བོན་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོན་ནི་སྤྱིར་ཤེས་བྱ་ཐམས་ཅད་ལ་འཇུག་པ་སྟེ། བོན་གཞུང་ཀུན་ནས། ཕྱི་བཟང་བའི་བོན། ནང་འཛིན་པའི་བོན། ཡང་ན་ཕྱི་རོལ་དོན་གྱི་བོན། ནང་ཤེས་པའི་བོན། འཁོར་འདས་ཀྱི་བོན་ཞེས་སོགས་གསུངས་པས་སྟོན། བོན་ཆོས་ནི་བོད་དུ་སངས་རྒྱས་ཆོས་མ་བྱུང་གོང་གི་གནས་རབས་ཆོས་ལུགས་ཤིག་ཡིན། བོན་གྱི་ལོ་རྒྱུས་སྐོར་སངས་རྒྱས་ཆོས་ལུགས་པའི་མཁས་པ་རྣམས་ཀྱིས་མཛད་པ་དང་བོན་རང་ཉིད་ཀྱི་མཁས་པས་མཛད་པ་བཅས་སྣ་ཚོགས་ཤིག་འདུག་པ་བཤད་ཚུལ་མི་མཐུན་པ་ཡོད། བོན་རང་ཉིད་ཀྱིས་བཤད་ཚུལ་ལྟར་ན་བོན་ལ་ཡང་བསྟན་པ་སྔ་དར་བར་དར་ཕྱི་དར་གསུམ་ཡོད་པ་དང་། དེ་ལ་ཡང་བོན་གསར་མ་དང་རྙིང་མ་ཟེར་བའི་བཤད་ཚུལ་སོགས་ཡོད། བོན་དཀར་ནག་ཁྲ་གསུམ་ཟེར་བའི་བཤད་ཚུལ་དང་། བརྡོལ་བོན་དང་། འཁྱར་བོན། བསྒྱུར་བོན་བཅས་གྱི་བཤད་ཚུལ་ནི་སངས་རྒྱས་ཆོས་ལུགས་པས་བོན་གྱི་ལོ་རྒྱུས་འཆད་སྐབས་ཀྱི་བཤད་ཚུལ་ཡིན། བོན་ཆོས་གསར་གཏོད་མཛད་པ་པོ་ནི་སྟོན་པ་གཤེན་རབ་ཡིན་ནོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苯教
སྲོལ་གཏོད་མཁན།
སྟོན་པ་གཤེན་རབ།
ཁོངས་གཏོགས།
བོད་ཀྱི་གནས་རབས་ཆོས་ལུགས་ཤིག
1 གྲུབ་མཐའ་བྱུང་ཚུལ།

བོན་གཞུང་ལས། བསྐལ་པ་འདི་ལ་ཚེ་ལོ་དཔག་མེད་ནས་བཅུ་པའི་བར་དུ། སྟོན་པ་གཙོ་མཆོག་ཀུན་བཟང་ནས་ཐང་མ་མེ་སྒྲོན་གྱི་བར་བཅོ་བརྒྱད་འབྱུང་ཟེར་བས། དེའི་ནང་ཚན་ཚེ་ལོ་བརྒྱ་པའི་དུས་སུ་འབྱུང་བར་བཤད་པའི་གཤེན་རབ་ནི་ད་ལྟའི་བོན་གྱི་སྟོན་པ་ཡིན་ལ། དེ་ཡང་ཞང་ཞུང་གི་ཡུལ་གྱི་འོལ་མོ་ལུང་རིང་དུ་གཤེན་རབ་མི་བོ་ཆེ་བྱ་བ་བྱུང་། དེ་འགའ་ཞིག་གིས་སངས་རྒྱས་ཀྱི་རྣམ་འཕྲུལ་ཡིན་ཟེར་ཞིང་། བདག་ཅག་གི་སྟོན་པ་དང་དུས་མཚུངས་སུ་བྱུང་ཞེས་ཀྱང་ཟེར། བཻ་ཌཱུརྱ་དཀར་པོ་ལས། ཞང་ཞུང་ཡུལ་ན་བོན་འདུལ་ བར།། དགོངས་ཏེ་གཤེན་རབ་མི་བོར་སྤྲུལ།། བོན་གྱི་མཛད་པ་བཅུ་གཉིས་བསྐྱངས།། ཐེག་པ་རིམ་པ་དགུ་རུ་གསུངས།། གསོན་པོ་རྣམས་ཀྱི་ལྷ་སྒོ་ཕྱེ།། གཤིན་པོ་རྣམས་ཀྱི་དུར་སྒོ་བཅད།། འགྲོ་རྣམས་གཡུང་དྲུང་ལམ་ལ་བཀོད།། ཅེས་འབྱུང་ལ། གང་ལྟར་ཡང་མངོན་ཤེས་དང་རྫུ་འཕྲུལ་ནུས་པ་སོགས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་སྟེ། འོན་མདའ་གསེར་ཁང་རྩེ་ཞེས་ད་ལྟ་མངའ་རིས་གྲྭ་ཚང་ཆགས་པའི་གནས་འདི་དང་། རི་བོ་རིན་ཆེན་སྤུངས་པ། ཀོང་ཡུལ་བུ་ཆུ་ལྷ་ཁང་གི་ཤར་ཕྱོགས་བོན་རི་སོགས་བོད་ཀྱི་གནས་དུ་མར་འོངས་ནས་སྲིད་པའི་ལྷ་གཉན་མང་པོ་དམ་ལ་བཏགས་ཤིང་བཏུལ་བར་གྲགས། དེས་གཡུང་དྲུང་གི་ཆོས་ཕུང་སྒོ་བཞི་མཛོད་ལྔ་སོགས་བཤད། གདུང་འཚོ་བ་མུ་ཚོ་ལྡེམ་དྲུག ཏ་ཟིག་གི་མཁས་པ་མུ་ཙ་ཏྲ་ཧེ་སེ། ཁྲི་ཐོག་བར་ཙམ། འགུ་ཧི་ལི་སྤར་མ། རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་དྲོ། རྒྱ་ནག་གི་མཁས་པ་ལེགས་ཏང་སྨངས་པ། ཁྲོམ་གྱི་མཁས་པ་གསེར་རྔོག་ལྕེ་འབྱམས། བོད་ཀྱི་མཁས་པ་ལྡེམ་གྱིན་ཚ་སྨད་དགེ མི་ཉག་གི་མཁས་པ་ལྕེ་ཚ་གར་གུ སུམ་པའི་མཁས་པ་མུ་སྤུངས་གསང་ཏང་། ཞང་ཞུང་གི་མཁས་པ་ཤིར་བུ་ཆེན་སོགས་རྗེས་འཇུག་མང་དུ་བྱུང་བས་བོན་ཆོས་ཕྱོགས་ཐམས་ཅད་དུ་སྤེལ་ཏེ་དར་བར་བྱས་སོ།།

2 བརྡོལ་བོན།

གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་དྲུག་པ་ཁྲི་ལྡེ་བཙན་པོའི(གདགས་ཁྲི་བཙན་པོ)དུས་སུ་དབུས་སམ་ཤོད་འོན་བྱ་བར་རུས་གཤེན་ཡིན་པའི་བྱིས་པ་ལོ་བཅུ་གསུམ་ལོན་པ་ཞིག་འདྲེས་ལོ་བཅུ་གསུམ་གྱི་བར་དུ་བོད་ཁམས་ཐམས་ཅད་དུ་ཁྲིད་ནས་ལོ་ཉི་ཤུ་རྩ་དྲུག་ལ་མིའི་ནང་དུ་ཆུད་པ་ལ། མི་མ་ཡིན་གྱི་ནུས་པས་ཡུལ་འདི་དང་འདི་ལྟ་བུ་ན་ལྷ་འདྲེ་འདི་ དང་འདི་ལྟ་བུ་ཡོད་པས་ཕན་གནོད་འདི་དང་འདི་ལྟ་བུ་བྱེད། དེ་ལ་གསོལ་མཆོད་དང་། ཡས་སྟག་གཏོང་ལུགས་འདི་འདྲ་བྱས་པས་ཕན་ཟེར་བ་སྣ་ཚོགས་ཤེས་པ་བྱུང་། རྒྱལ་རབས་རྣམས་སུ་གཉའ་ཁྲི་བཙན་པོ་ནས་ཁྲི་ཐོག་རྗེ་བཙན་བར་གྱི་རྒྱལ་རབས་ཉི་ཤུ་རྩ་དྲུག་ལ་ཆབ་སྲིད་བོན་གྱིས་བསྐྱངས་ཟེར་བ་ཙམ་ལས་མ་བཤད་ཀྱང་། བོད་ཡུལ་དུ་བོན་དར་བའི་ཐོག་མ་འདི་ནས་བྱུང་བར་མངོན། འོན་ཀྱང་དེ་དུས་ཀྱི་བོན་རྣམས་ལ་མར་འདྲེ་སྲི་གནོན་པ་དང་། ཡར་རྒན་གྱི་ལྷ་མཆོད་པ་དང་། བར་ཁྱིམ་ཐབ་འདོན་པ་གསུམ་ཙམ་ལས། བོན་ལུགས་ཀྱི་ལྟ་བ་སོགས་ཀྱི་ཐ་སྙད་མ་བྱུང་བས་ཆོས་འབྱུང་དང་རྒྱལ་རབས་འགའ་ཞིག་ཏུ་གྲི་གུམ་བཙན་པོའི་རིང་ནས་བོན་དར་བར་ཡང་བཤད་དོ།། དེ་ལ་རྒྱུའི་བོན་ཆབ་ནག་ཅེས་ཀྱང་གྲགས་སོ།།

3 འཁྱར་བོན།

འཁྱར་བོན་ནི་རྒྱལ་པོ་གྲི་གུམ་བཙན་པོའི་གྲི་བཤིད་བོད་ཀྱི་བོན་པོ་རྣམས་ཀྱིས་བྱེད་མ་ཤེས་ནས། ཁ་ཆེ་དང་། འབྲུ་ཤ་དང་། ཞང་ཞུང་གསུམ་ནས་བོན་པོ་གསུམ་གྲི་བཤིད་ལ་བོས་པ་ལ། གཅིག་གིས་གེ་གོད་ཁྱུང་དང་། མེ་ལྷ་བསྒྲུབས་པ་ལ་བརྟེན་ནས། རྔ་ཞོན་ནས་ནམ་མཁའ་ལ་འགྲོ་བ་དང་། གཏར་བ་ལེན་པ་དང་། བྱ་སྒྲོས་ལྕགས་གཅོད་པ་སོགས་ཀྱི་ནུས་པ་སྟོན། གཅིག་གིས་ཇུ་ཏིག་དང་། ལྷ་བཀའ་དང་། སོག་དམར་ལ་སོགས་པ་མོ་བཏབ་ནས་ལེགས་ཉེས་གཏན་ལ་འབབས། གཅིག་གིས་གཤིན་པོ་འདུར་བ་དང་། གྲི་འདུལ་བ་ལ་སོགས་པ་བཤིད་ཀྱི་བྱེ་བྲག་རྣམས་ཤེས། དེ་གསུམ་མ་བྱུང་ཕན་ཆད་དུ་བོན་ལ་ལྟ་བ་འདི་ཡིན་བྱ་བ་མེད། དེ་ཕྱིན་ཆད་ནས་བོན་གྱི་ལྟ་བ་ཅིག་ཀྱང་བཟུང་སྟེ། མུ་སྟེགས་དབང་ཕྱུག་པའི་གྲུབ་མཐའ་འཁྱར་བ་བོན་དང་འདྲེས་པ་ཡིན་སྐད།

4 བསྒྱུར་བོན།

བསྒྱུར་བོན་གསུམ་ལས། དང་པོ་བསྒྱུར་བ་ནི། པཎྜི་ཏ་ཤམ་ཐབས་སྔོན་པོ་ཅན་གྱིས་ཆོས་ལོག་གཏེར་དུ་བཅུག་ནས་ཁོ་རང་གིས་བཏོན་པ་བོན་དང་འདྲེས་པ་ལ་ཟེར། གཉིས་པ་བར་དུ་བསྒྱུར་བ་ནི། ཁྲི་སྲོང་ལྡེ་བཙན་གྱི་དུས་བོན་རྣམས་ཆོས་ལ་འཇུག་དགོས་པའི་བཀའ་ཁྲིམས་བྱས་ཏེ་རྒྱལ་བའི་བྱང་ཆུབ་ཟེར་བ་ལ། རིན་ཆེན་མཆོག་ལ་ཆོས་ཉོན་བྱས་པས་ཁོས་མ་འདོད་པ་ལ། རྒྱལ་པོའི་ཁྲིམས་བཅད་པས་ཁོ་ཁྲོས་ཏེ་བོན་དང་བསྡེབས་ནས་སངས་རྒྱས་ཀྱི་གསུང་རབ་འགའ་ཞིག་བོན་དུ་བསྒྱུར། དེ་རྒྱལ་པོས་གསན་ནས། དེ་བཞིན་གཤེགས་པའི་གསུང་རབ་བོན་དུ་བསྒྱུར་བ་རྣམས་ཀྱི་སྐེ་ཆོད་གསུངས་ནས་མང་རབས་ཀྱི་སྐེ་བཅད་པས། བོན་རྣམས་སྐྲག་ནས་བསྒྱུར་འཕྲོ་དང་བཅས་པ་གཏེར་དུ་སྦས་པ་རྣམས་ཕྱིས་སུ་བཏོན་པ་ལ་བོན་གཏེར་མ་ཡིན་ཟེར། གསུམ་པ་ཐ་མར་བསྒྱུར་