རེབ་གོང་ལྷ་རིས་སྒྱུ་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རེབ་གོང་ལྷ་རིས་སྒྱུ་རྩལ།
རེབ་གོང་ལྷ་རིས་སྒྱུ་རྩལ་ནི་དུས་རབས་བདུན་པའི་ནང་བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བྱས་ཏེ། རྒྱ་གར་དང་བལ་ཡུལ། སྟག་གཟིག་དང་ཨོ་རྒྱན། བྷང་ག་ལ། མི་ཉག་ཐོ་ཀེར། ཟ་ཧོར། རྒྱ་ནག་སོགས་ལ་སྲིད་འབྱོར་རིག་གསུམ་གྱི་སྒོ་ནས་འབྲེལ་འདྲིས་བྱུང་བར་བརྟེན། བོད་ཀྱི་བཟོ་རིག་སྒྱུ་རྩལ་གྱི་རྣམ་པ་ཕུན་སུམ་ཚོགས་པར་སོང་བ་དང་དུས་མཚུངས་སུ་རེབ་གོང་ཡུལ་དུ་ལྷ་རིས་སྒྱུ་རྩལ་དར་ཁྱབ་བྱུང་བར་བཤད། རེབ་གོང་ལྷ་རིས་སྒྱུ་རྩལ་ནི་རི་མོ་གང་རུང་རང་སྣང་གང་དྲན་གྱིས་བྲིས་མི་ཆོག་པར། ཁྱད་པར་དུ་ནང་བསྟན་ཆོས་ལུགས་ཀྱི་ལྷ་སྐུ་བཞེངས་སྐབས་ལྷ་རང་རང་གི་ཐིག་རྩ་གཞིར་བཞག་གི་སྟེང་ནས་བཞེངས་དགོས་པ་མ་ཟད། བླ་མའི་མདུན་ནས་བཞེང་རྒྱུའི་ལྷ་དེ་ལ་བསྟེན་པའི་དབང་ལུང་ཐོབ་དགོས་པ་དང་། དེ་ནས་ལྷ་རིས་པ་རང་ཉིད་ཀྱིས་ལྷ་དེའི་བསྙེན་པ་གཏོང་དགོས། དེ་གྲུབ་རྗེས་ཚོན་དང་པིར། རས་གཞི་སོགས་ལ་བྱིན་རླབས་གནང་ནས་ད་གཟོད་ལྷ་སྐུ་བཞེངས་དགོས། སྒྱུ་རྩལ་གྱི་བཀོད་པ་ལ་སྲོག་ལྡན་གྱི་རི་མོ་དང་སྲོག་མེད་ཀྱི་རི་མོ་གཉིས་ཡོད། རེབ་གོང་ལྷ་རིས་སྒྱུ་རྩལ་གྱི་རྣམ་གྲངས་གཙོ་བོ་བྲིས་བཟོ་ཡིན་ལ། དེར་བརྟེན་ནས་འབུར་བཟོ་བྱུང་ཞིང་། དེ་གཉིས་ཀ་འབྲེལ་བའི་སྒོ་ནས་ཚེམས་བཟོ་དང་དྲས་དྲུབས། དྲས་བཟོ། བརྐོས་བཟོ། བླུགས་བཟོ་སོགས་མང་པོ་བྱུང་ཡོད། ཁྱད་པར་དུ་རས་བྲིས་དང་། ལྡེབས་རིས། འབག་སྐུ། གོས་དྲུབས། གཙགས་དྲུབས། ཤིང་བརྐོས། རྡོ་བརྐོས། གསེར་མགར། ཤིང་ཚོན་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
热贡绘画艺术
ལ་ཏིང་གི་མིང་།
reb gong lha ris sgyu rtzl
རིགས་དབྱེ།
ལྷ་རིས།
ངོ་བོ།
འཛམ་གླིང་གཟུགས་འདས་ཤུལ་བཞག་རིག་གནས།
དར་ཡུལ།
རེབ་གོང་།
1 དར་ཚུལ།

.jpg

དེ་ཡང་སྤྱི་ལོའི་དུས་རབས་བདུན་པའི་ནང་བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བྱས་ཏེ། རྒྱ་གར་དང་བལ་ཡུལ།  སྟག་གཟིག་དང་ཨོ་རྒྱན།  བྷང་ག་ལ།  མི་ཉག་ཐོ་ཀེར། ཟ་ཧོར། རྒྱ་ནག་སོགས་ལ་སྲིད་འབྱོར་རིག་གསུམ་གྱི་སྒོ་ནས་འབྲེལ་འདྲིས་བྱུང་བར་བརྟེན། བོད་ཀྱི་བཟོ་རིག་སྒྱུ་རྩལ་གྱི་རྣམ་པ་ཕུན་སུམ་ཚོགས་པར་སོང་བ་དང་དུས་མཚུངས་སུ་རེབ་གོང་ཡུལ་དུ་ལྷ་རིས་སྒྱུ་རྩལ་དར་ཁྱབ་བྱུང་བར་བཤད། ཡིན་ནའང་དུས་རིམ་མི་འདྲ་བའི་དབང་གིས་རེབ་གོང་ཡུལ་དུ་ལྷ་རིས་སྒྱུ་རྩལ་དར་ཚུལ་ལ་བཤད་པ་མི་འདྲ་བ་གཉིས་ཡོད་དེ།                                     

