ཅའོ་ཡུས་ལུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅའོ་ཡུས་ལུའུ།
ཅའོ་ཡུས་ལུའུ།(སྤྱི་ལོ1922ལོའི་ཟླ8པའི་ཚེས16ཉིན་ནས་སྤྱི་ལོ1964ལོའི་ཟླ5པའི་ཚེས14ཉིན་བར)ཁོང་ནི་ཧྲན་ཏུང་ཙི་པོ་པོ་ཧྲན་རྫོང་པེ་ཀུའུ་ཧྲན་གྲོང་ཚོ་ནས་ཡིན་པ་དང་། དེ་སྔའི་ལན་ཁའོ་རྫོང་ཨུའི་ཧྲུའུ་ཅི་དང་ལས་བྱེད་པའི་དཔེ་བཟང་། ཀྲུང་གོ་གུང་ཁྲན་ཏང་གི་གསར་བརྗེའི་སྔོན་གཤེགས་དཔའ་བོ་བཅས་རེད། ལན་ཁའོ་རྫོང་ཨུའི་ཧྲུའུ་ཅིའི་འགན་འཁུར་སྐབས་མངོན་པའི“དམངས་ལ་བརྩེ་སེམས་འཆང་བ་དང་ དཀའ་སྤྱད་འབད་བརྩོན། ཚན་རིག་དང་མཐུན་ཞིང་བདེན་འཚོལ་བ། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ། སྒེར་སེམས་མེད་པས”མི་རབས་རྗེས་མས“ཅའོ་ཡུས་ལུའུ་ཡི་སྙིང་སྟོབས”ཞེས་འབོད་ཀྱི་ཡོད། སྤྱི་ལོ1922ལོའི་ཟླ8པའི་ཚེས16ཉིན། ཅའོ་ཡུས་ལུའུ་དབུལ་ཕོངས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས། སྤྱི་ལོ1946ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1950ལོར་ཝེ་ཧྲི་རྫོང་ཏ་ཡིང་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས། སྤྱི་ལོ1954ལོའི་ཟླ8པར་སྔ་གཞུག་ཏུ་ཧ་ཨར་པིན་བཟོ་ལས་སློབ་ཆེན་དང་ཏ་ལེན་ལྗིད་འདེགས་འཕྲུལ་ཆས་ལས་སྣོན་འཁོར་ཁང་དུ་ཟབ་སྦྱོང་བྱས། སྤྱི་ལོ1962ལོར་ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་གི་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས། སྤྱི་ལོ1964ལོའི་ཟླ5བའི་ཚེས་14ཉིན། ནད་ཀྱི་དབང་གིས་ཀྲེན་ཀྲའུ་ནས་སྐུ་གཤེགས་པ་དང་། དགུང་ལོ42ཡིན། སྤྱི་ལོ2009ལོའི་ཟླ9ཚེས10ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་སྡེ་ཁག11གི་མཉམ་འབྲེལ་རྩ་འཛུགས་ཀྱི་དཔྱད་འདེམས་བྱེད་སྒོའི་ཁྲོད་དུ་ཅའོ་ཡུས་ལུའུ“ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣ100”ལ་བདམས་པ་རེད། སྤྱི་ལོ2019ལོའི་ཟླ9པའི་ཚེས25ཉིན། ཅའོ་ཡུས་ལུའུ་ལ“འབད་འཐབ་བྱེད་མཁན་ཡག་ཤོས”ཀྱི་མི་སྒེར་གྱི་མཚན་སྙན་ཐོབ་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
焦裕禄
དབྱིན་ཡིག་གི་མིང་།
Jiao Yulu
མིང་གཞན།
ཅའོ་ཧྲུའུ་ཅི།
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1922ལོའི་ཟླ8པའི་ཚེས16ཉིན།
སྐུ་གཤེགས་པའི་ལོ།
སྤྱི་ལོ1964ལོའི་ཟླ5པའི་ཚེས14ཉིན།
ལས་རིགས།
རྫོང་ཨུའི་ཧྲུའུ་ཅི།
གྲུབ་འབྲས་གཙོ་བོ།
“ཅའོ་ཡུས་ལུའུ་ཡི་སྙིང་སྟོབས”གཏོད་མཁན། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣ100 འཁྱིལ་ཆུའི་གནོད་སྐྱོན་དང་། རླུང་འཚུབ། བ་ཚྭའི་གནོད་སྐྱོན་གསུམ་བཅོས་སྐྱོང་བྱེད་མཁན།
དད་མོས།
མར་ལེའི་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། གུང་ཁྲན་རིང་ལུགས་བཅས།
ཆབ་སྲིད་ཀྱི་རྣམ་པ།
ཀྲུང་གོ་གུང་ཁྲན་ཏང་ཡོན།
ཁྲག་རིགས།
Aརིགས།
སྐུ་གཤེགས་ས།
ཧོ་ནན་ཀྲེང་ཀྲོའུ།
1 མི་སྣའི་ལོ་རྒྱུས།  
1_1 ཡིད་སྐྱོ་བའི་བྱིས་དུས།

