ཧྲང་ཀན་ལིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲང་ཀན་ལིན།
《ཧྲང་ཀན་ལིན》ནི་ཁྲང་ཁྲུན་གློག་བརྙན་བཟོ་གྲྭ་ནས་བཏོན་པའི་དམག་འཁྲུག་གཏམ་རྒྱུད་ཀྱི་གློག་བརྙན་ཞིག་རེད། ཧྲ་མེང་དང་ལིན་ཧྲན་གྱིས་འཁྲབ་ཁྲིད་བྱས་པ་དང་། ཀའོ་པའོ་ཁྲེང་དང་། ཞུས་ལིན་ཀེ ལིའུ་ཡུས་རུའུ་སོགས་ཀྱིས་གཙོ་འཁྲབ་བྱས་པ་རེད། སྤྱི་ལོ1956ལོའི་ཟླ12པའི་ཚེས1ཉིན་བསྟན་ཡོད། གློག་བརྙན་ནི་རྩོམ་རིག་འཁྲབ་གཞུང《ཉིན་ཉེར་བཞི》ཞེས་པ་ནས་བཅོས་སྒྲིག་བྱས་པ་ཞིག་རེད། ཧྲང་ཀན་ལིན་གཡུལ་འགྱེད་ཁྲོད་དང་བླངས་དམག་གི་བརྒྱ་ཤོག་བརྒྱད་པས་བརྒྱ་དཔོན་ཀྲང་ཀྲུང་ཧྥ་ཡི་སྣེ་ཁྲིད་འོག གཡུལ་ས་བརྟན་སྲུང་གིས་དགྲ་བོ་དང་དམར་འཛིང་བྱས་ནས་མཐར་རྒྱལ་ཁ་ཐོབ་པའི་གཏམ་རྒྱུད་བརྗོད་ཡོད། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ནས་ལོ་ངོ70འཁོར་བར་དྲན་གསོ་ཞུ་བའི་སྐབས་འདིར་ཀྲུང་གོའི་གློག་བརྙན་དཔྱད་ཡིག་ཁང་གིས་གློག་བརྙན་དེ4Kཡིས་ཉམས་གསོ་གང་ལེགས་བྱས་ནས་གློག་བརྙན་དེ་སླར་ཡང་བསྟན་ཡོད། 4Kཡིས་ཞིག་གསོ་བྱས་ཚར་བའི་གློག་བརྙན《ཧྲང་ཀན་ལིན》ནི་མིག་སྔར་ལྟ་མཁན་གྱིས་མཐོང་ཐུབ་པའི་ཆེས་གསལ་བའི་པར་གཞི་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
上甘岭
ཀུང་སི།
ཁྲང་ཁྲུན་གློག་བརྙན་བཟོ་གྲྭ།
གློག་བརྙན་འཁྲབ་ཡུལ།
ཀྲུང་གོའི་སྐམ་ས་ཆེན་པོ།
འཁྲབ་ཁྲིད་པ།
ཧྲ་མེང་དང་ལིན་ཧྲན།
འཁྲབ་གཞུང་།
ལིན་ཧྲན། ཧྲ་མེན། ཚའོ་ཞིན། ཞའོ་ཡུས།
གཙོ་འཁྲབ་པ།
ཀའོ་པའོ་ཁྲེང་། ཞུས་ལིན་ཀེ། ལིའུ་ཡུས་རུའུ།
རིང་ཚད།
སྐར་མ124
སྟོན་དུས།
སྤྱི་ལོ1956ལོའི་ཟླ12པའི་ཚེས1ཉིན།
སྐད་རིགས།
རྒྱ་སྐད།
ཚོན་མདངས།
དཀར་ནག
1 ནང་དོན་མདོར་བསྡུས།