བཤད་ཚུལ་དང་པོ་ནི། གཙང་ལ་སྟོད་རྭ་ཚང་གི་རྭ་རིན་ཆེན་རྡོ་རྗེ་ཡིས་གཙང་རུ་ལག་གི་གཡང་མོ་མཚོ་ཟེར་བའི་བུ་མོ་ཞིག་ཆུང་མར་བླངས་པས་གཉན་གྲགས་རྒྱ་མཚོ་དང་གསེར་བཟང་། མགོན་པོ་རྡོ་རྗེ་བཅས་བུ་གསུམ་བྱུང་། བུ་སྤུན་གསུམ་པོས་ལྷོ་ཕྱོགས་བལ་ཡུལ་ནས་ལྷ་རིས་སྦྱངས་ཏེ་ཕྱིར་འོང་ནས་གཙང་དང་ལྷ་ས་སོགས་སུ་ལྷ་རིས་སྤེལ། རབ་བྱུང་དང་པོའི་ནང་ཙམ་ལ་ཆོས་སྐྱོང་གི་ལུང་བསྟན་ལྟར་མདོ་སྨད་རེབ་གོང་དུ་སླེབས། སྐད་རིགས་དང་མི་རིགས་མི་གཅིག་པའི་ཆུང་མ་རེ་བཞེས་པ་ནི་ཧོར་མོ་དང་སོག་མོ། རྒྱ་མོ་ཡིན་པར་བཤད། ཁོ་ཚོས་རེབ་གོང་རོང་བོ་དགུ་ཆུའི་འགྲམ་རྒྱུད་དུ་གཞི་ཕབ་པའི་གཉན་ཐོག་དང་སྒོ་དམར། རྐ་སར། སེང་གེ་གཤོང་སོགས་ནས་གཞི་བཟུང་ཞིང་ལྷ་རིས་སྒྱུ་རྩལ་དར་སྤེལ་བྱས་ཟེར།

བཤད་ཚུལ་གཉིས་པ་ནི། རབ་བྱུང་བཞི་བའི་ནང་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཡུལ་དབུས་འདམ་ཁོག་རོང་བོ་ནས་འཁྲུངས་པའི་རོང་ཆེན་ལྷ་རྗེ་བྲག་སྣ་བ་ཆེན་པོ་ཀུན་དགའ་དོན་གྲུབ་གཙོས་འཁོར་གཡོག་ཕོ་མོ་སུམ་བརྒྱ་ལྷག་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་ཏུ་ས་སྐྱའི་ཆོས་སྲིད་གཉིས་ཀའི་དོན་དུ་མདོ་སྨད་རེབ་གོང་དུ་མངགས། དེའི་ཁྲོད་དུ་བཟོ་རིག་སྒྱུ་རྩལ་སྤྱི་དང་། ནང་སྒོས་སུ་ལྷ་རིས་སྒྱུ་རྩལ་ལ་མཁས་པའི་མི་འཇོན་ཐང་ཅན་མང་པོ་ཡོད་ལ། དེ་དག་གིས་རེབ་གོང་ཡུལ་དུ་ཁྱིམ་གཞི་བཟུང་བ་དང་། སྐུ་གསུང་ཐུགས་རྟེན་མང་པོ་བཞེངས་པར་བརྟེན། རེབ་གོང་ཡུལ་དུ་ལྷ་རིས་སྒྱུ་རྩལ་དར་ཁྱབ་བྱུང་བ་དང་། ཁྱད་པར་དུ་རོང་ཆེན་མདོ་སྡེ་འབུམ་རེབ་གོང་སྤྱི་དཔོན་དུ་བཞུགས་སྐབས་ཁོང་གིས་མི་ཉག་རིགས་ཀྱི་ཤིང་བཟོ་དང་། སོག་པོའི་རིགས་ཀྱི་རྡོ་བཟོ། དབུས་གཙང་ཕྱོགས་ཀྱི་ལྷ་བཟོ་སོགས་ལག་རྩལ་པ་མང་པོ་བསྡུས་ནས་གསེར་ལྗོངས་རྒྱལ་ཐང་དུ་ནང་སོའི་ཁྲིམས་སྒོ་ཀ་མགོ་སུམ་བརྩེགས་ཀྱི་གཞུང་ཁང་ཆེན་མོ་གསར་དུ་བཞེངས་པར་བརྟེན་རེབ་གོང་ཡུལ་དུ་ལྷ་རིས་སྒྱུ་རྩལ་གྱི་རྣམ་པ་ཕུན་སུམ་ཚོགས་པར་བྱས།