སྤྱི་ལོ1922ལོའི་ཟླ8པའི་ཚེས་16ཉིན།ཅའོ་ཡུས་ལུའུ་ཧྲན་ཏུང་ཞིང་ཆེན་པོ་ཧྲན་རྫོང་ཀུའུ་ཧྲན་ཞང་པེ་ཀུའུ་ཧྲན་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཏུ་སྐྱེས། ལོ7གྱི་སྟེང་དུ་སློབ་གྲྭར་སོང་བ་དང་། སློབ་སྦྱོང་ལ་འབད་བརྩོན་དང་ནན་ཏན་བྱས་པས། རྒྱུགས་འབྲས་ནམ་ཡང་སྔོན་གྲས་སུ་གྱུར།

སྤྱི་ལོ1932ལོར་ཕ་ཡུལ་ལ་མུ་གེ་བྱུང་བས་ཁྱིམ་ཚང་གི་འཚོ་བ་ཧ་ཅང་སྐྱོ་པོ་བྱུང་། ལོ11ལ་སླེབས་པའི་ཅའོ་ཡུས་ལུའུ་སློབ་གྲྭ་ནས་ཕྱིར་འཐེན་དགོས་བྱུང་། ཁོང་གིས་རང་ཁྱིམ་དུ་ཞིང་འདེབས་པ་ཕུད། ཚོང་ཙག་ཙིག་བརྒྱབ་ནས་འཚོ་བ་སྐྱེལ་གྱི་ཡོད།

སྤྱི་ལོ1941ལོར། ཅའོ་ཡུས་ལུའུ་བྲོས་ནས་ཅང་སུའུ་རུ་སྤོས་པ་རེད།

སྤྱི་ལོ1943ལོར། ཁོ་རང་སུའུ་ཆན་རྫོང་མཁར་གྱི་ཤར་གྱི་ལེ་དབར15ཡི་ཆ་ཁྲ་ཕེང་སྡེ་བར་བྲོས་ཏེ། ས་བདག་ཧུའུ་ཐའེ་རུང་གི་ཁྱིམ་ནས་ལོ་གཉིས་ལ་གླ་པ་བྱས་ཤིང་། ས་བདག་གི་སྣེ་ནི་ཕག་ཚང་དང་སྣེ་གཅིག་ནི་ནོར་ར་ཡིན་པའི་སྤྱིལ་བུ་ཡི་ནང་དུ་བསྡད།

1_2 རྩ་འཛུགས་ནང་ཞུགས་པ།

སྤྱི་ལོ1945ལོར་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། ཅའོ་ཡུས་ལུའུ་སུའུ་ཆན་རྫོང་ནས་རང་གི་ཕ་ཡུལ་དུ་ལོག སྐབས་དེ་དུས་ཁོང་གི་ཕ་ཡུལ་ད་དུང་བཅིངས་འགྲོལ་བཏང་མེད་ཀྱང་གུང་ཁྲན་ཏང་གིས་དེ་གར་མང་ཚོགས་ཀྱི་འགོ་ཁྲིད་དེ་གསར་བརྗེའི་བྱེད་སྒོ་སྤེལ་བ་དང་ཅའོ་ཡུས་ལུའུ་ཡིས་རང་འགུལ་ངང་ཡུལ་དམག་བྱ་རྒྱུའི་རེ་བ་བཏོན། ཡུལ་དམག་ཏུ་ཞུགས་རྗེས། ཁོང་པོ་ཧྲན་རྫོང་མཁར་བཅིངས་འགྲོལ་བྱེད་པའི་དམག་འཁྲུག་ཏུ་ཞུགས།