བ་ནི། གླང་དར་གྱིས་བསྟན་པ་བསྣུབས་རྗེས། གཙང་ཉང་སྟོད་ན་གཤེད་རྒུར་ཀླུ་དགའ་བྱ་བས། དར་ཡུལ་སྒྲོ་ལག་བྱ་བ་དབུས་ཀྱི་བོན་གནས་ཅིག་ཏུ་སངས་རྒྱས་ཀྱི་བཀའ་མང་པོ་བོན་དུ་བསྒྱུར་ཏེ། ཡུམ་རྒྱས་པ་ལ་ཁམ་ཆེན། ཉི་ཤུ་རྩ་ལྔ་པ་ལ་ཁམ་ཆུང་། གཏན་ལ་དབབ་པ་ལ་བོན་མདོ། གཟུངས་སྡེ་ལྔ་ལ་ཀླུ་འབུམ་དཀར་ནག་ཅེས་བཏགས། བརྡ་ཆད་དང་བརྗོད་བྱ་ཆོས་དང་མི་འདྲ་བ་སྣ་ཚོགས་བྱས་ཏེ། མཚོ་ལྔ་འདྲེའུ་ཆུང་གི་བྲག་ལ་གཏེར་དུ་སྦས། ཕྱིས་སུ་ཁོ་རང་གིས་ཐོན་པ་ལྟར་བྱས་ནས་བཏོན། དེ་རྗེས་ཁྱུང་པོ་བོན་ཞིག་ལ་སོགས་པས་ཀྱང་དེ་འདྲ་མང་དུ་བསྒྱུར། བསྒྱུར་བོན་སྔ་ཕྱི་བར་གསུམ་པོ་དེ་ལ་ཆབ་དཀར་ཟེར་ཏེ་འབྲས་བུའི་བོན་ ཅེས་མིང་བཏགས་སོ།།

5 ཆོས་ལུགས།

བོན་གྱི་ཆོས་ལ་བཀའ་འགྱུར་བྱིང་གི་ཚབ་ཡོད་ཅིང་། ལྟ་བ་སྟོན་པའི་གཞུང་། རྫོགས་པ་རིན་ཆེན་གསེར་གྱི་འཕྲེང་བ། རྩ་འགྲེལ་རླུང་གི་སྤུ་གྲི། མན་ངག་འཁོར་ལོ་འོད་གསལ་སོགས་དང་། སྒོམ་པའི་གཞུང་། ཕུང་པོ་རང་འགྱུར་ཐིག་ལེ་དགུ་སྐོར། གསེར་ཐིག ལུས་སེམས་ཉམས་མྱོང་། སེམས་ལུང་ཡེ་ཁྲི་དཀར་པོ་སོགས་དང་། སྤྱོད་པའི་སྐོར་ལ། ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ། ཡེ་གཤེན་བཀོད་པ་དོན་གྱི་འབུམ། གཡུང་དྲུང་ས་བཅུ་ལམ་གྱི་འབུམ། རྣམ་དག་ཚུལ་ཁྲིམས་འདུལ་བའི་འབུམ། དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ། གཞན་ཡང་ནད་འབུམ་ནག་པོ། ཚེ་འབུམ་ཁྲ་བོ། སྨན་འབུམ་དཀར་པོ། གཏོ་འབུམ་ནག་པོ་སོགས་དང་། འཕྲིན་ལས་ཀྱི་སྐོར་སྒོམ་བཞི། སྐད་ཅོང་བརྒྱད། ཤི་ཐབས་སུམ་བརྒྱ་དྲུག་ཅུ །འདུན་ཐབས་བརྒྱད་ཅུ་རྩ་གཅིག་སོགས་ཏེ་དེ་ལ་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་ཟེར། བསྐྱེད་རྫོགས་འབྲས་བུའི་སྐོར་ལ། སྤྱི་སྤུངས་བོན་མཛོད། ཕ་རྒྱུད་དྲག་པོ་དགུ་འདུས། མ་རྒྱུད་ཉི་མ་དགུ་ཤར། ཁྲོ་རྒྱུད་མདོ་ཆེན་འབྱམས་པ་སོགས་ཏེ་དེ་ལ་ཆབ་དཀར་སྔགས་ཀྱི་བོན་ཞེས་ཟེར། སྲུང་མའི་སྐོར་ལ། སྲོག་གི་སག་གདར་ཆེ་ཆུང་། དྲ་བ་སྤུ་གྲི་དམར་ནགདལ་འབྱམས་མ་མོའི་ཁྲག་སྒྲུབ་སོགས་དང་། ཕོ་ཉ་བདུན། རྒྱལ་པོ། བཙན། དམུ། ཀླུ། གཟའ། དབང་ཕྱུག་སོགས་ཀྱི་སྒྲུབ་སྐོར་དང་། བྱོལ་སོང་འཁོར་ལོ་དགུ་སྐོར། གཏད་ཀྱི་སྐོར། རོ་ཀུ་ཤག་པ་སྤྱང་རྒྱུག་ཐན་གྱི་སྐོར་སོགས་ཡོད་ཅེས་ཟེར་རོ།། གཞུང་དེ་དག་ཏུ། མི་རྟག་པ་དང་། ལས་འབྲས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས། ཕྱིན་དྲུག་སོགས་ཀྱི་གཏམ་ཐར་ཐོར་དང་། ལམ་ལྔ་ས་བཅུ། སྐུ་གསུམ་སོགས་ཀྱི་རྣམ་བཞག་ཀྱང་བྱས། དབང་བསྐྱེད་རྫོགས། དམ་སྡོམ། རབ་གནས། སྦྱིན་སྲེག དཀྱིལ་འཁོར་སྒྲུབ་མཆོད། གཤིན་ཆོག་སོགས་ཀྱི་དོད་དང་ལས་ཁ་ཚར་བ་ཡང་མང་། བཤད་ཚུལ་སངས་རྒྱས་ཀྱི་ཆོས་དང་དབྱིབས་མཐུན་པ་དང་མི་མཐུན་པ་ཅི་རིགས་དང་། སངས་རྒྱས་ཡེ་གཤེན་ཏེ་ཐལ། ཆོས་སྐུ་ལ་བོན་སྐུ། ཡུམ་ཆེན་མོ་ལ་ས་ཏྲེ་ཨེ་སང་། ལོངས་སྐུ་ལ་ཀུན་ཏུ་བཟང་པོ། སྤྲུལ་སྐུ་ལ་སྲིད་པ་སད་པོ། དགྲ་བཅོམ་ལ་གཤེན་སྲས། བྱང་སེམས་ལ་གཡུང་དྲུང་སེམས་དཔའ། བླ་མ་ལ་དབོན་གསས། སྟོང་ཉིད་ལ་འ་མེ་ཉིད། ས་བཅུ་ལ་དྲི་མེད་ཤེལ་གྱི་ས། འོད་ཟེར་འཕྲོ་བ་རིག་འཛིན་སྤྲིན་ཕུང་གི་ས། ཕྱག་རྒྱ་བསྒྱུར་པའི་ས་སོགས་ཀྱི་མིང་བཏགས་པས་མཚོན་བརྡ་ཆད་དང་མིང་འདོགས་སྒྲ་འདོད་རྒྱལ་བ་མང་དུ་སྣང་།

6 ལྟ་སྒོམ་སོགས་ཀྱི་འདོད་ཚུལ།

ལྟ་སྒོམ་སོགས་ཀྱི་འདོད་ཚུལ་ལ། སྤྱིར་བོན་ལ་ཕྱི་བོན་དང་ནང་བོན་གཉིས་ཡོད་པར་གྲགས་ཤིང་། བོན་གཞུང་འགའ་ཞིག་ཏུ། དང་པོ་ཡེ་མེད་སྟོང་པ་ལ།། དེ་ནས་ཡེ་ཡོད་ཅུང་ཟད་སྲིད།། དེ་ནས་བ་མོ་སྐྱ་ཙམ་སྲིད།། དེ་ནས་ཟིལ་པ་ཕྲུམ་ཙམ་སྲིད།། ཅེས་སོགས་ཟེར་ནས། མཐར་སྣོད་བཅུད་ཐམས་ཅད་སྒོ་ང་ལས་སྐྱེས་པའི་ལུགས་དང་། ཕྱྭ་དང་དབང་ཕྱུག་སོགས་ཀྱིས་བྱས་པའི་ལུགས་སུ་སྣང་བ་རྣམས། མུ་སྟེགས་ཀྱི་ལྟ་བ་འཁྱར་བ་ཡིན་ཅེས་འབྲི་གུང་འཇིག་རྟེན་མགོན་པོས་གསུངས་ཤིང་། དེང་སང་ཀུན་ལ་དར་ཆེ་བའི་གཏོ་ཆོག་རྣམས་སུ་ཡང་གོང་གི་ཚིག་དེ་འདྲ་བ་མང་པོ་སྣང་ངོ་།། ཡང་བོན་གཞུང་འདུས་པ་རིན་པོ་ཆེའི་རྒྱུད་བྱ་བ་ན། ཀུན་རྫོབ་ཏུ་ནི་དངོས་རྣམས་ཞན་པས་ཡོད།། དམ་པའི་དོན་དུ་ཆགས་པ་སྤངས་པས་མེད།། གཉིས་ཀ་སེམས་ཀྱི་ཆས་ཟིན་མ་ཆགས་མ་ཡེངས་པས། སྟོང་པ་ཉིད་ཀྱི་ཡེ་ཤེས་ཞེས། མི་རྟོག་ཡོངས་ཁྱབ་གསོལ་དྲངས་ན།། སྒོམ་པའི་དངོས་པོ་དེ་ཉིད་ཡིན།། དེ་ལྟར་ལྟ་སྒོམ་གཉིས་ཀ་འབྲེལ་བར་སྤྱད་ན། སྐྱེ་བ་འདི་ལ་ཐར་པའི་འབྲས་བུ་ཐོབ་པར་ངེས།། ཞེས་སོགས་ཀྱི་བཤད་ཚུལ་ནི། བཀའ་དང་བསྟན་བཅོས་ནས་བཤད་པ་དང་དོན་འདྲ་བར་སྣང་ཞེས་སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས་གསུངས། ཡང་ཀུན་མཁྱེན་ཤེར་འོད་དང་། སྟག་ཚང་ལོ་ཙཱ་བས་བོན་གྱི་ཐེག་པ་དགུ་བ་རྙིང་མའི་རྫོགས་ཆེན་དང་མཐུན་པར་ཡང་བཤད་དོ།། ཁོ་བོས་མཐོང་བའི་བོན་གཞུང་ཞིག་ན་འདི་ལྟར་སྣང་སྟེ། གཞི་རང་བཞིན་རྣམ་དག་གི་གནས་ལུགས་ནི། སངས་རྒྱས་སེམས་ཅན་གཉིས་ཀའི་སྔོན་རོལ་ན། འོད་གསལ་སྟོང་པ་བོན་གྱི་སྐུ་ངོ་བོ་རང་བཞིན་རྣམ་དག བག་ཆགས་སྒྲིབ་པས་མ་གོས་ཤིང་། ཅི་ཡང་མ་ཡིན་ལ་ཅི་ཡང་གསལ་བ། གདོད་ནས་སངས་རྒྱས་ངོ་བོར་གནས་པ། བྱ་བའི་རྒྱུ་ལས་མ་གྲུབ། བྱེད་པའི་རྐྱེན་ལས་མ་ལྟོས་པར་རྩོལ་མེད་ལྷུན་གྲུབ་རང་ཆས་སུ་ཡོད་དེ། དེ་རྟོགས་པས་བཟང་དུ་མ་སོང་། མ་རྟོགས་པས་ངན་དུ་མ་སོང་བས། སངས་རྒྱས་དང་སེམས་ཅན་ལ་ཡོད་པ་དེ་གཉིས་ལ་བཟང་ངན་མེད། ཀུན་ལ་ཁྱབ་གདལ་ཆེན་པོར་ཡོད་པ་ནི་གཞིའི་གནས་ལུགས་ཏེ། དེ་ལས་འཁོར་འདས་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་། ཆོས་ཐམས་ཅད་དེའི་ངང་དུ་གནས་སོ།། དེ་ཉིད་ཀྱི་རྩལ་འགག་མེད་དུ་འཆར་ཏེ། རྟོགས་ན་ཡེ་ཤེས་སུ་འཆར། མ་རྟོགས་ན་ལས་དང་ཉོན་མོངས་སུ་འཆར། དེའི་དོན་ཚར་ཆོད་ནས་མངོན་དུ་གྱུར་ན་གཞི་ཡེ་གནས་ཀྱི་གནས་ལུགས་རྟོགས་པ་ཡིན་ལ། དེ་རྟོགས་ན་རང་རྒྱུད་ལ་རང་ ཆས་སུ་འཆར་བ་སྟེ། དེ་ཤར་ནས་འབྲས་བུ་སྐུ་གསུམ་མངོན་གྱུར་དུ་ཐོབ་བོ།། གནས་ལུགས་དེའི་ངོ་བོ་མ་སྒྲིབ་རྗེན་པར་ས་ལེ་གསལ་བ། རིག་པ་རྟོག་དཔྱོད་གཡོ་རྩོལ་གྱིས་མ་གོས་པའི་གཅེར་བུ་ལ་ཡེ་ཤེས་སུ་ཤར་ཏེ། དེའི་ཚེ་དྲན་མེད་དུ་ཧད་དེ།། གཏད་མེད་དུ་ཕྱོད་དེ། རྟོག་མེད་དུ་རྗེན་ནེ། འཛིན་མེད་དུ་ཧྲིག་གེ་བ་དེ་ལ་རང་བྱུང་རིག་པའི་ཡེ་ཤེས་ཞེས་བྱ། དེ་ལ་ཅར་གྱིས་ལྟ་བ་ནི་ལྟ་བ་ཞེས་བྱའོ།། སྒོམ་པ་ནི། ཙིཏྟ་རིན་ཆེན་གཞལ་ཡས་ཁང་རྩ་འདབ་བརྒྱད་དུ་གནས་པའི་དཀྱིལ་ན་དྭངས་མ་ལྔ། དེའི་དཀྱིལ་ན་ཡེ་ཤེས་ལྔ་ཚོན་གྱི་གྲུ་གུ་བསྡོག་པ་འདྲ་བ། དེའི་དཀྱིལ་ན་བོན་སྐུ་འོད་ཀྱི་གོང་བུ་གནས་ཏེ། དེ་ནི་ངོ་བོ་སྟོང་པས་རྟག་པར་མ་སོང་། རིག་ཅིང་གསལ་བས་ཆད་པར་མ་སོང་། ཅི་ལྟ་བུར་ཡང་དམིགས་སུ་མེད་པ། དེའི་རྩ་སྒྲ་འོད་ཟེར་གསུམ་ལ། སྒོ་གསུམ་ཚོགས་དྲུག་ཡུལ་དྲུག་འགག་མེད་དུ་འཆར། དེའི་ངོ་བོ་ལ་ལྟ་བ་ལྟ་མཁན་གཉིས་མེད་དུ་ཅེར་གྱིས་བལྟས་པས་ལྷང་གིས་ཤར་བ་ལ་ཡེངས་མེད་འབྲལ་མེད་དུ་འཇོག་པ་ནི་སྒོམ་པ་ཡིན་ཟེར། དབྱེ་ན། ཐུན་སྒོམ། ངང་སྒོམ། ཀློང་སྒོམ་གསུམ་གྱི་དང་པོ་ནི་ངོ་འཕྲོད་ནས་གྲངས་དང་ཐུན་དུ་བཅད་ནས་སྒོམ་པ་སྟེ། དང་པོ་གནས་པ་ཉུང་། བར་དུ་ཆ་མཉམ། མཐར་ཏིང་ངེ་འཛིན་གྱི་ངང་དུ་ཧྲིལ་གྱིས་འགྲོ། དེ་ཡང་བཞག་ན་སྡོད། བཏང་ན་འགྲོ། བཟུང་ན་ཟིན། དགོས་དུས་སླེབས་ན་ཐུན་སྒོམ་ཚད་དུ་འཁྱོལ་བ་ཡིན། གཉིས་པ་ནི། སྐབས་ཤིག་སྣང་བ་རང་གྲོལ་གྱི་ཉམས་འཆར། ཏིང་ངེ་འཛིན་ལ་འདུ་འབྲལ་མེད་པས། སྒོམ་མེད་དང་ཡེངས་མེད་དུ་གནས་པ་བྱུང་ན་ངང་སྒོམ་ཚད་དུ་འཁྱོལ་བ་ཡིན། གསུམ་པ་ནི། དེ་ལྟ་བུའི་རིག་པ་དེ་ཉམས་སུ་བླངས་པས་དོན་མངོན་དུ་གྱུར་ཏེ་བསྒོམ་བྱ་སྒོམ་བྱེད་ལས་འདས་པ་ནམ་མཁའི་ངོ་བོ་ལྟ་བུ་འཛིན་རྟོག་བློ་ལས་འདས་པ་ཅིག་འབྱུང་། དེ་ཙ་ན་ཉོན་མོངས་ཐམས་ཅད་ཡེ་ཤེས་སུ་འཆར། སྣང་བ་ཐམས་ཅད་བོན་དབྱིངས་རྣམ་དག་ཏུ་རྟོགས་ཏེ། འཁོར་འདས། བཟང་ངན། སྤང་བླང་། དབྱེར་མེད་རོ་གཅིག་པར་གྱུར་ནས་བོན་སྐུ་རང་ས་ཟིན་པས་ཀློང་སྒོམ་ཟད་སར་སྐྱེལ་བའོ།། ཞེས་བྱུང་ངོ་། འདི་དག་ནི་ཕྱིས་ཀྱི་རྫོགས་ཆེན་པས་ཟེར་ལུགས་དང་དབྱིབས་མཚུངས་པ་འདུག་པས་བོན་རྫོགས་གཉིས་ཐུགས་ནང་གཤིན་པོ་ཡོད་འདྲའོ།།