དེ་ལྟར་སྔ་གཞུག་མང་པོར་ཡུལ་ཕྱོགས་གཞན་ནས་ཕེབས་པའི་ལྷ་རིས་པ་དང་རེབ་གོང་ཡུལ་དུ་འཚར་ལོངས་བྱུང་བའི་ལྷ་རིས་སྒྱུ་རྩལ་པ་མང་པོའི་བཀའ་དྲིན་ལས། རེབ་གོང་ཉིན་སྲིབ་སྟོད་སྨད་ཀྱི་སྡེ་རྣམས་ལ་ལྷ་རིས་མཁས་པ་དག་གི་ཕྱག་རྒྱུན་མང་དུ་དར་ཁྱབ་བྱུང་། དུས་རབས་བཅུ་དྲུག་པའི་དུས་མཇུག་ཏུ་རེབ་གོང་ཡུལ་དུ་ལྷ་རིས་པ་མང་པོ་བྱུང་བ་དང་། དེ་དག་གི་ཁྲོད་དུ་ངེས་པ་དོན་གྱི་ལྷ་རིས་པ་སྔགས་འཆང་འཇམ་དབྱངས་བློ་གྲོས་དང་། གཉན་ཐོག་དཀའ་བཅུ་བ། རྩ་བ་ནགས་སྐུ། སྒར་བའི་པཎྚི་ཏ་བློ་བཟང་ཤེས་རབ། རྐ་སར་ལྷ་རིས་པ་བྱང་ཆུབ་རབ་གསལ། ཤ་སྦྲང་ལྷ་བཟོ་བློ་བཟང་རྒྱ་མཚོ། འགྲོན་ལུང་ལྷ་བཟོ། སེང་གེ་གཤོང་ལྷ་རྒན། སེང་གེ་གཤོང་ཡ་མགོ་ཚེ་རིང་བཀྲ་ཤིས། སེང་གེ་གཤོང་ཡ་མགོ་བསོད་ནམས་མགོན་པོ། བིས་ཐང་དཔལ་ལྡན་རྒྱ་མཚོ། ཁྱུང་བོ་བློ་བཟང་བཀྲ་ཤིས། རྫོང་དཀར་ཤེས་རབ་བཀྲ་ཤིས། བིས་བ་མི་ཕམ་ཟླ་བ། བོན་གྱི་ཁྲོ་བོ་འབུམ། ས་དཀྱིལ་ལྷ་བཟོ་སོགས་མང་པོ་བྱོན་པ་དང་། དེ་དག་གིས་མདོ་སྨད་ཡུལ་ཕྱོགས་སྤྱི་དང་ནང་སྒོས་སུ་རེབ་གོང་ཡུལ་དུ་ལྷ་སྐུ་བྲིས་འབུར་དང་། གོས་དྲུབས་སོགས་ཀྱི་ལྷ་རིས་སྒྱུ་རྩལ་གྱི་ཕྱག་རྒྱུན་དར་སྤེལ་བྱས། གཉན་ཐོག་དཀའ་བཅུ་བ་དང་། སྒར་བའི་པཎྚི་ཏ་བློ་བཟང་ཤེས་རབ། བིས་ཐང་དཔལ་ལྡན་རྒྱ་མཚོ་རྣམས་ཀྱི་རྒྱུན་འཛིན་གཉན་ཐོག་བྱུང་སྟེ་གཙོ་བོ་སྨན་ཐང་ལུགས་བཟུང་ཞིང་། རྩ་བ་ནགས་སྐུ་དང་། སེང་གཤོང་ལྷ་རྒན། སེང་གེ་གཤོང་མ་མགོ་ཚེ་རིང་བཀྲ་ཤིས། སེང་གཤོང་ཡ་མགོ་བསོད་ནམས་མགོན་པོ་རྣམས་ཀྱི་རྒྱུན་འཛིན་ལ་སེང་གེ་གཤོང་སྡེ་ཁག་གཉིས་བྱུང་སྟེ་གཙོ་བོ་ཀརྨ་སྒར་ལུགས་བཟུང་། རྐ་སར་ལྷ་རིས་པ་བྱང་ཆུབ་རབ་གསལ་དང་། བློ་བཟང་ཤེས་རབ་ཀྱི་རྒྱུན་འཛིན་ལ་རྐ་སར་དང་སྒོ་དམར་བྱུང་སྟེ་གཙོ་བོ་དབུས་བྲིས་འཇམ་ཤ་ཅན་བཟུང་། གཞུང་བྲིས་ཁྲོ་ཉམས་ཅན་གསུམ་ཀའི་ཕྱོགས་སུ་དར་བར་མ་ཟད། ཕན་ཚུན་མཉམ་འབྲེལ་སྒོས་ལག་རྩལ་ཐུན་མོང་མ་ཡིན་པ་བྱུང་བ་ནི་རེབ་གོང་ལྷ་རིས་སྒྱུ་རྩལ་ཞེས་པ་འདི་ཡིན་ལ། ད་དུང་ཁམས་ཀྱི་བྲིས་གསར་དང་། ཛམ་ཐང་ཕྱག་རྒྱུན། སྨར་ཁམས་ལྷ་བརྒྱུད། རྒྱ་ནག་གི་སྣུམ་ཚོན་རི་མོ། ཕྱི་གླིང་བའི་དངོས་བྲིས་རི་མོ་སོགས་རྒྱལ་ཁབ་ཕྱི་ནང་གི་ལེགས་ཆ་བསྡུས་ཡོད་པ་མ་ཟད། ལྷ་རིས་པ་རང་རང་གི་མཛེས་རྩལ་གསར་གཏོད་བྱས་པ་ཡང་ཧ་ཅང་བཟང་བར་བརྟེན། སྐད་གྲགས་ཆེ་བའི《རེབ་གོང་ལྷ་རིས་སྒྱུ་རྩལ》 འདི་ཉིད་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། གོང་གསལ་གྱི་ལྷ་རིས་པ་སྐད་གྲགས་ཅན་དེ་དག་གིས་བཞེངས་པའི་བྲིས་ཐང་དང་། གོས་སྐུ། གོས་དྲུབས། འབག་སྐུ། ལྡེབས་རིས་སོགས་བརྩམས་ཆོས་ཉུང་ཤས་ཤིག་ད་ལྟའི་བར་རེབ་གོང་རོང་བོ་དགོན་ཆེན་དང་། སྐུ་འབུམ་བྱམས་པ་གླིང་། བླ་བྲང་བཀྲ་ཤིས་འཁྱིལ། གཉན་ཐོག་དགོན་པ། སྒོ་དམར་དགོན་པ། གཡེར་གཤོང་དགོན་པ། དབེན་གནས་བཀྲ་ཤིས་འཁྱིལ་དགོན་པ།  རྫོང་དམར་དགོན་པ་རྣམས་སུ་དངོས་སུ་མཇལ་རྒྱུ་ཡོད་ལ། མང་པོ་ཞིག་རིག་གསར་སྐབས་སུ་མེད་བརླགས་སུ་སོང་བ་རེད།

