རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པ།
རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནི་སྤྱི་ལོ1957ལོའི་ཟླ9པར་བཙུགས་པ་དང་། ད་ལྟའི་བར་ལོ་ངོ50ལྷག་གི་ལོ་རྒྱུས་ལྡན། སྤྱི་ལོ1994ལོར་དགེ་རྒན་གྱི་གསོ་སྦྱོང་རྟེན་གཞི་བཙུགས་ནས་སློབ་ཆུང་གི་སློབ་གཙོ་དང་རྐང་འཛིན་དགེ་རྒན་བསྐྱེད་སྲིང་བྱས་པ་རེད། སྤྱི་ལོ2003ལོར་ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་དགེ་ཐོན་སློབ་གྲྭས་དགེ་ཐོན་སློབ་མ་བསྡུ་མཚམས་བཞག་ནས་རྨ་ལྷོ་ཁུལ་གྱིས་ཁུལ་ཐད་གཏོགས་སློབ་གྲྭའི་མི་དོན་བཀོད་སྒྲིག་ལམ་ལུགས་བཅོས་སྒྱུར་བྱས་པ་དང་། རང་སློབ་གྲྭས་སྔར་ཡོད་ཀྱི་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་རྨང་གཞིའི་སྟེང་ཁུལ་མི་རིགས་སློབ་འབྲིང་གཉིས་པ་གསར་དུ་བཙུགས་ལ། དགེ་རྒན་གསོ་སྦྱོང་དང་མཐོ་འབྲིང་སློབ་གསོ་གཉིས་གཞི་གཅིག་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་གྲྭ་བཙུགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黄南州第二民族中学
ལ་ཏིང་གི་མིང་།
rma lho khul mi rigs slob vbring gnyis pa
བཙུགས་ལོ།
སྤྱི་ལོ1957ལོའི་ཟླ9
རིགས་དབྱེ།
གཞུང་བཙུགས་མཐོ་འབྲིང་།
གཙོ་གཉེར་སྡེ་ཁག
རྨ་ལྷོ་ཁུལ་སློབ་གསོ་ཅུའུ།
སློབ་གཙོ།
རྡོ་རྗེ་རྒྱལ།
གནས་ཡུལ།
རྨ་ལྷོ་ཁུལ་རེབ་གོང་རྫོང་རོང་བོ་གྲོང་རྡལ།
1 ངོ་སྤྲོད།

རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནི་སྤྱི་ལོ1957ལོའི་ཟླ9པར་བཙུགས་པ་དང་། ད་ལྟའི་བར་ལོ་ངོ50ལྷག་གི་ལོ་རྒྱུས་ལྡན། སློབ་གྲྭ་བཙུགས་ཚུན་ནས་བཟུང་། སློབ་ཆུང་གི་དགེ་རྒན་དང་རིག་རྩལ། ལུས་རྩལ། ཡིག་སྒྱུར། རྩིས་གཉེར། མཛེས་རྩལ་སོགས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་བསྡོམས་པས3898བསྐྱེད་སྲིང་བྱས་པ་དང་། སྤྱི་ལོ1994ལོར་དགེ་རྒན་གྱི་གསོ་སྦྱོང་རྟེན་གཞི་བཙུགས་ལ། སྤྱི་ལོ2005ལོར་སྒོ་བྱང་དངོས་སུ་བཀལ་ནས། སློབ་ཆུང་གི་སློབ་གཙོ་དང་རྐང་འཛིན་དགེ་རྒན་བསྡོམས་པས1416བསྐྱེད་སྲིང་བྱས་པ་རེད། སྤྱི་ལོ2003ལོར་ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་དགེ་ཐོན་སློབ་གྲྭས་དགེ་ཐོན་སློབ་མ་བསྡུ་མཚམས་བཞག་པ་དང་། སློབ་གྲྭས་སློབ་གསོའི་ཁ་ཕྱོགས་བདེ་བླག་ངང་བསྒྱུར་ཏེ། སྤྱི་ལོ2007ལོའི་ཟླ7པར། རང་ཁུལ་གྱིས་ཁུལ་ཐད་གཏོགས་སློབ་གྲྭའི་མི་དོན་བཀོད་སྒྲིག་ལམ་ལུགས་བཅོས་སྒྱུར་བྱས་པ་དང་། རང་སློབ་གྲྭས་སྔར་ཡོད་ཀྱི་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་རྨང་གཞིའི་སྟེང་ཁུལ་མི་རིགས་སློབ་འབྲིང་གཉིས་པ་གསར་དུ་བཙུགས་ལ། དགེ་རྒན་གསོ་སྦྱོང་དང་མཐོ་འབྲིང་སློབ་གསོ་གཉིས་གཞི་གཅིག་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་གྲྭ་བཙུགས་པ་རེད།

སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་མུའུ61ཡོད་ཅིང་། སློབ་ཁྲིད་ཐོག་ཁང་དང་སློབ་མའི་མལ་ཁང་གི་ཐོག་ཁང་། སློབ་གྲྭའི་ཚོགས་ཁང་། གཞུང་སྒྲུབ་ཐོག་ཁང་། སློབ་མའི་ཟ་ཁང་སོགས་འཛུགས་སྐྲུན་བྱས་ཡོད་པ་དང་། སློབ་ཁྲིད་ཀྱི་སྒྲིག་བཀོད་ཆ་ཚང་བར་ཡོད། མིག་སྔར་དགེ་བཟོ་བ་དངོས་མ84ཡོད་པ་དང་། ས་གནས་དམིགས་བསལ་ལས་རྐང་གི་དགེ་རྒན4དང་ལས་ཀ་འདྲ་བར་ཐོབ་ཆ་འདྲ་བ་བྱས་པའི་དགེ་རྒན3  ཕྱི་རྒྱལ་གྱི་དགེ་རྒན1བཅས་ཡོད།  ཏང་ཡོན21དང་གྲ་སྒྲིག་ཏང་ཡོན2ཡོད། མིག་སྔར་སློབ་གྲྭར་སློབ་མ839ཡོད་པ་དང་། ཚང་མ་བཅའ་སྡོད་སློབ་མ་ཡིན། འཛིན་གྲྭ17ཡོད་ལ། སློབ་མའི་ཡོང་ཁུངས་གཙོ་བོ་ནི་རང་ཁུལ་གྱི་རྫོང་ཁག་བཞི་བོ་ཡིན་པ་དང་། ཞིང་ཆེན་དང་ཁུལ། རྫོང་གཞན་པ་ནས་ཡོང་བའི་སློབ་མའང་ཡོད། དེ་དག་ཚང་མ་གྲངས་ཉུང་མི་རིགས་ཡིན་ལ། མང་ཆེ་བ་ནི་བོད་རིགས་ཡིན་པ་དང་། སོག་པོ་དང་ཧོར་རིགས་ཀྱང་ཡོད།  དེ་དག་ཕལ་ཆེ་བ་རོང་འབྲོག་པའི་བུ་དང་བུ་མོ་ཡིན།

སློབ་གྲྭས་ཁུལ་ཡོངས་ལ་ཁ་ཕྱོགས་ནས་སློབ་མ་བསྡུ་བ་དང་། རང་སློབ་གྲྭས་མིག་སྔར་གྱི་སློབ་གསོ་འདིར་ཁ་ཕྱོགས་ནས་ཡུན་རིང་འགོར་མེད་པས། སློབ་གྲྭ་གཞན་དང་བསྡུར་ཚེ་བར་ཁྱད་ཅུང་ཆེན་པོ་ཡོད་ཀྱང་། རྒྱ་ཆེ་བའི་དགེ་སློབ་ཡོངས་ཀྱིས་ཉེ་བའི་ལོ་འདི་འགའི་རིང་མཉམ་དུ་འབད་བརྩོན་བྱས་པར་བརྟེན་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། དབྱིན་ཡིག་རྣམ་གྲངས་འཛིན་གྲྭས་ལོ་རེ་བཞིན་མཐོ་རྒྱུགས་ཀྱི་སྐར་འབྲས་མཐོན་པོ་ལེན་བཞིན་ཡོད་པས་རྨ་ལྷོ་ས་ཁུལ་དུ་ཨང་རིམ་རྩེ་གྲས་སུ་ཚུད་ཡོད། ལྷག་པར་སྤྱི་ལོ2014ལོའི་མཐོ་རྒྱུགས་ཁྲོད་དུ་རང་སློབ་གྲྭས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ལ། སློབ་མ9ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐར་གྲངས་གཅོད་མཚམས་ལ་སླེབས་པ་དང་། རྒྱ་ཡིག་ལམ་ནས་རྒྱུགས་སྤྲད་པའི་སློབ་མ 10ནི་གནད་སའི་སློབ་ཆེན་གྱི་དངོས་གཞིའི་སྐར་གྲངས་གཅོད་མཚམས་ལ་སླེབས་ཤིང་། རྨ་ལྷོ་ཁུལ་གྱི་བོད་ཡིག་རྩིས་ཚན་གྱི་སྐར་འབྲས་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་བླངས་ཡོད་པ་རེད།

ངེད་སློབ་གྲྭས“སྤྱོད་བཟང་། མང་ཐོས། དངོས་གཉེར། གསར་བཏོད། འཆམ་མཐུན། འཕེལ་རྒྱས”བཅས་སློབ་གྲྭའི་བསླབ་བྱ་རུ་འཛིན་པ་དང་། “བརྩི་བཀུར་དང་འགྲན་རྩོད་ཡོད་པ། ལྷིང་འཇགས་དང་གཙང་མ་ཡིན་པའི”སློབ་རའི་རྣམ་པ་ཞིག་བསྐྲུན་བཞིན་ཡོད། ཁྲིམས་ལྟར་སློབ་གྲྭ་སྐྱོང་བ་དང་། སློབ་དཔྱོད་ཀྱིས་སློབ་གྲྭ་དར་སྤེལ་གཏོང་བ། ཁོར་ཡུག་གིས་སློབ་གྲྭ་མཛེས་པར་བརྒྱན་པ། བདེ་འཇགས་ཀྱིས་སློབ་གྲྭ་བརྟན་བརླིང་བྱེད་པའི་སློབ་སྒྲུབ་ཀྱི་འདུ་ཤེས་བཟུང་ནས། དམངས་གཙོ་དང་ཚན་རིག  ཚད་ལྡན་ཅན་གྱི་དོ་དམ་ལག་བསྟར་བྱེད་པ་དང་། བོད་རྒྱ་དབྱིན་གསུམ་མཉམ་དུ་གཙིགས་འཛིན་བྱེད་པ་དེས་ཁྱད་ཆོས་ཐོན་པར་བྱས་ཏེ། སློབ་མ་ཡོངས་ལ་ཁ་ཕྱོགས་ནས་སློབ་མའི་བག་ཉར་ནུས་པ་སྔོག་འདོན་དང་སློབ་མའི་འཇོན་ནུས་བསྐྱེད་སྲིང་བྱེད་བཞིན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-14

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།