གྲུབ་མཐའ་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲུབ་མཐའ་ཆེན་མོ།
《གྲུབ་མཐའི་རྣམ་བཤད་རང་གཞན་གྲུབ་མཐའ་ཀུན་དང་ཟབ་དོན་མཆོག་ཏུ་གསལ་བ་ཀུན་བཟང་ཞིང་གི་ཉི་མ་ལུང་རིགས་རྒྱ་མཚོ་སྐྱེ་དགུའི་རེ་བ་ཀུན་སྐོང》ཞེས་པ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པས་བརྩམས་ཤིང་། འདིའི་མཚན་གཞན་ལ་གྲུབ་མཐའ་ཆེན་མོ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
教派广论
རྩོམ་པ་པོ།
ཀུན་མཁྱེན་འཇམ་དབྱངས་བཞད་པ།
1 ​མཚན་ཁ་ཚང་།

གྲུབ་མཐའི་རྣམ་བཤད་རང་གཞན་གྲུབ་མཐའ་ཀུན་དང་ཟབ་དོན་མཆོག་ཏུ་གསལ་བ་ཀུན་བཟང་ཞིང་གི་ཉི་མ་ལུང་རིགས་རྒྱ་མཚོ་སྐྱེ་དགུའི་རེ་བ་ཀུན་སྐོང་ཞེས་བྱ་བ། མཚན་གཞན་ལ་གྲུབ་མཐའ་ཆེན་མོ་ཟེར།

2 རྩོམ་པ་པོ།

ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་ནི་རབ་བྱུང་བཅུ་གཅིག་པའི་ས་བྱི་སྤྱི་ལོ1648ལོའི་ཧོར་ཟླ་དང་པོའི་ཚེས་བརྒྱད་ལ་ཨ་མདོ་བསང་གི་རྡོ་གེར་ཞེས་པ་དང་ཐག་ཉེ་བར་ཡོད་པ་རྒན་གྱ་རྟིང་རིང་ལྷས་ཁྲ་ཏིང་ཞེས་པར་ལྡོང་ཤུལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་དཔལ་ཤུལ་གྱི་དཔོན་རྒྱུད་དུ་ཡབ་དཔལ་འབུམ་ཟེར་བ་དང་ཡུམ་ཐར་མོ་བྱམས་ཟེར་བ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། དགུང་ལོ་ལྔ་བཞེས་པའི་ཚེ་རྒྱལ་དབང་ལྔ་བ་ཆེན་མོ་རྒྱ་ནག་ཏུ་ཕེབས་སྐབས་མཚོ་སྔོན་པོའི་ཁར་མཇལ་ཏེ་ཆོས་འབྲེལ་དང་ཕྱག་དབང་ཐོབ། དགུང་ལོ་བདུན་པའི་ཚེ་ཁུ་བོ་བསོད་ནམས་ལྷུན་གྲུབ་ལས་ཡི་གེ་འབྲི་ཀློག་པ་དང་། རི་མོ་འབྲི་བ། སྒྲུབ་ཐབས། སྨན་དཔྱད། ཟ་ཡིག ས་དཔྱད། སྔགས་འབུམ། མཁྱུ་དཔྱད་སོགས་རིགས་པའི་གནས་མཐའ་དག་ཐུགས་སུ་ཆུད། དགུང་ལོ་བཅུ་གསུམ་པར་འདུལ་བ་འཛིན་པ་ཡེ་ཤེས་རྒྱ་མཚོ་ལས་རབ་དུ་བྱུང་ཞིང་དེ་ཉིད་ལས་འཇིགས་བྱེད་ཀྱི་རྗེས་གནང་གསན་ནས་སྒྲུབ་ཐབས་ཆག་མེད་དང་སྐུ་མཚམས་མཛད་དེ་ཡ་མ་ར་ཛ་བྱེ་ཆེན་སོང་སྐབས་མཚན་ལམ་དུ་རྭ་ལོ་རྡོ་རྗེ་གྲགས་ཆེན་པོས་ཞལ་གཟིགས་ཤིང་གསུང་གི་གནང་བ་ཐོབ། དགུང་ལོ་བཅུ་དྲུག་གི་དུས་དགེ་སྦྱོར་གྱི་ཆེད་དུ་སྐུ་ཆིངས་བཀྲོལ་ནས་མི་གཟིམ་པའི་དམ་བཅའ་མཛད།