རེབ་གོང་ལྷ་རིས་སྒྱུ་རྩལ་ནི་རང་རེའི་བོད་མི་རིགས་སྤྱི་དང་། བྱེ་བྲག་ཏུ་རེབ་གོང་ཡུལ་དུ་འཁྲུངས་པའི་སྔོན་བྱོན་ལྷ་རིས་སྒྱུ་རྩལ་པ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་སྒྱུ་རྩལ་གྱི་ཉིང་བཅུད་ཡིན་ལ། འཛམ་གླིང་གི་རིག་གནས་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་བའི་བོད་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཤེས་རིག་གི་འབྲས་རྟགས་རླབས་ཆེན་ཞིག་ཀྱང་ཡིན།

2 ཁྱད་ཆོས།

རེབ་གོང་ལྷ་རིས་སྒྱུ་རྩལ་གྱི་ཁྱད་ཆོས་ནི། རི་མོ་གང་ཡིན་རུང་བདེན་དོན་དངོས་བཟུང་སྟེ་འབྲི་བ་ལས་རང་སྣང་གང་དྲན་གྱིས་བྲིས་མི་ཆོག ཁྱད་པར་དུ་ནང་བསྟན་ཆོས་ལུགས་ཀྱི་ལྷ་སྐུ་བཞེངས་སྐབས་ལྷ་རང་རང་གི་ཐིག་རྩ་གཞིར་བཞག་གི་སྟེང་ནས་བཞེངས་དགོས་པ་མ་ཟད། ཐོག་མར་མཚན་ཉིད་ལྡན་པའི་བླ་མ་གང་རུང་ཞིག་གི་མདུན་ནས་བཞེང་རྒྱུའི་ལྷ་དེ་ལ་བསྟེན་པའི་དབང་ལུང་ཐོབ་དགོས་པ་དང་། དེ་ནས་ལྷ་རིས་པ་རང་ཉིད་ཀྱིས་ལྷ་དེའི་བསྙེན་པ་གཏོང་དགོས། དེ་གྲུབ་རྗེས་ཚོན་དང་པིར། རས་གཞི་སོགས་ལ་བྱིན་རླབས་གནང་ནས་ད་གཟོད་ལྷ་སྐུ་བཞེངས་དགོས་པར་བཤད། སྒྱུ་རྩལ་གྱི་བཀོད་པ་ལ་སྲོག་ལྡན་གྱི་རི་མོ་དང་སྲོག་མེད་ཀྱི་རི་མོ་གཉིས་ཡོད།

དང་པོ་ལ་སངས་རྒྱས་བྱང་སེམས་དང་། དཔའ་བོ་མཁའ་འགྲོ། ཡི་དམ་ཆོས་སྐྱོང་སོགས་ཞི་བ་དང་། ཁྲོ་བོ། ཞི་མ་ཁྲོ་སྟེ་ཉམས་མི་འདྲ་བ་གསུམ་དང་། རྒྱན་བཅས་དང་རྒྱན་མེད། སྐྱེས་པ་དང་བུད་མེད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིགས་གཉིས་ཡོད།

གཉིས་པ་ལ་གངས་རི་དང་རྫ་རི། སྤང་རི། བྲག་རི། རྒྱ་མཚོ། གཙང་བོ། རྫ་ཆུ། ས་གཞི། མེ་ཏོག སྐྱེད་ཚལ། གཞལ་མེད་ཁང་། ཕོ་བྲང་། གཙུག་ལག་ཁང་། ལྷ་ཁང་སོགས་མང་པོ་ཡོད། དཔེར་ན་སྒྲོལ་མའི་ཞིང་བཀོད་ལྟ་བུ་ཞིག་བཞེངས་སྐབས་ཞིང་བཀོད་དེའི་སྟེང་ཡོད་པའི་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ཐིག་རྩ་གཞིར་བཞག་ལྟར་བཞེངས་དགོས་པ་དང་། བླ་སྐུ་རྣམས་མི་རིགས་དེ་དང་དེའི་གྱོན་ཆས་གོམས་སྲོལ་ལྟར་བཞེངས་པ། རི་ཆུ་སོགས་ཀྱི་རྒྱབ་ལྗོངས་དང་། ཁང་བཟང་རྣམས་དག་ཞིང་གི་མཛེས་ལྗོངས་དང་། ལྷའི་གཞལ་ཡས་ཁང་ལྟར་བཞེངས་དགོས་པ་སོགས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། དོན་དངོས་ཀྱི་མཚོན་དོན་སོགས་ལ་གཞིགས་ཏེ་བཞེངས་དགོས་པ་མ་གཏོགས། མིག་ལ་གང་མཛེས་དང་། ཡིད་ལ་གང་བདེ་ལྟར་བཞེངས་མི་ཆོག  ལྷ་སྐུ་ཞི་བ་དང་ཁྲོ་བོ། ཞི་མ་ཁྲོ་གང་ཡིན་རུང་གོང་གསལ་ལྟར་བཞེངས་ཚེ་བོད་ཀྱི་ལྷ་རིས་སྒྱུ་རྩལ་སྤྱི་དང་།  བྱེ་བྲག་ཏུ་རེབ་གོང་ལྷ་རིས་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་གསལ་ལྡན་པར་བཤད།