སྤྱི་ལོ1946ལོའི་ཟླ་དང་པོར། ཅའོ་ཡུས་ལུའུ་གྲོང་ཚོ་དེ་གར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

ཅང་མ་འགོར་བར། ཁོང་ཡང་བསྐྱར་རྫོང་དེའི་དྲག་ཆས་པུའུ་ཡི་བྱ་བར་དངོས་སུ་ཞུགས་ཏེ། ས་གནས་དེའི་ཡུལ་དམག་གི་འགོ་ཁྲིད་དེ་ངེས་མེད་རྒོལ་རྡུང་དམག་འཁྲུག་རྒྱུན་འཁྱོངས་བྱས། ཕྱིས་སུ་སླར་ཡང་ཧྲན་ཏུང་པོ་ཧའེ་ས་ཁུལ་དུ་སོང་ནས་ས་ཞིང་བཅོས་བསྒྱུར་བསྐྱར་ཞིབ་ཀྱི་ལས་ཀར་ཞུགས་མྱོང་ཞིང་། ཚོ་ཆུང་གི་འགོ་འཛིན་གྱི་འགན་ཡང་འཁུར་མྱོང་།

སྤྱི་ལོ1948ལོར་ལྷོ་ཕྱོགས་ཀྱི་ལས་དོན་རུ་ཁག་གི་རྗེས་སུ་འབྲངས།  

སྤྱི་ལོ1950ལོར། ཝེ་ཧྲི་རྫོང་ཏ་དབྱིན་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ལ་བསྐོས།

སྤྱི་ལོ1953ལོར་གུང་གཞོན་ཚོགས་པའི་ཀྲེང་ཀྲོའུ་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་གཉིས་པ་དང་། ལོ་དེའི་ཟླ6པར། ཅའོ་ཡུས་ལུའུ་ཡིས་ཏང་གི་འབོད་སྐུལ་དང་ལེན་བྱས་ཏེ། ལུའོ་དབྱང་གཏེར་རི་འཕྲུལ་ཆས་བཟོ་གྲྭ་ནས་བཟོ་ལས་འཛུགས་སྐྲུན་ལ་ཞུགས། ལུའོ་དབྱང་གཏེར་རི་འཕྲུལ་ཆས་བཟོ་གྲྭའི་གནས་སྐབས་ཀྱི་གཞུང་ལམ་སྤྱིའི་བཀོད་འདོམས་པའི་འགན་ཁུར། ཁོས་བཟོ་གྲྭ་འདིར་འཁོར་ཁང་གི་ཀྲུའུ་རེན་དང་ཁོའོ་ཀྲང་གི་འགན་འཁུར་མྱོང་། དེའི་རིང་ཅའོ་ཡུས་ལུའུ་ད་དུང་ཏ་ལེན་ལྗིད་འདེགས་འཕྲུལ་ཆས་བཟོ་གྲྭར་དངོས་སྦྱོང་ལོ་གཅིག་ལྷག་ཙམ་བྱས་པ་རེད།

སྤྱི་ལོ1954ལོའི་ཟླ8པ་ནས་བཟུང་། སྔ་གཞུག་ཏུ་ཧ་ཨར་པིན་བཟོ་ལས་སློབ་ཆེན་དང་ཏ་ལེན་ལྗིད་འདེགས་འཕྲུལ་ཆས་བཟོ་གྲྭའི་འཕྲུལ་ཆས་ལས་སྣོན་འཁོར་ཁང་དུ་ཟབ་སྦྱོང་བྱས།