སྤྱི་ལོ1952ལོའི་སྟོན་ཁར། ཨ་མེ་རི་ཁའི་དམག་གིས་ཁྲའོ་ཞན་དབུས་རྒྱུད་ཀྱི་གསུམ་བརྒྱད་ཐིག་མཚམས་ཀྱི་ཉེ་འགྲམ་དུ་གཞི་རྒྱ་ཆེ་བའི་ཕར་རྒོལ་བྱས་ཏེ། ཧྲང་ཀན་ལིན་གྱི་རི་རྩེ་མཐོ་ཤོས་ལྔ་པའི་གཡུལ་ས་ལེན་པའི་རེ་ངན་བཅངས་ནས། ཧྲང་ཀན་ལིན་གཡུལ་འགྱེད་བྱུང་། བརྒྱ་ཤོག་བརྒྱད་པའི་བརྒྱ་དཔོན་ཀྲང་ཀྲུང་ཧྥ་ཡིས་བཀའ་ལྟར་གཡུལ་སའི་བརྟན་སྲུང་གི་ལས་འགན་ཁུར་ཅིང་། ཧྲི་བཀོད་འདོམས་སུའོ་ཡིས་ཁོ་ཚོར་ཆུ་ཚོད24ཡི་རིང་ལ་རྒྱབ་ཕྱོགས་སུ་རོགས་སྐྱོར་བྱེད་པར་སྒུག་དགོས་པའི་བླང་བྱ་བཏོན། འོན་ཀྱང་སྔ་དྲོར་དགྲ་བོས་ཚུར་རྒོལ་ཐེངས23བྱས་པས་རང་དམག་ཤི་རྨས་ཚབས་ཆེན་བྱུང་བ་རེད། དགྲ་བོས་མུ་མཐུད་དུ་དམག་མི་ཁ་སྣོན་བྱས་པས། ཧྲི་བཀོད་འདོམས་སུའོ་ཡིས་ཀྲང་ཀྲུང་ཧྥ་གནས་སྐབས་སུ་དོང་ལམ་དུ་ཕྱིར་འཐེན་དགོས་པའི་བཀའ་ཕབ། ཉིན་གཉིས་པར་དགྲ་བོས་ཚུར་རྒོལ་བྱས། དགྲ་བོ་འབོར་ཆེན་ཕྱིར་འཐེན་བྱས། ཧྲི་བཀོད་འདོམས་སུའོ་ཡིས་ཀྲང་ཀྲུང་ཧྥ་ལ་དགྲ་དམག་བཀག་ནས། རྒྱབ་ཕྱོགས་སུ་དམག་ཤུགས་བཀོད་སྒྲིག་དང་རྫས་མདེལ་ཁ་སྣོན་བྱེད་དུ་འཇུག་དགོས་པའི་རེ་བ་བཏོན། འཐབ་འཛིང་པ་ཉིན་རེ་བཞིན་ཤི་རྨས་ཡོང་གི་ཡོད་ཅིང་། ཁོ་ཚོས་མགོ་ཐོག་གི་དགྲ་བོ་དང་འཐབ་འཛིང་བྱེད་དགོས་པར་མ་ཟད། ད་དུང་འཚོ་གནས་ཀྱི་ཆེད་དུ་འཐབ་རྩོད་བྱེད་དགོས། དོང་ལམ་དང་རྒྱབ་ཕྱོགས་བར་གྱི་འབྲེལ་བ་དགྲ་བོས་བཅད་པ་དང་། དོང་ལམ་ནང་དུ་ཆུ་ཤིན་ཏུ་དཀོན་པ་རེད། དམག་མི་རྣམས་ཀྱིས་ཕན་ཚུན་ལ་སྐུལ་མ་དང་། ཕན་ཚུན་ལ་སེམས་ཁུར། ཞུམ་མེད་ཀྱིས་འཐབ་འཛིང་རྒྱུན་འཁྱོངས་བྱས། ཁྲའོ་ཞན་མི་དམངས་ཀྱི་རོགས་སྐྱོར་དང་ཁྲའོ་ཞན་མི་དམངས་དམག་གི་གཞོགས་འདེགས་འོག ཁོ་ཚོས་ཉིན24ལ་དཔའ་ངར་གྱིས་འཐབ་འཛིང་བྱས་ཏེ། རང་དམག་ལ་ཕར་རྒོལ་ཆེན་མོའི་གྲ་སྒྲིག་ལེགས་པོ་བྱེད་དུ་བཅུག་ཅིང་། མཇུག་མཐར་དགྲ་བོ་ཚར་གཅོད་བྱས། ཧྲང་ཀན་ལིན་གཡུལ་འགྱེད་ཀྱིས་ཁྲའོ་ཞན་དམག་འཁྲུག་གི་གནས་བབ་ལ་འགྱུར་ལྡོག་བཏང་། 

2 གློག་བརྙན་གདེང་འཇོག

གློག་བརྙན་དེ་ནི་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་མཚོན་པའི་གློག་བརྙན་དང་པོ་དེ་ཡིན་ཞིང་། དེ་ནི་སྐད་གྲགས་ཆེ་བའི་ཧྲང་ཀན་ལིན་གཡུལ་འགྱེད་ནང་གི་བརྗོད་བྱ་གཙོ་བོ་ཞིག་རེད། གཡུལ་འགྱེད་ཀྱི་འཕེལ་རིམ་དང་འཐབ་འཛིང་གི་གཏམ་རྒྱུད་ལ་ཞིབ་མོའི་བློ་ཡིས་མཚོན་པར་བྱས་ཏེ། སྤོབས་པས་རི་ཀླུང་སྒུལ་ཐུབ་པའི་གཡུལ་འགྱེད་དེ་རེ་རེ་བཞིན་གསལ་སྟོན་བྱས་པ་རེད། དཔའ་ངར་ཆེ་ཞིང་དམག་ལ་མཁས་པ་དང་རང་སྲོག་བློས་གཏོང་བར་མི་སྐྲག་པའི་དང་བླངས་དམག་གི་དཔའ་བོའི་སྐུ་བརྙན་བཞེངས་ཡོད། གློག་བརྙན་དེའི་ནང་མང་ཆེ་བ་རང་གཤིས་ཁྱད་ཆོས་ཀྱིས་ཕྱུག་པའི་འགུལ་སྟངས་དང་སྐད་ཆའི་ཐོག་ནས་མི་སྣ་མཚོན་པར་བྱེད་ཀྱི་ཡོད། དཔེར་ན་བརྒྱ་དཔོན་ཀྲང་ལགས་ལ་དཔའ་བོའི་བློ་སྟོབས་ཡོད་ལ་མི་དཀྱུས་མ་རྣམས་ཀྱི་དགའ་སྐྱོ་ཆགས་སྡང་ཡང་ཡོད་པས་དེ་ནི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པའི་གཞི་རིམ་གྱི་བཀོད་འདོམས་པ་ཞིག་གི་གཟུགས་བརྙན་རེད། ཁོར་ཡུག་གི་རྣམ་པ་དང་དངོས་པོ་ཞིབ་ཆའི་གསར་གཏོད་རང་བཞིན་གྱི་བཀོལ་སྤྱོད་བྱས་པ་ལས་གློག་བརྙན་གྱི་དངོས་ཡོད་རང་བཞིན་དང་གསོན་ཉམས་རང་བཞིན་ཆེ་རུ་ཕྱིན་ཡོད།(ཞིན་ཧྭ་དྲ་བའི་དཔྱད་བརྗོད)

གློག་བརྙན《ཧྲང་ཀན་ལིན》ཞེས་པའི་རྩོམ་པ་པོས་ཐེངས་འདིའི་གཡུལ་འགྱེད་ལ་ཕྱོགས་བསྡོམས་ཚད་མཐོན་པོ་བྱས་པ་དང་། དང་བླངས་དམག་གི་བརྒྱ་ཤོག་བརྒྱད་པས་གཡུལ་ས་བླངས་པ་དང་། འགོག་སྲུང་དམག་འཐབ་ནས་དོང་ལམ་དང་མཇུག་ཏུ་ཕར་རྒོལ་བྱེད་པར་བསྒྱུར་ནས། གཡུལ་ས་ཚུར་ལེན་པའི་ཉིན43རིང་གི་འཐབ་འཛིང་གི་ལོ་རྒྱུས་ཡང་བསྐྱར་མངོན་པར་བྱས་ཤིང་། དང་བླངས་དམག་གི་འཐབ་འཛིང་པས་བླ་ན་མེད་པའི་བསམ་བློའི་གོ་རྟོགས་བརྩོན་ལེན་བྱེད་ཆེད། སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་སྤྲོ་སེམས་འཁོལ་བའི་ངང་བསྔགས་བརྗོད་བྱས་ཡོད།(ཝང་དབྱི་རོལ་རྩེད་དཔྱད་བརྗོད)

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཧྲང་ཀན་ལིན། གློག་བརྙན། དམར་དམག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-29

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།