སྤྱི་ལོ1998ལོར《ཀྲུང་གོའི་བོད་ཀྱི་རིག་གནས་ཀུན་འདུས་ཞལ་ཐང་ཆེན་མོ》སྤྱི་ཁྱབ་ཇུས་འགོད་པ་བརྩོན་འགྲུས་རབ་རྒྱས་མཆོག་གིས་གཙོ་འགན་གནང་བ་དང་། རེབ་གོང་ལྷ་རིས་པ་རྣམས་གཙོས། བོད་ཁམས་གཞན་ནས་ཕེབས་པའི་ལྷ་རིས་པ་མང་པོ་མཉམ་འབྲེལ་གྱིས། ལྷ་རིས་སྒྱུ་རྩལ་གྱི་ཕ་ཡུལ། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ཡུལ་དབུས་སུ་སྔོན་ཆད་འཛམ་གླིང་སྟེང་བྱུང་མ་མྱོང་བའི་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་སྒྱུ་རྩལ་བརྩམས་ཆོས་རིན་ཐང་གཞལ་དུ་མེད་པ《ཀྲུང་གོའི་བོད་ཀྱི་རིག་གནས་ཀུན་འདུས་ཞལ་ཐང་ཆེན་མོ》གསར་བཞེངས་མཛད་པ་ལ་བརྟེན་ནས་ད་ལྟ་འཛམ་གླིང་དུ《རེབ་གོང་སྒྱུ་རྩལ》ཞེས་མཚན་སྙན་ཉི་ཟླ་ལྟར་ཡོངས་སུ་གྲགས་ཡོད་པ་མ་ཟད། རྒྱལ་སྤྱིའི་བཟོ་རིག་སྒྱུ་རྩལ་སྟེང་ཆེས་མཐོ་བའི་གོ་ས་བཟུང་ཡོད།

3 རྣམ་གྲངས།

རེབ་གོང་ལྷ་རིས་སྒྱུ་རྩལ་གྱི་རྣམ་གྲངས་གཙོ་བོ་བྲིས་བཟོ་ཡིན་ལ། དེར་བརྟེན་ནས་འབུར་བཟོ་བྱུང་ཞིང་། དེ་གཉིས་ཀ་འབྲེལ་བའི་སྒོ་ནས་ཚེམས་བཟོ་དང་དྲས་དྲུབས། དྲས་བཟོ། བརྐོས་བཟོ། བླུགས་བཟོ་སོགས་མང་པོ་བྱུང་ཡོད། ཁྱད་པར་དུ་རས་བྲིས་དང་། ལྡེབས་རིས། འབག་སྐུ། གོས་དྲུབས། གཙགས་དྲུབས། ཤིང་བརྐོས། རྡོ་བརྐོས། གསེར་མགར། ཤིང་ཚོན་སོགས་ཡོད།

3_1 ལྷ་རིས་དར་བའི་གྲོང་སྡེ།

རེབ་གོང་ཡུལ་དུ་ལྷ་རིས་སྒྱུ་རྩལ་དར་ཁྱབ་ཆེ་བའི་ཡུལ་སྡེ་ནི། སེང་གེ་གཤོང་སྡེ་གཉིས་དང་གཉན་ཐོག  སྒོ་དམར། རྐ་སར་རྣམས་ཡིན། སེང་གེ་གཤོང་སྡེ་གཉིས་ཀའི་ནང་སྐྱེས་པའི་ལྷ་རིས་པས་བརྒྱ་ཆའི་དྲུག་ཅུ་ལྷག(སྐྱ་སེར་གཉིས་ཀ་ཡོད)ཟིན་པ་དང་། བུད་མེད་ཀྱི་ལྷ་རིས་པའང་ཡོད། སྡེ་གཉིས་ཀྱིས་གཙོ་བོ་བྲིས་ཐང་དང་འབག་སྐུ་བཞེངས་པ་དང་། དེའི་ཁྱད་ཆོས་གཙོ་བོ་ནི། ཀརྨ་སྒར་ལུགས་ཀྱི་ཕྱག་རྒྱུན་ལྟར་ཚོན་མདོག་གི་ལམ་ནས་བྲིས་ཐང་ཆེ་ཆུང་དང་། ཤིང་རིས་སོགས་འབྲི་བ། རྒྱུ་རིན་པོ་ཆེ་དང་སྨན་འདམ་གང་རུང་ལས་འབག་སྐུ་ཆེ་ཆུང་བཞེངས་པ། ཚོན་མདོག་གི་ཆ་ནས་སྔོ་ཤས་དང་དམར་ཤས་ཆེ་བ། རི་མོ་འབུར་དུ་ཐོན་པ། སྤྱན་འབྱེད་པ་དང་། སྐྱ་ཐིག་རྒྱག་པ་ལ་ལྷ་རིས་པ་གཞན་ལ་མེད་པའི་གསང་རྒྱའི་སྒྱུ་རྩལ་ཡོད་པར་བཤད།