དགུང་ལོ་ཉེར་གཅིག་པར་ཡབ་ཡུམ་ལ་གནང་བ་ཞུས་ཏེ་དབུས་སུ་ཕེབས་ཁར་སྐུ་བསྙུན་པར་གྲུབ་པའི་དབང་ཕྱུག་སྐལ་ལྡན་རྒྱ་མཚོའི་དྲུང་ནས་འཇམ་དཔལ་ནག་པོའི་རྗེས་གནང་ཞུས་པས་ཉམས་གྲིབ་ཐམས་ཅད་རང་སར་དེངས་པར་གྱུར། དགུང་ལོ་ཉེར་གཅིག་པར་དབུས་གཙང་དུ་ཆིབས་བསྒྱུར་མཛད་པར་སྔ་ཉིན་ནས་ཕྱི་ཉིན་གང་དུ་འབྱོན་པའི་རི་ཐང་སོགས་འཆར་བ་དང་། གཞི་བདག་རྣམས་ཀྱིས་བསུ་སྐྱེལ་བསྙེན་བཀུར་ཚུལ་བཞིན་བྱེད་ཅིང་། ལྡང་ལར་ཕེབས་མཚམས་མགོན་པོ་ཕྱག་དྲུག་པའི་ཞལ་གཟིགས་པ་སོགས་ཡ་མཚན་པའི་ལྟས་མང་པོ་བྱུང་། ལྷ་སར་མཆོད་མཇལ་སྐབས་ཇོ་བོ་ཤཱཀྱ་མུ་ནེ་དང་། འཇམ་དབྱངས་གྱང་ཐིམ་མ་གཉིས་ཀྱིས་མཇལ་དར་ཕྱག་གིས་བཞེས་ཏེ་ཞལ་འཛུམ་པ་མཛད་ཅིང་གསུང་བྱོན་གཟིགས་སྣང་བྱུང་། འཇིག་རྟེན་དབང་ཕྱུག་ལྔ་བ་ཆེན་པོར་མཇལ་བར་ཕེབས་སྒོ་དང་དགྱེས་བརྩེ་ཚད་མེད་མཛད། འབྲས་སྤུངས་སུ་ཕེབས་པར་འབྲས་སྤུངས་ཚོགས་དུང་བཏང་བ་དང་། དན་འབག་སྣ་ནས་དགོན་པ་མཇལ་བ་དུས་མཚུངས་བྱུང་། འབྲས་སྤུངས་མཆོད་མཇལ་སྐབས་རྒྱལ་དབང་གོང་མའི་ལྡེ་སྐུ་ཞིག་བཞུགས་པ་སྐུ་བརྙན་ཡང་རྗེ་དངོས་གནས་པར་གྱུར་ཏེ་ལུང་བསྟན་གནང་། ལོ་དེའི་ཧོར་ཟླ་དགུ་པའི་ཚེས་ཉེར་ལྔའི་ཉིན་བློ་གསལ་བྱེ་བའི་བསྟི་གནས་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས། སྒོ་མང་མཁན་ཆེན་ཀླུ་འབུམ་བློ་གྲོས་རྒྱ་མཚོའི་དྲུང་ནས་བརྩི་བཞག་གསན། ཆོས་ཐུན་གཉིས་གསུམ་ནས་རྩོད་གྲྭ་རྙེད་ཅིང་སྟོན་ཆོས་གསུམ་པ་ཚུགས་དུས་བགྲོ་གླེང་ཤར་ཤར་བྱེད་ཐུབ་པ་བྱུང་།

དགུང་ལོ་ཉེར་གཉིས་པ་ལ་གཞུང་གསར་དུ་ཕེབས་ཏེ་བསམ་བློ་ལྕང་སྐྱ་ངག་དབང་ཆོས་ལྡན་དགེ་རྒན་དུ་བསྟེན་ནས་ཕུལ་དུ་བྱུང་བའི་ལེགས་བཤད་གྱིས་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས། ལྕགས་ཁྱིའི་ལོ་དགུང་ལོ་ཉེར་གསུམ་པའི་དུས་སུ་འཛིན་གྲྭ་སྐབས་དང་པོར་ཕེབས། ཟུར་བཀོལ་བཞི་དང་། རྣམ་བཤད་སྐབས་དང་པོ་ཕལ་ཆེར་ཐུགས་ལ་བྱང་བར་བཟུང་། ལེགས་བཤད་གསེར་ཕྲེང་སོགས་ཡིག་ཆ་མང་པོར་ཞིབ་གཟིགས་མཛད་པས་ཐུགས་སྐྱེད་ཆེ་བར་བྱུང་། བརྩི་བཞག་སྦྱོར་ལམ་དུ་སླེབས་དུས་འཇམ་དབྱངས་མིའི་བོངས་ཚོད་ཙམ་པ་ལྟ་བས་ཆོག་མི་ཤེས་པ་ཞིག་ཡུན་རིང་པོའི་བར་གཟིགས་ཀྱང་ཆུ་དྭངས་རྡེའུ་ལྟར་ཐུགས་ལ་འཆར་བར་བྱུང་། ཆོས་གྲྭར་འབྱོན་པའི་སྐབས་དེ་དག་ཏུ་སྐུ་ཆས་བཀྲེན་པོ་བྱུང་སྟེ་སྲན་མ་ཆུར་སྦངས་ནས་བཞེས་པ་སོགས་དཀའ་སྤྱད་མཛད། དགུང་ལོ་ཉེར་བཞི་བར་འཛིན་གྲྭ་ཕར་ཕྱིན་ཏུ་ཕེབས། རྣམ་བཤད་གསེར་ཕྲེང་གི་དཀའ་གནད་དང་། འགྲེལ་ཆུང་དོན་གསལ། ལེགས་བཤད་སྙིང་པོ་རང་རྒྱུད་པའི་བར་བཅས་བཟུང་། ལོ་དེར་རྣམ་བཤད་དགོངས་པ་རབ་གསལ་གྱི་སྟོད་ཆ་ཕལ་ཆེར་ཐུགས་འཛིན་མཛད་ཅིང་། ཞར་ལ་རྗེ་བཙུན་པ་དང་བདེ་ལེགས་ཉི་མ་སོགས་ཀྱི་འདུལ་མཛོད་ལ་སྦྱངས་པས་རྣམ་དཔྱོད་ཀྱི་ཀློང་བརྡོལ། དེ་གའི་ཞར་ལ་ལམ་སྔགས་འཇིགས་བྱེད་ཀྱི་བསྐྱེད་རྫོགས་སོགས་གཞུང་དང་མན་ངག་དུ་མ་ལ་སྦྱངས་ཤིང་། སྒྲ་དང་སྙན་ངག་ལ་ཡང་སྐབས་སྐབས་སུ་གཟིགས་རྟོག་མཛད་པས་ལེགས་པར་དགོངས། ཕར་ཕྱིན་སྟོན་མོའི་དམ་བཅའ་དཔེ་མེད་མཛད། དགུང་ལོ་ཉེར་ལྔ་ཆུ་བྱི་ལ་འཛིན་གྲྭ་དབུ་མར་ཕེབས། རྣམ་བཤད་དགོངས་པ་རབ་གསལ་བཟུང་ཞིང་། རྒྱ་བོད་ཀྱི་གཞུང་ལུགས་སྤྱི་དང་ལྷག་པར་རྗེའི་དབུ་མའི་གཞུང་ལྔ། སྟོང་མཐུན་དང་བཅས་པ་ཞིབ་གཟིགས་ཀྱིས་ལྟ་བའི་གནད་ལ་དཔྱད་པ་རྫོགས་པར་མཛད། དགུང་ལོ་ཉེར་དྲུག་པར་གསང་ཕུ་ནེའུ་ཐོག་དུ་དཀའ་བཅུའི་གྲྭ་སྐོར་མཛད། བསེ་ཁྲབ་པ་ཞལ་གཟིགས་ཏེ་ཁྱོད་ཀྱི་སྙན་གྲགས་ས་སྟེང་ཐམས་ཅད་དུ་ཁྱབ་པར་འགྱུར་ཞེས་ལུང་བསྟན་གསུང་།

