འོམ་བུ་གདོང་སྣ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འོམ་བུ་གདོང་སྣ།
འོམ་བུ་གདོང་སྣ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ2ཙམ་གྱིས་ཆོད་པའི་མི་རྩེ་སྒང་ཟེར་བའི་ཉེ་ཕྱོགས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安布东那
ལ་ཏིང་གི་མིང་།
‘om bu gdong sna
མིང་གཞན།
བོན་པོ་གདོང་སྣ།
རིགས་དབྱེ།
གནའ་ཤུལ་གྲགས་ཅན།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ།
གནས་ཡུལ།
རྨ་སྲིབ་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་ཡོད།
1 ངོ་སྤྲོད།

འོམ་བུ་གདོང་སྣ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ2ཙམ་གྱིས་ཆོད་པའི་མི་རྩེ་སྒང་ཟེར་བའི་ཉེ་ཕྱོགས་སུ་ཡོད། འདི་ནི་ཁྲི་ཀའི་ས་ཆའི་གཉན་པོ་གདོང་གསུམ་དུ་གྲགས་པའི་ནང་གི་གཅིག་ཡིན། ཡུལ་འདིའི་རྒན་པོ་རྣམས་ཀྱི་ངག་རྒྱུན་ལ། སྔོན་གྱི་དུས་སུ་གདོང་སྣ་འདིའི་ཉེ་འཁོར་ནི་ཤིང་འོམ་བུའི་ནགས་ཚལ་ཚང་ཚིང་དུ་འཁྲིགས་པའི་གནས་ཤིག་ཡིན་པའི་རྒྱུ་མཚན་གྱིས། གནས་འདི་ལ་འོམ་བུ་གདོང་སྣ་རུ་འབོད་པའམ་འབྲི་བ་ཡིན་ཡང་། ཡུལ་འདིའི་ཁ་སྐད་ཀྱི་དབང་གིས་འོམ་བུ་ཞེས་པའི་མིང་མཐའི་བུ་ཡིག་ལ་སྔོན་འཇུག་གི་འ་ཡིག་ཡོད་པ་ལྟར་འོམ་འབུ་གདོང་སྣ་རུ་འབོད་པ་ད་ལྟའི་བར་རྒྱུན་འབྱམས་སུ་གྱུར་ཡོད་པས། དེང་སང་ཁ་ཅིག་གིས་གནས་འདི་ལ་བོན་པོ་གདོང་སྣ་རུ་འབོད་པ་ནི། འོམ་བུ་གདོང་སྣའམ་འོམ་འབུ་གདོང་སྣའི་སྒྲ་ཟུར་རིམ་གྱིས་ཉམས་པའི་འབོད་སྟངས་ཤིག་ཡིན།

གནས་འདི་ན་རྡོ་ལས་གྲུབ་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་རང་བྱོན་ཞིག་བཞུགས་པས་ན། གནའ་ནས་བཟུང་རྟེན་འདི་ལ་གདོང་སྣའི་ཐུགས་རྗེ་ཆེན་པོ་རང་བྱོན་དུ་གྲགས་པ་ཡིན་ནོ། །

