རྒྱ་ནག་པ་འཇམ་དབྱངས་ཐུབ་བསྟན་ཉི་མཆོག
རྒྱ་ནག་པ་འཇམ་དབྱངས་ཐུབ་བསྟན་ཉི་མཆོག་ནི་རབ་བྱུང་བཅུ་གསུམ་པའི་མེ་སྟག་སྤྱི་ལོ1806ལོར་ཧོར་ཡུལ་ཨ་རུ་ཧོ་ཆེན་དུ་སྐུ་འཁྲུངས། དགུང་ལོ་བཞི་བ་རབ་བྱུང་བཅུ་བཞི་བའི་ས་སྦྲུལ་ལོར་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་ནས་དུས་འཁོར་རྒྱ་ནག་པ་ངག་དབང་ཕུན་ཚོགས་ཀྱི་ཡང་སྤྲུལ་དུ་ཐུགས་ཐག་བཅད། དགུང་ལོ་བདུན་པར་སྡེ་ཁྲི་རིན་པོ་ཆེ་ལས་རབ་ཏུ་བྱུང་། ཡི་གེ་སྦྱོར་ཀློག་གི་དབུ་བརྩམས། དགུང་ལོ་བཅུ་གཅིག་པར་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་མཁས་གྲུབ་དམ་པ་མང་པོའི་ཞབས་ལ་གཏུགས་ནས་ཟབ་རྒྱས་ཆོས་ཀྱི་བགོ་སྐལ་ཐོབ། དགུང་གྲངས་བཅུ་གཉིས་པ་མེ་གླང་སྤྱི་ལོ1817ལོར་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་ཕྲེང་གསུམ་པས་བརྩི་བཞག་ཐོག་མར་གནང་སྐབས་ཆོས་གྲྭར་ཞུགས། གསུང་གི་བདུད་རྩི་ཚིམ་པར་བཞེས་པའི་སྐལ་བ་དང་ལྡན་པར་གྱུར། བླ་མ་འཇམ་པའི་དབྱངས་ལ་བྱམས་ཆོས་དང་དབུ་མ་རིགས་ཚོགས་སོགས་ཀྱི་ཚིག་རྒྱུགས་ཕུལ་ཏེ་ལེགས་པའི་མཚན་སྙན་ཐོབ་པར་བྱས། དགུང་ལོ་བཅུ་དྲུག་པར་སྤྱི་དོན་རིགས་རྒྱུགས་རྒྱན་དང་བློ་རྟགས་སོགས་ཚད་མའི་སྐོར་གྱི་འབེལ་གཏམ་མཛད། དགུང་ལོ་ཉེར་གཅིག་ནས་ཉེར་གསུམ་བར་དུ། གཞུང་པོ་ཏི་ལྔ་སྦྱངས་པ་མཐར་ཕྱིན་པར་མཛད་ཅིང་གོ་རིགས་ཟུང་འབྲེལ་གྱི་རིགས་པ་སྨྲ་བ་ལ་འགྲན་པའི་ཟླ་དང་བྲལ་བ་བྱུང་། དགུང་གྲངས་ཉེར་ལྔ་བར་ཀུན་མཁྱེན་བླ་མའི་བཀའ་བཞིན་བཀའ་པོད་ལྔའི་བརྒལ་ལན་མཛད་དེ་རྡོ་རམས་པའི་དམ་བཅའ་ཐོན་ཞིང་མཁས་པའི་གྲགས་པ་ཐོབ་པའོ། །
སྐུ་ཚེ་སྨད་ལ་རྒྱ་ནག་ཏུ་ཕེབས་ནས་དབང་ལུང་མན་ངག་གི་རྒྱུན་མང་དུ་སྤེལ། གཡོན་རུའི་སར་ཧུ་བེ་ཧུང་ཝང་གིས་སྦྱིན་བདག་བྱས་ཏེ་བདེ་མཆོག་བློས་བསླངས་ལྟར་གྱི་གཙུག་ལག་ཁང་བཞེངས། སྒོ་བཞི་ལ་རྒྱུད་དང་། དུས་འཁོར། སྨན་བླ། རིག་གནས་ཀྱི་གྲྭ་ཚང་བཞི་བཙུགས། བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་གྲྭ་ཚང་གི་ཁྲིར་བཞུགས་ཏེ་མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ། ཙོང་ཁའི་བརྒྱུད་ཆུའི་ལྷ་ཁང་གཡུ་ཐོག་ཅན་བདེ་ཡངས་བཅས་པ་གསར་དུ་བསྐྲུན། དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་བཞི་པའི་ས་རྟ་སྤྱི་ལོ1858ལོར་ཨུ་ཆི་མུ་ཆེན་གཡོན་རུའི་ཤོག་ཨེ་རིན་གྱི་སར་སྐུ་གཤེགས་པའོ། །
གསུང་ཆོས《དབུས་མཐའ་རྣམ་འགྱེལ་གྱི་འགྲེལ་བ》 《དགེ་འདུན་ཉི་ཤུའི་རྣམ་བཞག》 《དཔལ་ལྡན་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་པ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད》སོགས་མགུར་དང་། སྙན་ངག ཆབ་ཤོག གཞུང་འགྲེལ་རྟོགས་བརྗོད་སོགས་པོད་གཉིས་བཞུགས།
- 1 བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས་པའི 《གངས་ལྗོངས་མཁས་དབང་རིམ་གྱི་རྩོམ་ཡིག་གསེར་གྱི་སྦྲུམ་བུ། པོད་གསུམ་པ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་ཟླ3པར་པར་ཐེངས་གཉིས་པར་དཔར། ཤོག་ངོས939ན་གསལ།
- 2 བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས་པའི 《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ པོད་གཉིས་པ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ3པོའི་པར་གཞི་གཉིས་པ། ཤོག་ངོས210ན་གསལ།