར་ལ་ནད་ཞུགས་ནས་སྒལ་ཚིགས་ཕྱིར་དགྱེ་བའམ་ནང་དུ་གུག་པའི་སྒལ་རུས་ཀྱི་ནད་ཅིག་སྟེ་ནང་གསེས་སུ་དབྱེ་ན་རླུང་ནད་ད་རྒན་དང།མཁལ་ནད་ད་རྒན་གཉིས་མཆིས་སོ།། ངེས་ཚིག་ནི་ནད་དེ་ལོ་ཟླ་མང་པོའི་བར་ལ་ལུས་ལ་ཞེན་ཅིང་གནས་པའི་སྒལ་ནད་རྒན་པོར་འགྱུར་བའི་ཕྱིར་ད་རྒན་ཞེས་བརྗོད་དོ།། ཞེས་པ་ལྟར་དང་། དེའི་རྟགས་ལ་ཚིགས་པ་བཅུ་བཞི་པ་སོགས་ཕྱིར་དོན་ཏེ་ལུས་སྒུར་པོར་འགྲོ་བ་ཡིན།ནད་པ་ལ་ལར་རྐེད་རུས་ནང་དུ་འབུར་བས་ལུས་པོ་དགྱེ་དགྱེ་རུ་འགྲོ་བའི་རྟགས་ཀྱང་འབྱུང་བ་ཡིན།དེ་བཞིན་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ལས། མཁལ་མ་ད་རྒན་ཞེས་བྱ་བ། ཚིགས་དང་བཤུལ་ཤ་ཐམས་ཅད་ན། བརྡུངས་པའམ་བཙིར་ན་ཕན་པ་སྙམ་བྱེད།སྐབས་སུ་རྐེད་པ་ན།རྒྱབ་ལག་བྱས་ན་བདེ་བ་སྙམ་བྱེད། མཇུག་ཚིགས་ཐོན་ནས་སྒུར་པོར་འགྲོ། ཞེས་དང་། གཡུ་ཐོག་བུ་དོན་མ་ལས།ད་རྒན་བཤུལ་ཤ་ཚིགས་ཁར་ན།།ཚིགས་པ་འབུར་ཞིང་བརྡུང་ན་ཕན།།  མཇུག་ཏུ་ཚིགས་ཐོན་སྒུར་པོར་འགྲོ། ཞེས་གསུངས་སོ། །

2 བཅོས་ཐབས།

ད་རྒན་ནད་ལ་བདུད་རྩི་ལྔ་ཡིས་བདུག །རྩ་སྦྱོངས་བྱས་ལ་འབའ་སམ་སྨན་མར་སྦྱར།།སུག་སྨེལ་ཤིང་ཚ་ཟི་ར་པི་པི་ལིང་།།རུ་རྟ་བྲེ་ག་བུ་རམ་རིལ་བུ་བཏང་།། ཚིགས་པའི་སྟེང་འོག་མེ་ཐུར་གོར་དབུས་བརྡེག ། ཅེས་པ་སྟེ། ད་རྒན་གྱི་ནད་ལ་བདུད་རྩི་ལྔའི་ལུམས་གྱིས་བདུག་པ་དང་། རྩ་སྦྱོང་ཕྱི་རྒྱུད་ལྟར་བྱས་ལ། ཐ་མར་འབའ་སམ་སྨན་མར་སྦྱར་བ་ཟ་ཞིང་། སུག་སྨེལ། ཤིང་ཚ། ཟི་ར་ནག་པོ། པི་པི་ལིང་། རུ་རྟ། བྲེ་ག་བུ་རམ་རྣམས་སྦྱར་བའི་རིལ་བུ་བཏང་ལ་ཚིགས་པ་གང་འབུར་དུ་བྱུང་བའི་སྟེང་འོག་མེ་ཐུར་གོར་དབུས་ཞེས་པ་མེས་སྒོར་མོར་བསྐོར་བའི་དབུས་སུ་ཐུར་མ་བརྡེག་པར་བྱའོ། །