2 འབྲེལ་ཡོད་ངག་རྒྱུན།
2_1 ངག་རྒྱུན་ཁག་དང་པོ།

སྔོན་དུས་གཡུང་དྲུང་བོན་གྱི་བླ་མ་མི་རྩེ་གསེར་བཟང་ཞུ་བ་ཞིག་གིས། ད་ལྟའི་འོམ་བུ་གདོང་སྣའི་བྲག་ཕུག་ཅིག་ཏུ་དུས་ཡུན་རིང་བོར་སྒྲུབ་པ་ཉམས་བཞེས་གནང་། རབ་བྱུང་ལྔ་བའི(སྤྱི་ལོ1267-སྤྱི་ལོ1326)ནང་ཞིག་ལ། སོག་པོའི་རྒྱལ་རྒྱུད་དུ་གྲགས་པའི་མིང་ལ་སྤྲེལ་ལྤགས་ཅན་ཟེར་བ་ཞིག་རང་ས་ནས་རྒྱང་འཕུད་དུ་བཏང་སྟེ་ཡུལ་འདིར་འབྱོར་རྗེས། རྟ་རྫི་སོགས་བྱས་ཏེ་གཞན་ལ་གླ་གཡོག་བྱས་ནས་བསྡད། ཐེངས་ཤིག་ཁོང་གིས་ཡུལ་འདིའི་མེ་ལོང་ལུང་བ་ཟེར་བའི་ནང་དུ་ལ་ལོ་འཚོ་སྐབས། གནས་དེའི་བྲག་ཕུག་ཅིག་ཏུ་སྒོམ་ཆེན་ཞིག་ཏིང་ངེ་འཛིན་ལ་བཞུགས་ནས་གཉིད་ལོག་པ་ལྟར་དུ་ཡོད་པ་དེ་གཉིད་ལས་བསླངས་པར་བྱས་པས་ན། ལུང་བ་དེ་ལའང་གཉིད་ལོག་ལུང་བ་རུ་གྲགས་པ་དང་། སྒོམ་ཆེན་དེ་ནི་གོང་དུ་གླེང་བའི་བོན་གྱི་བླ་མ་མི་རྩེ་གསེར་བཟང་ཞུ་བ་དེ་ཉིད་ཡིན་སྐད། བླ་མ་དེ་ཉིད་ཀྱིས་རྟ་རྫི་སྤྲེལ་ལྤགས་ཅན་དེ་སྐྱེས་བུ་ཚུལ་ལྡན་ཞིག་ཏུ་གཟིགས་ཤིང་རྗེས་སུ་གསོལ། དེ་ནས་ཁོང་བླ་སློབ་གཉིས་ཀ་གཉིད་ལོག་ལུང་བ་ནས་ད་ལྟའི་གདོང་སྣ་རུ་སྤོས་ཏེ་དུས་ཡུན་རིང་བོར་ཐུགས་དམ་ཉམས་བཞེས་ལ་གཞོལ་བའི་མཐར། དམ་པ་མི་རྩེ་གསེར་བཟང་གིས་གནས་འདིར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། དུས་དེ་ནས་བཟུང་འོམ་བུ་གདོང་སྣའི་ཐུགས་རྗེ་ཆེན་པོའི་ཉེ་འཁོར་གྱི་སྒང་ལའང་མི་རྩེ་སྒང་དུ་ཐོགས་ནས་དུས་ད་ལྟའི་བར་དུ་རྒྱུན་འབྱམས་སུ་གྱུར་པར་བཤད། གཞན་ཡང་བོན་པོའི་བླ་མ་མི་རྩེ་གསེར་བཟང་དང་ཁོང་གི་ཞལ་སློབ་ཁྲིམས་འབར་ཚུལ་ཁྲིམས་བླ་སློབ་གཉིས་ཀའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་སོགས་པའི་གནས་ཚུལ་གཞན་དག་མ་ངེས་ཀྱང་། གང་ལྟར་གཡུང་དྲུང་བོན་གྱི་ཕྱི་རབས་རྗེས་འཇུག་པ་རྣམས་ཀྱིས་འོམ་བུ་གདོང་སྣ་ནི་བླ་མ་མི་རྩེ་གསེར་བཟང་ལ་རྟོགས་པ་བརྙེས་ས་ཡིན་ཟེར་ནས། ཚོགས་གསོག་སྒྲིབ་སྦྱོང་བྱེད་སའི་གནས་ཁམས་ཆེན་ཞིག་ཏུ་བརྩི་བར་བཤད་ལ། ཕྱིས་སུ་རྒྱ་བོད་སོག་གསུམ་གྱི་རིས་མེད་དད་ལྡན་མང་ཚོགས་ཚང་མས་གནས་འདི་ལ་མཆོད་མཇལ་བྱེད་པའང་ལོ་རེར་རྒྱུན་ཆད་མེད་དོ། །