དགུང་ལོ་ཉེར་བདུན་པ་ཤིང་སྟག་ལོར་ཕོ་བྲང་པོ་ཏ་ལར་རྒྱལ་དབང་ལྔ་བ་ཆེན་པོ་ལས་བསྙེན་རྫོགས་ཀྱི་སྡོན་པ་མནོས། དགུང་ལོ་ཉེར་དགུ་བར་རྒྱུད་སྨད་དུ་ཕེབས། རྡོ་རྗེ་འཆང་བློ་བྲོས་རྒྱ་མཚོ་བསྟེན་ནས་གསང་ཆེན་ཆོས་ཀྱི་གན་མཛོད་བདག་གིར་བཞེས། ལོ་དེར་ཊཱིཀྐ་ཆུང་བའི་སྐྱོར་དཔོན་མཛད། ཆུ་མིག་ལུང་དུ་ཁྲི་ཁང་བརྩི་བཞག་དུ་གྲགས་པ་རིམ་ལྔའི་དམར་ཁྲིད་ཀྱི་ཕྱག་ལེན་མཛད་པས་ཉམས་མྱོང་ཁྱད་པར་ཅན་སྐྱེས།

དགུང་ལོ་སོ་གསུམ་པ་ནས་འབྲས་སྤུངས་རྒྱབ་རི་དགེ་འཕེལ་རི་ཁྲོད་དུ་སྒྲུབ་པ་མཛད། ཁྲི་སྦྱིན་པ་རྒྱ་མཚོ། སྨིན་གྲོལ་ཆོས་ཀྱི་རྒྱལ་པོ། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་སོགས་བསྟེན་ནས་མདོ་རྒྱུད་མན་ངག་དུ་མ་གསན། དགུང་ལོ་སོ་བརྒྱད་པར་དགེ་འཕེལ་རི་ཁྲོད་དུ་དྲང་ངེས་མཐའ་དཔྱོད་ཆེན་མོ་བརྩམས། དགུང་ལོ་བཞི་བཅུ་པ་ལ་གནས་དེ་ཉིད་དུ་བསན་གཟུགས་ཆེན་མོ་བརྩམས། གཞན་ཡང་གནས་དེ་ཉིད་དུ་དགུང་ལོ་ཞེ་གཉིས་པ་ས་སྦྲུལ་ལོར་གྲུབ་མཐའ་རྩ་བ་བརྩམས་ཤིང་། དེའི་རང་འགྲེལ་གྲུབ་མཐའ་ཆེན་མོ་རྩོམ་པའི་དབུས་བཙུགས། དགུང་ལོ་ང་གཉིས་པ་ས་མོ་ཡོས་ཀྱི་ལོར་གྲུབ་མཐའ་ཆེན་མོ་རྫོགས་པར་བརྩམས། དགུང་ལོ་ཞེ་བརྒྱད་པ་ཤིང་ཕག་ལོར་དབུ་མའི་མཐའ་དཔྱོད་ཆེན་མོ་ལུང་རིགས་གཏེར་མཛོད་བརྩམས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བསྡུས་ཚན་དུ་ཡོད་དྲིས་པའི་ལན་དུ་བསྡུས་གྲྭའི་རྩ་ཚིག་བརྩམས་པར་བཤད། གཞན་ཡང་བྱང་ཆུབ་ལམ་གྱི་རིམ་པའི་མཆན་འགྲེལ་གསེར་གྱི་འཁོར་ལོ་རིན་པོ་ཆེ་བྱ་བ་ཡང་ལོ་དེར་མཛད། དགུང་ལོ་ང་གསུམ་པར་སྡེ་སྲིད་ཀྱིས་བསྐུལ་ངོར་རྣམ་འགྲེལ་མཐའ་དཔྱོད་རྩོམ་འཕྲོར་ལུས་པ་དེ་མཛད། ཤར་སྐལ་ལྡན་རྒྱ་མཚོའི་སྤྲུལ་སྐུའི་ངོར་མ་ཏི་ལུགས་ཀྱི་འཇམ་དཀར་སྒྲུབ་ཐབས་མཛད། དེ་ལྟར་དགུང་ལོ་སོ་གསུམ་ནས་ང་གསུམ་བར་རི་བོ་དགེ་འཕེལ་དུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་ཅིང་བླ་མ་དང་ལྷག་པའི་ལྷ་མང་པོའི་ཞལ་གཟིགས་ཏེ་མངོན་པར་རྟོགས་པའི་ཀློང་བརྡོལ། ཞོར་ལ་ལམ་རིམ་གྱི་འཁྲིད་ལྔ་བཅུར་ཉེ་བ་དང་། དབང་ལུང་མན་ངག་སོགས་མཐའ་ཡས་པ་གནང་།