གཉན་ཐོག་སྡེ་བའི་མིའི་གྲངས་འབོར་གྱི་བརྒྱ་ཆའི་བཞི་བཅུ་ལྷ་རིས་པ་ཡིན་པ་དང་། དེའི་ནང་སྐྱེས་པའི(སྐྱ་སེར་གཉིས་ཀ་ཡོད)ལྷ་རིས་པས་བརྒྱ་ཆའི་སུམ་ཅུ་ཟིན་པ་དང་། བུད་མེད་ཀྱི་ལྷ་རིས་པས་བརྒྱ་ཆའི་བཅུ་ཟིན་ཡོད་པར་བཤད། སྐྱེས་པའི་ལྷ་རིས་པས་གཙོ་བོ་བྲིས་ཐང་དང་གོས་སྐུ། གོས་དྲུབས། འབག་སྐུ། མུ་ཏིག་གི་ཐང་ག་སོགས་བཞེངས་པ་ཤས་ཆེ། བུད་མེད་ལྷ་རིས་པས་གཙོ་བོ་གོས་དྲུབས་དང་མུ་ཏིག་གི་ཐང་ག་བཞེངས་པ་ཤས་ཆེ། གཉན་ཐོག་ལྷ་རིས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ནི། སྨན་ཐང་ལུགས་ཀྱི་ཕྱག་རྒྱུན་ལྟར་རྣམ་པ་མི་འདྲ་བའི་གོས་སྐུ་ཆེ་ཆུང་དང་། གོས་དྲུབས་སྣ་ཚོགས། མཆོད་རྫས། སྐྱེ་དངོས་ཡུལ་ལྗོངས། ཡིག་རིགས་སྣ་ཚོགས་སོགས་གོས་དྲུབས་བཟོ་རྩལ་ལ་བརྟེན་ནས་བྱུང་བའི་འདྲ་ཐང་དང་། ཚོན་ཐང་ཆེ་ཆུང་མང་པོ། ཁ་དོག་སྣ་ཚོགས་ཡོད་པའི་མུ་ཏིག་གི་ཐང་ག་ཆེ་ཆུང་མང་པོ་བཞེངས་པ། ཚོན་མདོག་ལྗང་ཤས་དང་ལྗང་ནག་ཤས་ཆེ་བ་དང་། ལྷ་སྐུ་དང་བླ་སྐུ་གང་བཞེངས་རུང་གསོན་ཉམས་ཀྱི་རྣམ་པ་ཅི་ཐོན་བྱས་ནས་བཞེངས་དགོས་པར་བཤད།

སྒོ་དམར་དང་རྐ་སར་སྡེ་བ་གཉིས་ཀྱི་སྐྱེས་པའི་བརྒྱ་ཆའི་ལྔ་བཅུ་ལྷ་རིས་པ་ཡིན་པ་དང་། དེའི་ནང་གྲྭ་བའི་ལྷ་རིས་པའང་ཡོད། ཁོ་ཚོས་གཙོ་བོ་བྲིས་ཐང་དང་གོས་ཐང་། པར་བརྐོ། འབག་སྐུ་བཞེངས་པ་དང་། དེའི་ཁྱད་ཆོས་གཙོ་བོ་ནི་དབུས་བྲིས་འཇམ་ཁ་ཅན་གྱི་ཕྱག་རྒྱུན་ལྟར་ཚོན་ཐང་ཆེ་ཆུང་དང་གོས་ཐང་། འབག་སྐུ་ཆེ་ཆུང་བཞེངས་པ། ཚོན་མདོག་གི་ཆ་ནས་སྐྱ་ཤས་དང་། ལྗང་ཤས་ཆེ། ཚོན་མདོག་མང་ཤོས་བཙག་མདངས་དང་བཤལ་མདངས་ཡིན་པ། བཅད་རིས་ཀྱི་དཀྱིལ་སྦོམ་ཞིང་སྣེ་གཉིས་ཕྲ་བ། གསེར་བྲིས་འཐེན་སྟངས་ཞིབ་ཅིང་ལྷོད་ཉམས་ཆེ་བ། ན་བཟའི་སྟེང་གི་རི་མོ་ཞིབ་ཚགས་ལྡན་པ་བཅས་ཀྱི་ཁྱད་ཆོས་མང་པོ་ཡོད་པར་བཤད། གཞན་ཆུ་མ་སྡེ་བའི་ཤིང་རིས་པ་དང་། བྲག་དཀར་འགྲོན་ལུང་སྡེ་བའི་པར་བརྐོ། ལྕང་སྐྱ་སྡེ་བའི་ལྷམ་བཟོ། བཙན་མོ་དང་ཁ་སོག་སྡེ་བའི་སྒ་བཟོ་སོགས་ཀྱིས་མཚོན་པའི་བཟོ་རྩལ་ལ་མཁས་པའི་ལག་རྩལ་པ་མང་པོ་ཡོད།

