བོད་ཡུལ་འཕྲུལ་བློན་མཛངས་མི་བདུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

《མཁས་པའི་དགའ་སྟོན》ལས་བྱུང་བའི་བོད་ཡུལ་འཕྲུལ་བློན་མཛངས་མི་བདུན་རྒྱས་བར་བསྟན་ཡོད།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མཁས་པའི་དགའ་སྟོན》དེབ་སྟོད་ཆ་ཤ164.1ལས་བཏུས།
རིགས་དབྱེ།
ལོ་རྒྱུས།
1 ཤེས་བྱའི་རྣམ་གྲངས། 

1.བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱིས༎ ཐོག་མར་གྱུར་པ་རུ་ལས་སྐྱེས་འདི་ཡིན༎ མཛངས་པའི་ལས་སུ་ཤིང་བསྲེག་སོལ་བ་བྱུང་༎ དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང་༎ ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས༎ ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས༎ རྨོན་པ་དོར་བསྡེབས་སྤང་ཐང་ཞིང་ངུ་རྨོས༎ བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས༎ རྨོས་པའི་ལོ་ཏོག་ཐོག་མར་འདི་ནས་བྱུང་༎ ཞེས་སོ༎

2.ལེགས་དྲུག་ཐོག་མ་ཨི་ཤོ་ལེགས་ཞེས་བྱ༎ དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས༎ ཁུ་ཁུ་རུ་ལས་སྐྱེས་ཀྱིས་བྱས༎ འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན༎ མཛངས་པའི་ལས་སུ་ཞིང་ལ་དོར་ཁ་རྩིས༎ འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས༎ མདའ་རུ་ཆུ་མ་རྨོ་བ་འདི་ནས་དར༎ ཞེས་སོ༎

3.འདི་དུས(སྟག་རི་གཉན་གཟིགས)ཁྲོ་ངོར་སྣང་བཙུན་མོང་གི་བུས༎ བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ༎ དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས༎ དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད༎ དེ་ཕྱིར་མཛངས་མི་བདུན་གྱི་གསུམ་པར་གྲགས༎ ཞེས་སོ༎

4.ཐོག་མིས་བོད་ཡིག་ཐོག་མར་མཛད་པའི་ཕྱིར༎ བོད་ཕྲུག་མཛངས་མི་བདུན་གྱི་བཞི་པར་གྲགས༎ ཞེས་སོ༎

5.གཞན་ཡང་ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུས༎ མཛངས་པའི་ལས་སུ་རི་ཁྱིམ་ཀླུང་དུ་ཕབ༎ སྤོ་མཐོས་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས༎ འདི་ཡན་བོད་ཀྱི་ཁང་ཁྱིམ་རི་ལ་ཡོད༎ དེ་ཕྱིར་མཛངས་མི་བདུན་གྱི་ལྔ་པ་ཡིན༎ ཞེས་སོ༎

6.བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་བློན་ཆེན་མགོས་རྒན་གྱི་སྲས་མགོས་ཁྲི་བཟང་ཡབ་ལྷག་གིས་སྔར་ཞལ་ལྕེ་དང་གསོས་ཐང་སྟོང་ཐང་ཁྲིགས་སུ་བཅད་པ་ལ་ཁྲིགས་སུ་བཅད་ནས་བྱང་བུ་ཆ་དགུར་བཅོས་ཏེ། བློ་ཡུས་བྱང་བུ་ལྔ་ནི།

(1)མི་སྟོང་སོགས་ཀྱི་ཞལ་ལྕེའི་དུས་ཤགས་ཀྱི་མགོ་རྒྱངས་ལ་ཡིག་ཚངས་སྟོང་ཐང་བདེན་ཡུས་དང་བཅས་བྲིས་ཏེ་བླའི་གྲྭར་སྲིངས་པ་ལ་བྱང་ཟས་ཟེར༎

(2)དེའི་ལན་གྱི་བྱང་བུ་ལ་སྦྲུལ་མགོ།

(3)ཡང་ལན་སྨིག་ནག་ཟེར་ཏེ་དེ་གསུམ་གསོས་དང་སྟོང་གི་བྱང་བུའོ༎

(4)གཉེན་བྱེ་བྲལ་གྱི་ཞལ་ལྕེའི་དུས་གཉེན་སྡེབས་དང་དགྲ་སྡེབས་ཇི་ལྟར་བྱུང་བའི་མགོ་རྒྱངས་དང་བཅས་ཐོག་མར་བསྲིངས་པ་ལ་ཐེན་བྱང་ཟེར།

(5)མྱོན་ཐོལ་དཀར་མིའི་ཞལ་ལྕེ་བསྲིངས་པ་ལ་བྱང་བུ་མཆུ་སྨྱུང་ཟེར་ཏེ་སྤྱིར་བྱང་བུ་བློ་ཡུས་ཀྱི་བྱང་བུ་ལྔའོ༎

ཞལ་ལྕེའི་བྱང་བུ་གསུམ་ནི།

(1)བློ་ཡུས་ཀྱི་ཤགས་དང་སྦྱར་ནས་དྲང་པོར་གཅོད་པ་ལ་ཟང་ཡག་ཟེར།

(2)ཡོན་པོར་གཅོད་པ་ལ་རྐེད་ཁྲ་ཟེར།

(3)བདེན་རྫུན་གྱི་ཁ་དམར་འདོགས་པ་ལ་བྱང་བུ་ཁ་དམར་ཟེར་ཏེ་ཞལ་ལྕེའི་བྱང་བུ་གསུམ་མོ༎

ཉེས་པའི་སྐྱོན་ཐམས་ཅད་བཟང་པོའི་རྒྱས་བཏབ་ནས་བྱང་བར་བྱེད་པ་ལ་རྒྱ་བྱང་ཟེར་ཏེ་སྤྱིར་རྒྱུག་པའི་བྱང་བུ་དང་དགུའོ༎

དེ་ཡང་དགུང་བློན་ཆེན་པོ་ནི་འགྲན་གྱི་ཟླ་མེད་དེ་བསད་ན་སྟོང་ཐང་ཁྲི་ཆིག་སྟོང་། དགུང་བློན་འབྲིང་པོ་དང་ནང་བློན་ཆེན་པོ་གཉིས་མཉམ་སྟེ་སྟོང་ཐང་ཁྲི། དགུང་བློན་ཆུང་ངུ་དང་ནང་བློན་འབྲིང་པོ་བཀའ་ཡོ་གལ་འཆོས་པ་འབྲིང་མཉམ་སྟེ་དགུ་སྟོང་། ནང་བློན་ཐ་ཆུང་དང་བཀའ་ཡོ་གལ་འཆོས་པ་འབྲིང་མཉམ་སྟེ་བརྒྱད་སྟོང་། བཀའ་བློན་ཆུང་ངུ་ལ་བདུན་སྟོང་། དེ་བཞིན་དུ་འབངས་ཡང་ཐའི་བར་དུ་རིམ་པས་བཅད་དེ་ཁྲིམས་ཡག་ཏུ་བཀོད་པས་བློན་པོ་ཕྱི་མ་རྣམས་ལ་ཤིན་ཏུ་དྲིན་ཆེ་བས་བོད་ཕྲུག་མཛངས་པའི་མི་བདུན་གྱི་དྲུག་པར་འདྲེན་ནོ༎

7.གཉེར་སྟག་བཙན་གདོང་གཟིགས་ཀྱིས་ཀྱང་འབངས་མི་ཁྱིམ་རེ་ལ་རྟ་རེ་མཛོ་རེ་བ་རེ་ལ་སོགས་པ་བསྲེལ་བར་བཅས། དབྱར་གྱི་རྩྭ་སྔོན་དགུན་དུ་སྐེམ་པ་སོགས་བྱས་པས་མཛངས་པའི་མི་བདུན་པར་གྲགས་པའོ༎



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-19

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།