དེ་བཞིན་གཡུ་ཐོག་བུ་དོན་མ་ལས།ད་རྒན་ནད་ལ་ལ་ཕུག་དང་།།ཕུག་རོན་བྱ་ར་སྒ་དུགས་བྱ།།བདུད་རྩི་ལྔས་བདུག་བསྐུ་མཉེ་བྱ། །རྩ་སྦྱོངས་བྱས་རྗེས་འབྲས་སྣ་གསུམ།། ཤིང་ཚ་སུག་སྨེལ་ཟི་ར་དང་།། རུ་རྟ་བྲེ་ག་པི་པི་ལིང་།། བུ་རམ་རིལ་བུ་ཁྱེའུ་སུས་བསྟེན།། ད་བྱིད་འབའ་སམ་སྨན་མར་སྦྱར།། མེ་ཐུར་སྟེང་འོག་ཁོལ་བུར་བརྡེག ། ཅེས་གསུངས་སོ། །

3 ​སྡོམ་ཆུང་།

མཁལ་ནད་ནི་རྒྱུ་རླུང་མཁྲིས་བད་ཀན་ཁྲག་སོགས་ལ་རྐྱེན་བརྡབས་དང་མི་ཐེག་ཁུར་བའམ་བཏེགས་པ།རླན་གཤེར་ལ་བསྡད་པ་དང་།ཆུ་བརྒལ་བ་སོགས་ཆུའི་ལས་བྱས་དྲགས་པ་ལས་བྱུང་བ་ཡིན།དབྱེ་ན་མཁལ་རླུང་དང་།མཁལ་གཅོང་། འོར་ལྷུང་། མཁལ་ཚད་ཆུ་ཤོར། མཁལ་འགྲམས། མཁལ་གྲུམ། ད་རྒན་ཏེ་བརྒྱད་ཡོད་དོ།རྟགས་ནི་མཁལ་རླུང་རྐེད་པ་འཕྱོངས་ནས་ན་ལ་དམིགས་མི་རྙེད་ཅིང་རྣ་བ་འོན་པར་འགྱུར། མཁལ་གཅོང་སྨད་གྲང་རྐེད་པ་ན་རྐང་པ་བཤལ་ལ་ཆུ་སྲི་བཅུད་རླུགས།འོར་ལྷུང་མཁལ་རྐེད་ན་ཞིང་ཟ་འཕྲུག་བྱེད།འགྲོ་འདུག་བྱས་ཚེ་པུས་མོ་བོལ་གོང་སྐྲངས།མཁལ་ཚད་ཆང་འཐུངས་འགྲོ་འདུག་བྱས་ཚེ་ན་ཆུ་ཁ་ཚ་ཞིང་ཤ་རུས་བར་ན་འཁྱུག  མཁལ་མ་ཆུ་ཤོར་ཟགས་ཆུ་ཁྲག་ཏུ་འབྱུང་།མཁལ་འགྲམས་སྟོད་དུ་བྱེར་ན་ལྟག་ཆུའི་འགྲམ་གཉིས་ན། སྐེ་སྒྱུར་མི་ཤེས་སྒུར་པོར་འགྲོ། བར་དུ་རྒྱས་ན་མཁལ་རྐེད་ན། དཔྱི་སྟེང་རྩ་ནག་སྦོ་ཞིང་གཟེར་ལ་གློ་དང་སྦྲིད་པ་བྱུང་ཚེ་བཟོད་ཐབས་མེད།རྐེད་པ་ཀྱོག་པོར་འགྲོ།སྨད་དུ་ལྷུང་ན་རྐང་པ་བཤལ་ཞིང་སྦྲིད་ལ་བརླ་སུལ་བྱིན་སུལ་པུས་མོའི་ཚིགས་མཚམས་ན། མཁལ་གྲུམ་རྐེད་པ་མན་ཆད་ན། གློ་དང་སྦྲིད་པ་བྱུང་ཚེ་དཔྱི་མིག་ཟུག