སྤྱི་ལོ1956ལོའི་ལོ་མཇུག་ཏུ། ལུའོ་དབྱང་གཏེར་རི་འཕྲུལ་ཆས་བཟོ་གྲྭ་རུ་ཕྱིར་ལོག་ནས། ལྕགས་ལས་འཁོར་ཁང་དང་པོའི་ཀྲུའུ་རེན་དང་། བཀོད་གཏོང་ཁོའོ་ཀྲང་སོགས་ཀྱི་འགན་བཞེས། དེའི་རིང་ཅའོ་ཡུས་ལུའུ་ལ་མཆིན་ནད་ཕོག་ཡོད།

སྤྱི་ལོ1962ལོའི་ཟླ6པར། གྲོང་གསེབ་ཀྱི་བྱ་བར་ཤུགས་སྣོན་པའི་ཆེད་དུ། ཅའོ་ཡུས་ལུའུ་ཡང་ཝེ་ཧྲི་རྫོང་དུ་གནས་སྤར་ནས་རྫོང་ཨུ་ཧྲུའུ་ཅི་བྱས།

སྤྱི་ལོ1962ལོའི་ཟླ12པར། ཅའོ་ཡུས་ལུའུ་ཧོ་ནན་ལན་ཁའོ་རྫོང་དུ་གནས་སྤར་ཏེ། སྔ་གཞུག་ཏུ་རྫོང་ཨུའི་ཧྲུའུ་ཅི་གཉིས་པ་དང་ཧྲུའུ་ཅི་བྱས།

སྤྱི་ལོ1962ལོའི་ཟླ12པ་ནས་སྤྱི་ལོ1964ལོའི་བར་དུ། རྫོང་དེར་ཚབས་ཆེ་བའི་འཁྱིལ་ཆུའི་གནོད་སྐྱོན་དང་། རླུང་འཚུབ། ཚྭ་བུལ་བཅས་གནོད་འཚེ་གསུམ་བྱུང་བ་དང་། ཁོང་གིས་དངོས་ཐོག་བདེན་འཚོལ་དང་། མང་ཚོགས་ལམ་ཕྱོགས་ཀྱི་འགོ་ཁྲིད་བྱ་བའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་རང་བྱུང་གི་གནོད་འཚེ་ཚབས་ཆེན་དང་ཞུམ་མེད་འཐབ་རྩོད་བྱས་ཏེ། ལན་ཁའོ་ཡི་རྣམ་པ་བསྒྱུར་བར་འབད་བརྩོན་བྱས། ཁོང་ལ་མཆིན་སྐྲན་ཕོག་ཀྱང་སྔར་བཞིན་ལས་ཀར་སྡུག་རུས་ཆེན་པོ་བྱས་ནས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས“ཅའོ་ཡུས་ལུའུ་ཡི་སྙིང་སྟོབས”བསྐྲུན་པ་རེད།

སྤྱི་ལོ1964ལོའི་ཟླ5བའི་ཚེས14ཉིན། མཆིན་སྐྲན་གྱི་རྐྱེན་པས་ཀྲེན་ཀྲོའུ་ནས་སྐུ་གཤེགས། ཁོང་གྲོངས་ཁར་རྩ་འཛུགས་ལ་བཅངས་པའི་བླང་བྱ་ཉག་ཅིག་ནི་ཁོང་གྲོངས་རྗེས“ང་ལན་ཁའོ་ལ་དབོར་ནས་བྱེ་ཕུང་དུ་སྦས་ཞེས་དང་། གསོན་པོར་བསྡད་དུས་ངས་བྱེ་རི་བཅོས་སྐྱོང་ཡག་པོ་བྱེད་ཐུབ་མེད་ནའང་། ཤི་དུས་ཁྱེད་ཚོས་བྱེ་འབུར་བཅོས་སྐྱོང་ཡག་པོ་བྱེད་ཐུབ་མིན་ལ་བལྟ་དགོས”ཞེས་པ་དེ་རེད།