སྒོ་མང་བ་ཐམས་ཅད་གྱི་རེ་མདུན་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་བཀའ་བཟློག་མ་ནུས་བར་དགུང་ལོ་ང་གསུམ་པ་ལྕགས་འབྲུག་ཕྱི་ལོ1700ཧོར་ཟླ་བཅུ་བའི་ཚེས་ལྔ་ལ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་མི་འཇིགས་སེང་གེའི་ཁྲི་ལ་ཞབས་སོར་བཀོད། བཀའ་རམས་འཛིན་གྲྭའི་ཐུགས་ཁུར་བཞེས་ཏེ་ཁང་ཚན་སོ་སོའི་དགེ་རྒན་བཅས་ཀྱིས་ཆོས་གྲྭར་མཎྜལ་རྟེན་གསུམ་འབུལ་ཚན་བཅས་ཕུལ་ཏེ་གྲྭ་ཚང་གི་བརྩི་བཞག་ལ་གཏོང་རྒྱུའི་ཆེད་འདུལ་མཛོད་ཕར་ཕྱིན་བཅས་ཀྱི་ཡིག་ཆ་རྩོམ་བསྐུལ་ཞུས་པ་ལྟར་བརྩམས། གཞན་ཡང་བྲག་གཡབ་སྤྲུལ་སྐུས་ཞུས་ངོར་འཇིགས་བྱེད་ཆོས་འབྱུང་བརྩམས་པ་སོགས་གསུང་རྩོམ་མང་དུ་མཛད། དགུང་ལོ་དྲུག་ཅུ་པ་མེ་ཕག་ཕྱི་ལོ1707ལོར་གྲྭ་ཚང་གི་བླ་མར་ཉི་ཐང་བ་བློ་བཟང་ཤེས་རབ་བསྐོས་ཏེ་རང་ཉིད་སེ་ཆེན་ཞབས་དྲུང་གི་ཁང་བར་སྤོས་ནས་ཟུར་བཞུགས་མཛད། དེ་ལྟར་དགུང་ལོ་ཉེར་གཅིག་ནས་སོ་གཉིས་བར་དབུས་གཙང་དུ་མདོ་སྔགས་རིག་གནས་དང་བཅས་བར་གསན་སྦྱོང་མཐའ་ཆོད་པར་མཛད། དགུང་ལོ་སོ་གསུམ་ནས་ང་གསུམ་བར་རི་བོ་དགེ་འཕེལ་དུ་སྒྲུབ་པའི་རྒྱལ་མཚན་བསྒྲེངས་ཤིང་དབང་ལུང་མན་ངག་སོགས་ཟབ་ཆོས་ཀྱིས་སྐལ་ལྡན་མཐའ་ཡས་པའི་རེ་བ་བསྐངས། དགུང་གྲངས་ང་གསུམ་པ་ལྕགས་འབྲུག་ནས་དྲུག་ཅུ་པ་མེ་ཕག་བར་སྒོ་མང་བླ་མ་མཛད་ནས་ཆོས་སྲིད་གཉིས་ཀྱིས་གྲྭ་ཚང་ལེགས་པར་བསྐྱངས། རེ་གཅིག་ནས་རེ་གཉིས་བར་ཕ་བོང་ཁའི་མཁན་པོར་མཛད་དེ་ཆོས་ཀྱི་ཆར་ཕབ་པ་སོགས་དབུས་གཙང་གི་ཕྱོགས་སུ་བསྟན་པ་རྒྱས་པར་མཛད་ནས་མདོ་སྨད་དུ་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་ཕྱག་འདེབས་པའི་དུས་ལ་བབ་པ་དང་། དཔོན་ཇུ་ནང་ཡབ་སྲས་ཀྱིས་གསོལ་བ་ཡང་ཡང་བཏབ་པ་ལ་བརྟེན་ནས་རབ་འབྱམས་པ་གྲགས་པ་རིན་ཆེན་དང་། རབ་འབྱམས་པ་བློ་བཟང་དོན་གྲུབ། ཐུགས་སྲས་ངག་དབང་བཀྲ་ཤིས་སོགས་བཤེས་གཉེན་མཁས་པ་མང་པོའི་འཁོར་དང་བཅས་ཏེ་མདོ་སྨད་དུ་ཕྱགས་བཏེགས།