སྒལ་མཇིང་རེངས།ནམ་སྟོད་ན་ལ་ནམ་སྨད་བདེ།དྲོད་བཅུད་ཟོས་རྗེས་ཚ་བ་སྐྱེ།ད་རྒན་ཚིགས་པ་ཕྱིར་དོན་ནས་སྒུར་པོར་འགྲོ་བའོ།མཁལ་མ་ཆུའི་གནས་ལ་ཚ་བ་ཞུགས་ཀྱང་གྲང་རྟགས་འོང་། ཟོན་མ་ཆུད་པར་དྲོད་སྔ་མི་རུང་། ཚ་མགོ་ཆོག་ནས་དྲོད་ཀྱིས་གསོ་བ་སྤྱི་ལུགས་ཡིན།གཞུང་གཞན་དུ་མཁལ་ནད་ཕལ་ཆེར་གྲང་གཞི་ཅན་ཡིན་པར་བཤད་པས་འདིར་བཤད་པའི་རིགས་བརྒྱད་ཀ་ཡང་ཚ་བའི་རྟགས་སྟོན་པ་ཡོད་ཀྱང་ཚ་བ་རྐྱང་བ་མ་ཡིན་པའམ། མཁལ་ནད་ཀྱིས་གནས་གཞན་དུ་བྱས་པའི་ཚ་བའི་ནད་ཀྱང་ཡོད་སྲིད། དེའི་ཕྱིར་མཁལ་ནད་ཚ་གྲང་གང་ཡིན་ཡང་གསོ་ཐབས་འཕྲུལ་ཤེས་པ་གལ་ཆེ།ཀརྨ་ངེས་ལེགས་ཀྱིས།སྨན་བཏང་བའི་ཚེ་ཁྲག་མཁྲིས་འཁྲུགས་རིམས་ལ་བྱ་ར་ལེགས་པར་མ་སོང་བའི་དྲོད་སྨན་གཏོང་བ་དགའ།འདི་ནི་མི་རུང་བར་ཁོ་བོས་གདམས་པ་ལ་ཁྱད་པར་མཁལ་རྐེད་ཀྱི་ནད་གསར་པ་ལ་མ་བརྟག་པར་དྲོད་སྨན་མི་གཏོང་བ་འདི་ཡང་ཁོ་བོས་གདམས་སོ།ཞེས་གསུངས། དྲོད་སྨན་གཏོང་སྔ་ན་རྒྱུད་ལས། འོག་གྲིམས་མ་ཚོར་དྲོད་སྦྱོར་བསྟེན་པ་ཡིས། མེ་འབར་ཤིང་བསྣན་བཞིན་དུ་ལུས་ཟུངས་བསྲེག ། ཅེས་པ་ལྟར་ནད་གཞི་བཅོས་ཉེས་སུ་ཤོར་ནས་གསོ་དཀའ་བ་ཡིན་ལ།དེ་བཞིན་གཏར་བསྲེག་བྱ་བའི་སྐབས་སུ་ཡང་པོད་དམར་ལས། མཁལ་མ་བསམ་སེ་བུ་སྣོད་དང་འབྲེལ་བས། གཞོན་ལ་མེ་བཙའ་སྤང་ཞིང་གཏར་ག་བྱ།།ཅིའི་ཕྱིར་ཞེ་ན་མེ་བཙའ་སྲིད་སྒོ་འགེགས།།གཏར་གས་ནད་ཀྱི་རོ་མ་གཏིང་ནས་འབྱིན།།རྒན་ལ་གཏར་མི་འཕྲོད་ཅིང་མེ་བཙའ་ལེགས།།  ཅིའི་ཕྱིར་ཞེ་ན་གཏར་གས་ལུས་ཟུངས་འཇོམས།། མེ་བཙའ་ལུས་དྲོད་བསྐྱེད་ཅིང་ནད་སྒོ་བགེགས།།ཞེས་པ་ལྟར་སོ་སོའི་དགོས་པའི་ཁྱད་པར་ཡང་ཤེས་དགོས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-22

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།