སྤྱི་ལོ2017ལོའི་ཟླ3པར་ལན་ཁའོ་ནི་ཧོ་ནན་གྱི་དབུལ་སྒྲོལ་དང“དབུལ་ཞྭ་ཕུད་པའི”རྫོང་དུ་གྱུར་ཞིང་། ཅའོ་ཡུས་ལུའུ་ཡིས་སྐབས་དེ་དུས་ཚང་མར་སྣེ་ཁྲིད་དེ་བཟོས་པའི་རོལ་ཆས་དང་ཁྱིམ་ཆས་སོགས་ལན་ཁའོ་ཕྱུག་འགྱུར་ཕྱོགས་སུ་སྐྱོད་པའི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད།

2 གྲུབ་འབྲས་ཕྱོགས་བསྡུས།

སྤྱི་ལོ1962ལོའི་དགུན་ཁར། ཅའོ་ཡུས་ལུའུ་ལན་ཁའོ་ལ་སླེབས་ཤིང་། ལན་ཁའོ་ལ་གནོད་འཚེ་ཚབས་ཆེན་ཐེབས་པ་དང་། རྫོང་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་ལོ་རྒྱུས་ཀྱི་ཆེས་དམའ་བའི་ཆུ་ཚད་དུ་མར་ཆག་པ་རེད། “གནོད་འཚེ་གསུམ”མེད་པར་བཟོ་བའི་འཐབ་རྩོད་ཁྲོད། ཉམས་མྱོང་ལེན་ཆེད། བློ་མཐུན་ཅའོ་ཡུས་ལུའུ་སྐུ་ངོ་མས་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་བྱས་པ་དང་། ཁྱོན་ཡོངས་ནས་འགོ་བཙུགས་ཏེ་གནོད་འཚེ་གསུམ་བཅོས་སྒྲིག་བྱེད་པའི་ཞིབ་ཕྲའི་ཐབས་ཇུས་ཕྱོགས་སྡོམ་བྱས་ནས་གཞི་ཁྱོན་ཆེ་བའི་ངང་ཕོ་ཐུང་འདེབས་འཛུགས་བྱེད་ཐབས་འཚོལ་ཞིབ་བྱས་ཡོད།

ལོ་གཅིག་རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ལན་ཁའོ་ཡི“གནོད་འཚེ་གསུམ”གཙང་སེལ་གྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ། 

3 མི་རབས་རྗེས་མའི་ཤུགས་རྐྱེན།

ལན་ཁའོ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ཀྱི་ལྕག་སྐུལ་འོག་ལན་ཁའོ་ཡི་གནོད་འཚེ་གསུམ“འཁྱིལ་ཆུའི་གནོད་སྐྱོན་དང་། བྱེ་རླུང་། ཚྭ་བུལ་བཅས”བཅོས་སྐྱོང་ནུས་ལྡན་ཐུབ་ཡོད།

ཅའོ་ཡུས་ལུའུ་ཡིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་རླུང་འགོག་བྱེ་འཛུགས་བྱས་པའི་སྡོང་པོ་དེ་ཧོ་ནན་གྱི་ཁྱད་ལྡན་ཐོན་ལས་ཤིག་ཏུ་གྱུར་ཡོད། སྤྱི་ལོ2014ལོའི་བར་ལན་ཁའོ་ཐོན་ལས་ཀྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར60ལྷག་ཙམ་ཟིན་པ་དང་རྫོང་ཡོངས་ཀྱི་ལས་ཞུགས་མི་སྣ་ཁྲི6ལྷག་ཙམ་ཟིན་ཡོད།

ཅའོ་ཡུས་ལུའུ་ནི་མ་འོངས་པའི་དཔོན་པོ་དང་སྲིད་ཞུགས་པ་ཡོད་ཚད་ཀྱིས་སློབ་སྦྱོང་བྱེད་པའི་དཔེ་བཟང་དུ་གྱུར། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ཀྱིས་མི་རབས་ནས་མི་རབས་བར་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དཀྱུས་མར་འབོད་སྐུལ་དང་ལྕག་སྐུལ་བྱས་པ་དང་། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དེ་རང་རྒྱལ་གྱིས་སྲིད་ཞུགས་བྱེད་མཁན་གྱི་ཆེས་གཞི་རྩར་གྱུར་པའི་ཀུན་སྤྱོད་བརྟན་སྲུང་དུ་གྱུར་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་དང་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་གཏོང་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱ་རྒྱུའི་འབོད་སྐུལ་གནང་བ་རེད། 