4 སྒྱུ་རྩལ་ཁང་།

སྤྱི་ལོ1978ལོར་མི་རིགས་སྲིད་ཇུས་དང་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དངོས་སུ་ལག་བསྟར་བྱས་པ་དང་བསྟུན། མི་རིགས་སོ་སོའི་རི་མོ་གྲགས་ཅན་མང་པོ་ཞིག་ཆེད་དུ་རྒྱལ་ས་.jpgཔེ་ཅིན་དུ་གདན་དྲངས་ནས་ལྷ་རིས་སྒྱུ་རྩལ་གྱི་ཚོགས་འདུ་ཞིག་འཚོགས། ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་ནས་རེབ་གོང་ལྷ་རིས་པ་གྲགས་ཅན་སྐོར་ཞིག་ཞུགས། སྤྱི་ལོ1979ལོར་མཚོ་སྔོན་ཞིང་ཆེན་རིག་གནས་སྒྱུ་རྩལ་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ་ལྷ་བཟོ་ཁང་གི་ལས་ཁུངས་ཟི་ལིང་དུ་བཙུགས། ཡིན་ན་ཡང་རེབ་གོང་ལྷ་རིས་པའི་ཕ་ཡུལ་དང་ཁ་ཐག་རིང་བས་ཞིབ་འཇུག་དང་མྱུར་སྐྱོབ་སོགས་ཀྱི་ཐད་ལ་སྟབས་བདེ་མིན་པས་བྱེད་སྒོ་ངེས་ཅན་ཞིག་སྤེལ་མ་ཐུབ་པར་བརྟེན། མཚོ་སྔོན་ཞིང་ཆེན་རིག་གནས་སྒྱུ་རྩལ་ལྷན་ཚོགས་ཀྱིས་ཆེད་དུ་རེབ་གོང་ལྷ་རིས་པའི་ལྷ་དཔོན་ཆེན་མོ་རྐ་སར་ཀུན་བཟང་དང་། གཉན་ཐོག་འཇིགས་མེད་སྐར་མདའ། སེང་གེ་གཤོང་མ་མགོ་རྒྱ་མཚོ། སེང་གེ་གཤོང་ཡ་མགོ་ཤ་བོ་ཚེ་རིང་སོགས་གདན་དྲངས་ནས་རེབ་གོང་སེང་གེ་གཤོང་སྡེ་གཉིས་ཀྱི་སའི་བར་དཀྱིལ་ནས་རེབ་གོང་ལྷ་བཟོ་ཁང་གསར་དུ་བཙུགས། སྤྱི་ལོ1980ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་སྐབས། རེབ་གོང་ལྷ་བཟོ་ཁང་དུ་དགུ་ཆུའི་འགྲམ་རྒྱུད་ཀྱི་ལྷ་རིས་སྒྱུ་རྩལ་ལ་གཟིགས་ཞིབ་མཛད་དེ་རེབ་གོང་ལྷ་རིས་སྒྱུ་རྩལ་མྱུར་སྐྱོབ་དང་ཞིབ་འཇུག་སོགས་བྱེད་པའི་ཐད་ལ་བཀའ་སློབ་གལ་ཆེན་གནང་། སྤྱི་ལོ1986ལོར་མཚོ་སྔོན་ཞིང་ཆེན་རིག་གནས་སྒྱུ་རྩལ་ལྷན་ཚོགས་ཀྱིས་གནས་ཚུལ་གང་མང་ལ་གཞིགས་ནས་ལྷ་བཟོ་ཁང་དེ་རྨ་ལྷོ་ཁུལ་རིག་གནས་ཅུའུ་ལ་སྤྲད་ཅིང་གནས་ཡུལ་རྨ་ལྷོ་ཁུལ་ཐོག་ཏུ་སྤར། སྤྱི་ལོ1988ལོར་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཡོ་པང་གིས་རྨ་ལྷོའི་ཕྱོགས་སུ་གཟིགས་ཞིབ་མཛད་སྐབས། རེབ་གོང་ལྷ་བཟོ་ཁང་ལ《རེབ་གོང་སྒྱུ་རྩལ》 ཞེས་པའི་སྒོ་བྱང་གི་ཕྱག་བྲིས་མཛད། དེ་ནས་བཟུང་རྨ་ལྷོ་ཁུལ་རིག་གནས་སྡེ་ཁག་གིས་ཕྱོགས་ཡར་མར་ནས་ལྷ་རིས་པ་མང་པོ་བསྡུས་ཏེ། རེབ་གོང་ལྷ་རིས་སྒྱུ་རྩལ་མྱུར་སྐྱོབ་དང་ཞིབ་འཇུག་གི་བྱེད་སྒོ་མང་པོ་སྤེལ་བས།  ད་ལྟ་འཛམ་གླིང་ན་སྐད་གྲགས་ཆེ་བའི《རེབ་གོང་སྒྱུ་རྩལ》ཞེས་པ་འདི་ཉིད་དར་ཁྱབ་བྱུང་བ་ཡིན།