2_2 ​ངག་རྒྱུན་ཁག་གཉིས་པ།

མིང་རྒྱལ་རབས་ཚུགས་ནས་ཅུང་མ་འགོར་བར། ས་གནས་སོ་སོར་སྔ་རྗེས་སུ་གཡུ་འབྲུག་འདྲ་བའི་རི་རྒྱུད་དགུ་བྱུང་བ་དང་། འབྲུག་མགོ་ཚང་མ་རྨ་ཆུའི་ཕྱོགས་སུ་འཁོར་ཡོད། སྐབས་དེའི་བཤད་ཚུལ་ལྟར་ན། གལ་སྲིད་གཡུ་འབྲུག་རྒྱས་ཏེ་རྨ་ཆུའི་ནང་དུ་ཐོན་ཚེ། ཡུལ་དེ་གར་གོང་མ་རྒྱལ་བོའི་གསེར་ཁྲིར་བཞུགས་ཐུབ་པའི་མི་བསོད་ནམས་ཅན་ཞིག་འཁྲུངས་ངེས་པས། དོན་དེ་ས་གནས་ཀྱི་དཔོན་པོ་རྣམས་ཀྱིས་ཤེས་རྗེས་གསང་མ་ཐུབ་པར་གོང་མར་ཡར་ཞུ་བྱས་པས། གོང་མ་འཇིགས་ནས་དེ་འཕྲལ་རང་གི་སྲིད་བློན་ཆེན་པོ་ལིག་པོ་བུན(刘伯温)ལ་བློན་པོ་སྐོར་ཞིག་ཁྲིད་ནས་ཡུལ་སོ་སོར་ཕྱིན་ཏེ་རི་རྒྱུད་དེ་དག་བཙལ་ནས་གཡུ་འབྲུག་གི་སྲོག་རྩ་ངེས་པར་དུ་གཅོད་དགོས་པའི་བཀའ་ལུང་ཕབས། གོང་མའི་དཔོན་ཆེན་དེ་རྣམས་ཁྲི་ཀར་འབྱོར་རྗེས། མི་རྩེ་སྒང་གི་འདབས་རོལ་ནས་གཡུ་འབྲུག་ལྟ་བུའི་རི་རྒྱུད་ཅིག་རྙེད། དེ་ནས་འབངས་འཁོར་ལ་བཀའ་ཕབས་ནས་རི་རྒྱུད་དེ་འདྲུ་འགོ་བརྩམས། འོན་ཀྱང་ཡ་མཚན་པ་ཞིག་ལ་ཉིན་མོར་དྲུས་ཟིན་པའི་ས་རྣམས་མཚན་མོའི་དུས་སུ་རུབ་ནས་སླར་ཡང་སྔར་བཞིན་དུ་གྱུར་འགྲོ་བ་དང་། བསྟུད་མར་ཉིན་འགའི་རིང་ལ་དེ་ལྟར་བྱུང་བས་ཐམས་ཅད་བྱེད་ཐབས་ཟད་པར་གྱུར། ཕྱིས་སུ་མི་ཐབས་མཁས་ཤིག་གིས་བློ་བཏོན་ཏེ་གནས་དེ་རུ་ཐུགས་རྗེ་ཆེན་པོའི་ལྷ་ཁང་ཞིག་བཞེངས་པ་ན། གཡུ་འབྲུག་དེའི་སྲོག་རྩ་བདེ་བླག་ངང་བཅད་པར་གྲགས་སོ། །