4 མི་སྣའི་གདེང་འཇོག

དེ་སྔའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་མའོ་ཙེ་ཏུང་གིས་མི་དམངས་ཀྱི་དོན་དུ་ཤི་བ་དང་། ཤི་ཡང་གཟི་བརྗིད་ལྡན་པ་ཞིག་རེད་ཅེས་གསུངས་ཡོད།

དེ་སྔའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་བློ་མཐུན་ཅའོ་ཡུས་ལུའུ་ལ་སློབ་སྦྱོང་བྱས་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་ཞེས་གསུངས།

དེ་སྔའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས། བློ་མཐུན་ཅའོ་ཡུས་ལུའུ་ནི་ཏང་ཡོངས་ཀྱི་བློ་མཐུན་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀུན་གྱིས་ཁས་ལེན་པའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བཟང་པོ་དང་། མི་དམངས་ཀྱི་སྤྱི་ཞབས་པ། རྫོང་ཨུའི་ཧྲུའུ་ཅི་དང་རྒྱ་ཆེའི་ལས་བྱེད་པའི་དཔེ་བཟང་བཅས་རེད། ཁོང་གི་སྐུ་ཚེ་ཧྲིལ་པོར་ཏང་གི་བྱ་གཞག་དང་མི་དམངས་ཀྱི་ཁེ་ཕན་ཆེད་དུ་སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་པ་དང་།  ད་ལྟ་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་གཏོང་རྒྱུ་ནི་སྔར་བཞིན་ང་ཚོའི་རླབས་ཆེན་དུས་རབས་འདིའི་བླང་བྱ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འབོད་སྒྲ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དགོས་མཁོ་རེད་བཅས་གསུངས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས། བློ་མཐུན་ཅའོ་ཡུས་ལུའུ་ནི་རྫོང་ཨུའི་ཧྲུའུ་ཅིའི་མིག་དཔེ་ཡིན་ལ་ཏང་ཡོངས་ཀྱི་མིག་དཔེ་ཡང་རེད། འདས་པ་དང་། ད་ལྟ། མ་འོངས་པ་བཅས་གང་ཞིག་ཡིན་རུང་། ནམ་ཡིན་ཡང་མི་དུང་ཕྱུར་མང་པོའི་སེམས་ནང་གི་བསུབ་ཐབས་མེད་པའི་མཛད་རྗེས་རྡོ་རིང་ཞིག་དང་། དུས་ནམ་ཡང་ང་ཚོའི་དཀའ་སྤྱད་འབད་བརྩོན་དང་དམངས་དོན་དུ་སྲིད་སྐྱོང་བའི་བསམ་བློའི་སྒུལ་ཤུགས་ཆེན་པོ་ཞིག དུས་ནམ་ཡང་ང་ཚོར་སྐུལ་མ་གཏོང་བའི་བདེན་འཚོལ་དངོས་གཉེར་དང་གསར་གཏོད་ཡར་བརྩོན་གྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་བཅས་ཡིན་ཞེས་གསུངས། 

ཁའེ་ཧྥེང་གྲོང་ཨུའི་ཧྲུའུ་ཅི་ཅི་པིང་ཝུའེ་ཡིས་བློ་མཐུན་ཅའོ་ཡུས་ལུའུ་མིག་དཔེར་བྱས་ཏེ་ཅའོ་ཡུས་ལུའུ་ལྟ་བུའི་རྫོང་ཨུའི་ཧྲུའུ་ཅི་བྱེད་དགོས་ཞེས་གསུངས།  

5 དྲན་གསོའི་བྱེད་སྒོ།

སྤྱི་ལོ1964ལོའི་ཟླ11པར། ཀྲུང་གུང་ཧོ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པར་བློ་མཐུན་ཅའོ་ཡུས་ལུའུ་ཡིས་ལྷག་བསམ་རྣམ་དག་གིས་ཏང་དང་མི་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི་གསར་བརྗེའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས།