ཐེག་པ་རིམ་པ་དགུས་བོན་གྱི་གཞུང་བསྲང་ཟེར་ཏེ། དགུ་ནི། ཕྱྭ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་ཏེ་རྒྱུའི་ཐེག་པ་བཞི། དགེ བསྙེན། ཨ་དཀར། དྲང་སྲོང་། ཡེ་གཤེན་ཏེ་འབྲས་བུའི་ཐེག་པ་བཞི། ཁྱད་པར་ཆེན་པོའི་ཐེག་པ་གཅིག་སྟེ་དགུའོ།། ཕྱྭ་གཤེན་ལ་གཏོ་སུམ་བརྒྱ་དྲུག་ཅུ། དཔྱད་བརྒྱད་ཁྲི་བཞི་སྟོང་། སྣང་གཤེན་ལ་གྱེར་སྒོམ་བཞི། སྐད་ཅོང་བརྒྱད། གཏའ་རག་བཞི་བཅུ་རྩ་གཉིས། འཕྲུལ་གཤེན་ལ་ལྟ་བྱང་རྫུ་འཕྲུལ་གྱི་གཞུང་། སྲིད་གཤེན་ལ། ཤི་ཐབས་སུམ་བརྒྱ་དྲུག་ཅུ། འདུར་སྒོ་བཞི། འདུལ་ཐབས་བརྒྱད་ཅུ་རྩ་གཅིག དགེ་བསྙེན་ལ་སྣོད་བཅུད་འབྱུང་རྫོགས་ཀྱི་མདོ་སྡེ་སོགས་དང་། དྲང་སྲོང་ལ་འབུམ་སྡེ་བཞི་སོགས་དང་། ཨ་དཀར་ལ་རྒྱུད་ལུང་དུ་མ་དང་། ཡེ་གཤེན་ལ་སེམས་ལུང་སྡེ་བཞི་དང་། ཁྱད་པར་བ་ལ་མན་ངག་སྡེ་ལྔ་ཡོད་ཟེར། རྒྱུ་བོན་བཞིས་གཟུང་འཛིན་གྱི་རྟོག་པ་ཆ་བཞི་སྤོང་།། དགེ་བསྙེན་དྲང་སྲོང་གཉིས་ཀྱིས་ཉོན་སྒྲིབ་སྦྱོང་། ཨ་དཀར་ཡེ་ གཤེན་གཉིས་ཀྱིས་ཤེས་སྒྲིབ་སྦྱོང་། ཁྱད་པར་ཆེན་པོས་ལྷན་སྐྱེས་རྩད་ནས་གཅོད། ཡང་རྒྱུའི་བོན་བཞིས་བསྐལ་པ་དུ་མར་སྦྱངས་པས་མོས་སྤྱོད་ཀྱི་ས་གཞི་ཐོབ། དགེ་བསྙེན་དང་དྲང་སྲོང་གིས་བསྐལ་པ་གྲངས་མེད་གསུམ་ལ་ལམ་བགྲོད་ནས་ཐར་པ་ཐོབ། ཨ་དཀར་ཡེ་གཤེན་གྱིས་སྐྱེ་བ་གཅིག་ལ་ཐར་པ་ཐོབ། ཁྱད་པར་ཆེན་པོས་ཚེ་གཅིག་གིས་བོན་སྐུ་ཐོབ་ཅེས་བཤད་དོ།། བོན་ཇི་ལྟར་དར་བ་དང་འདོད་ཚུལ་རྣམས་ཞིབ་ཏུ་བཤད་པའི་གཞུང་མ་རྙེད་པས། བོད་དུ་སྔ་ཕྱི་བར་གསུམ་དུ་འབྱུང་ཚུལ་རྣམས་འབྲི་གུང་དགོངས་གཅིག་ལས་གསུངས་པ་ལྟར་དང་། ལྟ་སྒོམ་དང་ཐེག་པ་སོགས་ཀྱི་འདོད་ཚུལ། ཡུལ་མང་མཁར་གསང་བའི་བོན་ཕུག་ཏུ། སྟག་གཟིག རྒྱ་དཀར་ནག བོད་ལ་སོགས་པའི་རིག་འཛིན་མཁས་པ་མཐའ་དག་འདུས་ནས། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལས་བསྡུས་པའི་གསང་སྔགས་རྫོང་འཕྲང་ཉི་འོད་རྒྱན་བྱ་བ་ལས་འབྱུང་བ་ལྟར་བྲིས་སོ།།




སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-02

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།