འོམ་བུ་གདོང་སྣའི་འདབས་རོལ་དུ་རཱ་ག་ཨ་སྱས་རིན་པོ་ཆེའི་རིང་བསྲེལ་མཆོད་རྟེན་བཞེངས་ཡོད། མཁས་གྲུབ་ཆེན་པོ་རཱ་ག་ཨ་སྱས་རིན་པོ་ཆེའམ་དཔལ་ཡུལ་ཀརྨ་ཆགས་མེད་དུ་ཞུ་བ་དེ་ཉིད་ནི། རྒྱལ་དབང་ལྔ་བའི(སྤྱི་ལོ1617—སྤྱི་ལོ1682)སྐུ་དུས་ཀྱི་གཏེར་འདོན་ཆེན་པོ་ཞིག་ཡིན་པ་སྟེ། བྱང་ཆུབ་སེམས་དཔའ་རཱ་ག་ཞེས་པའི་མཚན་ཅན་འཇིག་རྟེན་འདིར་བྱོན་ཏེ་སེམས་ཅན་དུང་ཕྱུར་བཅུ་གཅིག་འདྲེན་པར་འགྱུར་རོ་ཞེས་རྒྱལ་བའི་མདོ་ལུང་གིས་ཀྱང་ཟིན་ཡོད་པའི་སྐྱེས་བུ་དམ་པ་ཞིག་ལགས། དམ་པ་དེ་ཉིད་ཀྱིས་སྐུ་ཚེ་སྨད་དུ་ད་ལྟའི་ཁྲི་ཀའི་ཡུལ་ཕྱོགས་སུ་ཆོས་འཁོར་བསྐོར་ཞིང་། སྐབས་ཤིག་ལ། ཁྲི་ཀ་ས་ཆར་མཛེ་ནད་མཆེད་ནས་བཅོས་ཐབས་དང་བྲལ་བའི་སྐབས་དེར། ཁོང་གིས་ས་ཆ་འདིའི་མཛེ་ནད་ཀྱི་གཏིང་གཅོད་པའི་ཆེད་དུ། ཡུལ་འདི་ནས་སྐུ་མྱ་ངན་ལས་འདའ་བར་ཐག་བཅད་དེ། འཁོར་སློབ་ཀུན་ལ་ཉིད་ཀྱི་སྐུ་གདུང་རིན་པོ་ཆེ་ནི་ཡུལ་འདིའི་ཀླུ་བདུད་གདུག་པ་ཅན་གྱི་ཁ་གནོན་དུ། དེ་གནས་སའི་ཆུ་མིག་གི་ནང་དུ་བཞག་སྟེ། དེའི་སྟེང་དུ་མཆོད་རྟེན་ཞིག་བཞེངས་དགོས་པའི་ཞལ་གདམས་བསྩལ་རྗེས་དགོངས་པ་ཞིང་གཞན་དུ་གཏད་དོ། །བུ་སློབ་དག་གིས་ཁོང་གི་བཀའ་བཞིན་དུ་བྱས་སྟབས། དེ་ནས་བཟུང་ས་ཆ་འདིའི་མཛེ་ནད་ནི་རྩ་བ་ནས་ཞི་ཞིང་མེད་པར་གྱུར་ཏོ། །

རིང་བསྲེལ་མཆོད་རྟེན་འདི་ཉིད་ལ། ཀྲུང་ཧྭ་མིན་གོའི་དུས་སྐབས་སུ། སྔ་འགྱུར་རྙིང་མ་བའི་བླ་ཆེན་སྐུ་ཕྱོགས་དགུ་རོང་སྐུ་ཕྲེང་གསུམ་པ་དཔལ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ཚང(སྤྱི་ལོ1875—སྤྱི་ལོ1932)གིས་རྒྱ་བསྐྱེད་ནས་བཞེངས་ཏེ་ཉམས་གསོ་གནངས་མྱོང་། སྤྱི་ལོ1958ལོར་དེ་འཇིག་པར་གྱུར། སྤྱི་ལོ2002ལོའི་ཟླ5བར། དཀར་བརྗིད་སྔགས་ཁང་གི་དགོན་བདག་བླ་མ་དཀར་བརྗིད་སྐུ་ལོ་སྐུ་ཕྲེང་བཞི་བ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་ཞུ་བས། མཆོད་རྟེན་འདི་ཉིད་ཐོག་དང་པོར་བཞེངས་སའི་ཤུལ་དེ་ནས་རཱ་ག་ཨ་སྱས་རིན་པོ་ཆེ་མཆོག་གི་གདུང་རུས་དང་། ཚེམས། རིང་བསྲེལ་སོགས་རྙེད་པའི་རྗེས་སུ། ཁོང་གིས་འཁོར་སློབ་རྣམས་ལ་བསྐུལ་ནས་མཆོད་རྟེན་འདིའི་སྔར་ཤུལ་དུ་ད་ལྟའི་རིང་བསྲེལ་མཆོད་རྟེན་འདི་ཉིད་སླར་ཡང་ཉམས་གསོ་བགྱིས་ཏེ་རྒྱས་པར་བཞེངས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-18

གསར་སྤེལ་མཁན། :གཡུ་འབྲུག

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།