སྤྱི་ལོ1966ལོའི་ཟླ2པའི་ཚེས7ཉིན།《མི་དམངས་ཉིན་རེའི་ཚགས་པར》གྱིས་བརྡ་འཕྲིན་རིང་པོ་སྤེལ་ནས《རྫོང་ཨུའི་ཧྲུའུ་ཅིའི་མིག་དཔེ་ཅའོ་ཡུས་ལུའུ》ཞེས་པ་སྤེལ་ཏེ། ཅའོ་ཡུས་ལུའུ་ཡི་མི་སེམས་འགུལ་བའི་བྱས་རྗེས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་དང་། དུས་མཚུངས་སུ《བློ་མཐུན་མའོ་ཙེ་ཏུང་གི་སློབ་མ་བཟང་པོ་སྟེ་བློ་མཐུན་ཅའོ་ཡུས་ལུའུ་ལ་སློབ་སྦྱོང་བྱེད་པ》ཞེས་པའི་ཆེད་བརྗོད་ཀྱང་བཀོད་པ་རེད།

སྤྱི་ལོ1966ལོའི་ཟླ2པའི་ཚེས9ཉིན། ཏུང་པི་ཝུའུ་ཡིས་སྙན་ངག་རིང་གྲས《བློ་མཐུན་ཅའོ་ཡུས་ལུའུ་ལ་སློབ་སྦྱོང་བྱ་དགོས》ཞེས་པ་བརྩམས་ནས་བློ་མཐུན་ཅའོ་ཡུས་ལུའུ་ཡི་གསར་བརྗེའི་སྙིང་སྟོབས་ལ་བསྟོད་བསྔགས་བྱས།

སྤྱི་ལོ1966ལོའི་ཟླ3པའི་ཚེས15ཉིན། ཀུའོ་མོ་རུའོ་ཡིས《བློ་མཐུན་ཅའོ་ཡུས་ལུའུ་ལ་བསྟོད་པ》ཞེས་པ་བྲིས་ནས་ཅའོ་ཡུས་ལུའུ་ལ་དྲན་གསོ་བྱས།

སྤྱི་ལོ1966ལོའི་ཟླ9པའི་ཚེས15ཉིན། མའོ་ཙེ་ཏུང་གིས་ཅའོ་ཡུས་ལུའུ་ཡི་བུ་མོ་གསུམ་པ་ཅའོ་ཧྲོའུ་ཡུན་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ལྷན་དུ་དྲན་རྟེན་སྐུ་པར་བཏབ། ལོ་དེའི་ཟླ10བའི་ཚེས1ཉིན། མའོ་ཀྲུའུ་ཞིས་ཡང་བསྐྱར་ཅའོ་ཡུས་ལུའུ་ཡི་བུ་རྒན་པ་ཅའོ་གོ་ཆིང་ལ་མཇལ་འཕྲད་གནང་། ཀྲོའུ་ཨེན་ལའེ་ཡིས་ཀྱང་ཅའོ་ཡུས་ལུའུ་ཡི་བུ་མོ་ཆེ་བ་ཅའོ་ཧྲོའུ་ཧྥེང་ལ་མཇལ་འཕྲད་གནང་བ་རེད།

སྤྱི་ལོ1990ལོའི་ཟླ5བའི་ཚེས10ཉིན《མི་དམངས་ཉིན་རེའི་ཚགས་པར》ཐོག《འགོ་ཁྲིད་ལས་བྱེད་པས་ཅའོ་ཡུས་ལུའུ་ལ་སློབ་སྦྱོང་བྱ་དགོས》ཞེས་པའི་ཆེད་བརྗོད་སྤེལ་ནས་ཀྲུང་གོའི་ས་གཞི་ཆེན་མོར་ཅའོ་ཡུས་ལུའུ་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་སླར་ཡང་འཕྱུར་ཡོད། བློ་མཐུན་ཅའོ་ཡུས་ལུའུ་ནི་རིམ་པ་ཁག་གི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་བྱེད་པའི་མིག་དཔེ་རེད།

སྤྱི་ལོ1990ལོའི་ཟླ6པའི་ཚེས15ཉིན། ཏེང་ཞའོ་ཕིང་གིས་ཧྭ་ཞ་དཔེ་སྐྲུན་ཁང་གི་དངོས་བྲིས་རྩོམ་རིག《ཅའོ་ཡུས་ལུའུ》ཞེས་པར་མིང་བྲིས།