རབ་བྱུང་བཅུ་གཉིས་པའི་ས་གླང་ཕྱི་ལོ1709ལོར་བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་བཏབ། དགུང་ལོ་དོན་གཅིག་པར་གཏེར་ལུང་དུ་གཏེར་བུམ་བཞེས། ཐུགས་སྲས་གཙོ་བོ་ནི། ཁྲི་ཆེན་དགེ་འདུན་ཕུན་ཚོགས། ཁྲི་ཆེན་ངག་དབང་མཆོག་ལྡན། ཐུགས་སྲས་ངག་དབང་བཀྲ་ཤིས། འཇམ་དབྱངས་བདེ་བའི་རྡོ་རྗེ། སྡེ་ཁྲི་བློ་བཟང་དོན་གྲུབ། ཐང་སག་པ་དངོས་གྲུབ་རྒྱ་མཚོ། ཞོགས་དོན་ཡོད་མཁས་གྲུབ་སོགས་ཤིན་དུ་མང་། དེ་ལྟར་ས་གསུམ་གྱི་སྒྲོན་མེ་གཅིག་པུ་དེ་ཉིད་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་ན་དགུང་ལོ་དོན་བཞི་པ་ལྕགས་མོ་གླིང་གི་ལོ་ཕྱི་ལོ1721ཧོར་ཟླ་གཉིས་པའི་ལྔ་ཉིན་གཟུགས་སྐུའི་བཀོད་པ་ཉེ་བར་བསྡུས་སོ།། ལེགས་བཤད་རྨད་ད་དུ་བྱུང་བའི་བཀའ་རྩོམ་པོད་བཅོ་ལྔ་བཞུགས།།

