སྟག་གཡག་སྒང་།
སྟག་གཡག་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་མང་རྫོང་སུམ་མདོ་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ70ཡི་མཚམས་ཀྱི་དོན་ཁོ་ཆུའི་འགྲམ་རྒྱུད་དུ་ཡོད། གནས་འདི་གའི་དེའུ་རྒན་གཉིས་ཀྱི་བར་ན་དེའུ་ཆུང་ཞིག་ཡོད་པ་དང་། དེའུ་ཆུང་གི་འགྲམ་དུ་ཆུ་མིག་ཅིག་བཞུར་གྱིན་ཡོད་ཅིང་། ཡུལ་འདིའི་དམངས་ཁྲོད་དུ། དེ་ལ་སྟག་གཡག་གཉིས་ཀྱིས་ལ་བརྩད་དེ།། སྦལ་ཆུང་གི་རྒྱུ་མ་ལུགས་སོང་།། ཞེས་པའི་གཏམ་རྒྱུད་ཅིག་ཀྱང་བཤད་རྒྱུ་ཡོད་པ་ནི་འདི་ལྟར་གྲགས་ཏེ། དེ་ཡང་སྟག་དང་གཡག་གཉིས་ཀྱིས་གནས་འདིའི་ལ་ངོས་སུ་ལམ་རྩོད་སྐབས། སྦལ་བ་ཆུང་ཆུང་ཞིག་གིས་བར་འདུམ་བྱེད་དུས་སྟབས་མ་ལེགས་པར་གཡག་གི་རྨིག་འོག་ནས་གཅིར་ཏེ་རྒྱུ་མ་ལུགས་སོང་ཟེར། ད་ལྟའི་དེའུ་རྒན་གཉིས་ནི་སྟག་གཡག་གཉིས་ཀ་ཡིན་པ་དང་། དེའུ་ཆུང་ནི་སྦལ་བ་ཡིན་པ། ཆུ་མགོ་ནི་སྦལ་བའི་རྒྱུ་མ་ཡིན་པར་བཤད། སྟག་གཡག་ཅེས་པའི་མིང་འདིའང་དེ་ལྟར་དུ་ཐོགས་པ་ཡིན་ནོ། །
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2016-08-11
གསར་སྤེལ་མཁན། :གཡུ་འབྲུག