5 ཞལ་ཐང་ཆེན་མོ།

《ཀྲུང་གོའི་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ》ནི་མཐོ་རིམ་མཛེས་རྩལ་པ་.jpgབརྩོན་འགྲུས་རབ་རྒྱས་ལགས་ཀྱིས་གཙོ་འགན་བཞེས་ཏེ་རང་རེའི་བོད་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ལོ་རྒྱུས་ཐམས་ཅད་འཛམ་གླིང་ཡུལ་གྲུ་ཀུན་གྱི་རྒྱ་ཆེའི་གཟིགས་པ་པོ་རྣམས་ལ་ཁྱོན་ཡོངས་ནས་མདོར་བསྡུས་ཤིག་ངོ་སྤྲོད་ཞུ་ཆེད། སྤྱི་ལོ1988ལོ་ནས་བཞེངས་འགོ་བརྩམས་ཏེ་ལོ་ངོ་བཅུའི་རིང་ལ་རེབ་གོང་ལྷ་རིས་པ་གཙོ་བྱས་ཏེ་ཆོལ་ཁ་གསུམ་གྱི་ཐང་གའི་སྒྱུ་རྩལ་ལ་ནང་བྱན་ཆུད་པའི་ལྷ་བཟོ་མཁས་པ་སུམ་བརྒྱ་ལྷག་གིས་དཀའ་སྤྱད་སྡུག་རུས་ཀྱི་འབད་པ་ལ་བརྟེན་ནས་འཇིག་རྟེན་འདི་ན་འགངས་ཆེ་བའི་ས་ལེ་སྦྲམ་དང་གཡུ། བྱུ་རུ། མུ་མེན་མུ་ཏིག་གུར་ཀུམ་སོགས་རིན་པོ་ཆེ་དུ་མ་བསྲེ་སྦྱོར་བྱས་པའི་ཚོན་བཟང་གིས་རྒྱུ་བྱས་ཏེ། རིང་ཚད་ལ་སྨི615དང་ཞེང་ལ་སྨི2.5ཡོད་པའི་ཚོན་མདངས་རྣམ་པར་བཀྲ་ཞིང་ལྟ་ན་སྡུག་པ། བོད་ཆོལ་ཁ་གསུམ་གྱི་མེ་ཏོག་མཉམ་བཞད་དང་། མཁས་བརྒྱ་འགྲན་གླེང་གིས་བོད་རིགས་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བླ་ན་མེད་པ། མཛེས་རིས་ཕུན་སུམ་ཚོགས་པ་རྣམས་འཛམ་གླིང་གི་རྒྱན་དུ་ཀུན་འདུས་ཞལ་ཐང་ཆེན་མོའི་མུ་འབྲེལ་ཐང་གའི་རི་མོ་འདི་ཡུལ་ཆེན་མོ་རེབ་གོང་དུ་ལེགས་པར་གྲུབ། 《ཞལ་ཐང་ཆེན་མོའི》ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་ལ། བོད་ཀྱི་ལོ་རྒྱུས་དང་རིག་གནས། དམངས་སྲོལ་དང་སྒྱུ་རྩལ་སོགས་ཀྱི་ཆ་ཐུན་མོང་དུ་འདུས་པ་སྟེ་གཙོ་བོར་འཇིག་རྟེན་ཆགས་ཚུལ་དང་བོད་གངས་ཅན་གྱི་ལྗོངས་སུ་འགྲོ་བ་མིའི་རིགས་བྱུང་ཚུལ། པུར་རྒྱལ་བོད་ཀྱི་གདུང་རབས། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོའི་བྱུང་བ། སྐྱེས་ཆེན་དམ་པའི་མཛད་རྣམ། སྒྲ་ཚད་བཟོ་གསོ་སོགས་ཐུན་མོང་རིག་གནས་ཀྱི་སྐོར་དང་། གནའ་ཤུལ་ཁྱད་པར་ཅན། དུས་སྟོན་དང་རྒྱན་གོས་སྣ་ཚོགས། སྤྱོད་ཆོས་དང་མཚོན་ཆ་སོགས་མདོར་ན་བོད་གངས་ཅན་གྱི་རིག་པའི་གནས་ཐམས་ཅད་ལྷ་རིས་སྒྱུ་རྩལ་གྱི་རྣམ་པར་གཟུགས་སུ་བཀོད་ནས་ཞིབ་རྒྱས་ངོ་སྤྲོད་བྱས་ཡོད་པས། ཆེས་རིང་བའི་བོད་ཀྱི་ཐང་ག་ཞེས་པའི་ཅི་ཉི་སི་འཛམ་གླིང་ཟིན་ཐོར་བཀོད་དེ་བོད་ཀྱི་རིག་གནས་ཀྱི་རྒྱན་དུ་གྱུར་བ་མ་ཟད། ཀྲུང་ཧྭ་མི་རིགས་རིག་གནས་སྒྱུ་རྩལ་བང་མཛོད་ཁྲོད་ཀྱི་གཅེས་ནོར་ཞིག་ཀྱང་རེད། ལྷག་པར་དུ་བོད་ཀྱི་བཟོ་རིག་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བཞག་ལ་མཛད་རྗེས་རླབས་པོ་ཆེ་བསྐྲུན་པས། གངས་ཅན་སྐྱེ་བོ་ཀུན་གྱིས་བསྔགས་བརྗོད་ཡང་ཡང་བྱེད་མུས་སུ་མཆིས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-11

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།