3 བརྩམས་ཚུལ།

ཁམས་རྒྱལ་བ་འཕགས་པ་ལྷའི་སྐུ་མདུན་མཛེས་པར་བྱེད་པའི་ཆོས་རྗེ་ལྕང་ར་དཔོན་སློབ་ལུང་རྟོགས་གཉིས་ཀས་ཕྱུག་པ་དེས་སླར་ཡང་རང་འགྲེལ་གཅིག་དགོས་ཞེས་ཇ་གཡུ་གསེར་བྱུ་རུ་སོགས་དང་བཅས་གཅིག་དང་ཡང་ནན་བསྐྱར་གྱིས་ཇ་གསེར་བྱུ་རུ་སོགས་དང་བཅས་ལན་གཉིས་བསྐུལ་ཅིང་། མཁས་མང་གཞུང་བརྒྱ་སྨྲ་བའི་འདུས་སྡེ་བློ་གསལ་གླིང་གི་བུ་འབོར་རབ་འབྱམས་སྨྲ་བ་དབང་ལུང་བཀའ་འགྱུར་སོགས་ཐོབ་པའི་ངག་དབང་དཔལ་ལྡན་གྱིས་མེ་ཤེལ་མ་རིག་གཉིད་སངས་ཀྱིས་སྤྲས་ཏེ་བསྐུལ་བ་མཁས་པའི་མཁས་པ་ངེས་པར་གཞུང་བརྒྱ་སྨྲ་བའི་དབང་བོ་ནམ་མཁའ་ལྷུན་འགྲུབ་ཀྱིས་ཉིན་བདེ་ཆེ་ལེགས་བྲིས་ཤོག་སུམ་བརྒྱ་དང་བཅས་རྒྱུ་མཚན་སྙན་ཚིག་གིས་དྲངས་ཏེ་བསྐུལ་བ་དང་། གཞན་ཡང་མཐོ་དམན་དུ་མས་ངག་གིས་བསྐུལ་བ་ལ་བརྟེན་ནས་དགུང་ལོ་ཞེ་གཉིས་པ་ས་སྦྲུལ་ལོར་གྲུབ་མཐའ་རྩ་བ་བརྩམས་ཤིང་། དེའི་རང་འགྲེལ་གྲུབ་མཐའ་ཆེན་མོ་རྩོམ་པའི་དབུ་བཙུགས། དགུང་ལོ་ང་གཉིས་པ་ས་མོ་ཡས་ཀྱི་ལོར་གྲུབ་མཐའ་ཆེན་མོ་རྫོགས་པར་བརྩམས།

4 བརྗོད་བྱ།

གྲུབ་མཐའི་རྣམ་གཞག་འཁྲུལ་སྤོང་གདོང་ལྔའི་སྒྲ་དབྱངས། གྲུབ་མཐའི་རྣམ་བཤད་ལེའུ་དང་བོའི་སྤྱི་བཤད། ལེའུ་གཉིས་པ་མེ་མཐའ་དགག་པ། ལེའུ་གསུམ་པ་གྲངས་ཅན་སེར་སྐྱའི་རྟག་མཐའ་དགག་པ། ལེའུ་བཞི་བ་ཚངས་སོགས་བཞིའི་རྟག་མཐའ་དགག་པ། ལེའུ་ལྔ་བ་ཁྱབ་འཇུག་དང་དཔྱོད་པ་བའི་རྟག་མཐའ་དགག་པ། ལེའུ་དྲུག་པ་དབང་ཕྱུག་པ་དང་བྱེ་རིག་གི་རྟག་མཐའ་དགག་པ། ལེའུ་བདུན་པ་གཅེར་བུ་བའི་རྟག་མཐའ་དགག་པ། ལེའུ་བརྒྱད་པ་བྱེ་སྨྲའི་འདོད་ཚུལ་དགག་པ། ལེའུ་དགུ་བ་མདོ་སྡེ་བའི་འདོད་ཚུལ་བསྟན་པ། ལེའུ་བཅུ་བ་མཚན་ཉིད་སོགས་ཀྱི་སྐོར། འཕྲོས་དོན་སྣོད་བཅུད་རྣམ་གཞག ལེའུ་བཅུ་གཅིག་པ་དབུ་མ་རང་རྒྱུད་པའི་འདོད་ཚུལ་བསྟན་པ། ཐེག་ཆེན་བྱུང་རིམ་སོགས་ཀྱི་སྐོར། སྟག་ཚང་ལོ་ཙཱ་བ་ལ་འགལ་འདུ་ཉེར་བདུན་བརྗོད་པའི་སྐོར། མདོ་སྡེ་བའི་དགག་བྱ་ངོས་འཛིན། རྣལ་འབྱོར་སྤྱོད་པའི་དབུ་མ་བའི་སྐོར། ལེའུ་བཅུ་གཉིས་པ་དབུ་མ་ཐལ་འགྱུར་བའི་མཚན་ཉིད་སོགས་ཀྱི་སྐོར། དབུ་མ་ཐལ་འགྱུར་བའི་དྲང་ངེས་ཀྱི་ཁྱད་པར་སོགས་བཤད་དོ།།




སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-11

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།