སྤྱི་ལོ1994ལོའི་ཟླ5པ་དང་སྤྱི་ལོ2003ལོའི་ཟླ12པར། ཧུའུ་ཅིན་ཐའོ་ཡིས་སྔ་རྗེས་སུ་ལན་ཁའོ་ལ་གཟིགས་ཞིབ་ཐེངས་གཉིས་གནང་བ་མ་ཟད།“བློ་མཐུན་ཅའོ་ཡུས་ལུའུ་ཡི་དྲན་གསོ་ཁང”བསྐྲུན་ནས་ཅའོ་ཡུས་ལུའུ་ཡི་ཟངས་སྐུའི་ཡོལ་བ་ཕྱེ་བ་རེད།

སྤྱི་ལོ1990ལོར་ཞིས་ཅིན་ཕིང་གིས་ཕུའུ་ཀྲོའུ་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས་སྐབས་ཟླ7པའི་ཚེས16ཉིན་གྱི《ཕུའུ་ཀྲོའུ་དགོང་དྲོའི་ཚགས་པར》ཐོག་བཀོད་པའི་ཚིག་ནི《ཅའོ་ཡུས་ལུའུ་རྗེས་དྲན་བྱེད་པ》ཞེས་པ་དེ་རེད།  

སྤྱི་ལོ2009ལོའི་ཟླ4བའི་ཚེས1ཉིན་ཞིས་ཅིན་ཕིང་ཆེད་མངགས་ཅའོ་ཡུས་ལུའུ་ཡི་དྲན་གསོ་ཁང་དུ་ཕེབས་ནས་ཅའོ་ཡུས་ལུའུ་ཡི་བང་སོར་མེ་ཏོག་སི་ར་ཕུལ་བ་རེད།

སྤྱི་ལོ2018ལོའི་ཟླ9པའི་ཚེས1ཉིན་ཀྲུང་གོ་མཛེས་རྩལ་ཁང་གི་ཀོན་ཀྲང་ཝུའུ་ཝུའེ་ཧྲན་གྱི་འཇིམ་བརྐོས《ཅའོ་ཡུས་ལུའུ》ཞེས་པ་དེ་ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་གི་བློ་མཐུན་ཅའོ་ཡུས་ལུའུ་ཡི་དྲན་གསོ་ཁང་དུ་སྒོ་ཕྱེ།

སྤྱི་ལོ2019ལོའི་ཟླ5པའི་ཚེས14ཉིན་ཧོ་ནན་ཞིང་ཆེན་ཨུ་ལྷན་གྱིས་བློ་མཐུན་ཅའོ་ཡུས་ལུའུ་སྐུ་གཤེགས་ནས་ལོ55འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཆེད་མངགས་འཚོགས་ཏེ་བློ་མཐུན་ཅའོ་ཡུས་ལུའུ་ལ་རྗེས་དྲན་ཟབ་མོ་ཞུས་པ་དང་། འབྲེལ་ཁོང་གི་མི་སེམས་འགུལ་བའི་བྱས་རྗེས་ལ་རྗེས་དྲན་ཞུས་ནས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་སློབ་སྦྱོང་གཏིང་ཟབ་བྱས།  

6 གཟི་བརྗིད་མཚན་སྙན།

སྤྱི་ལོ1966ལོའི་ཟླ2པའི་ཚེས1ཉིན། ཧོ་ནན་ཞིང་ཆེན་སྲིད་གཞུང་གིས་ཅའོ་ཡུས་ལུའུ་གསར་བརྗེ་སྔོན་གཤེགས་དཔའ་བོ་ཡིན་པ་ཁས་བླངས།

སྤྱི་ལོ2009ལོའི་ཟླ9བའི་ཚེས14ཉིན་ཁོང་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་སེམས་འགུལ་ཆེན་པོ་ཐེབས་པའི་ཀྲུང་གོའི་མི་སྣ100ཡི་གྲས་སུ་བདམས་པ་རེད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-29

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།