ཀ་ལ་སོགས་པ་བོད་ཡིག་གི་ཐིག་རྩ་སུམ་ཅུ་རྩ་བདུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སྐབས་བཅུ་གཉིས་པ་བཟོ་རིག་པའི་སྐོར་ལས་བྱུང་བའི་ཀ་ལ་སོགས་པ་བོད་ཡིག་གི་ཐིག་རྩ་སུམ་ཅུ་རྩ་བདུན་རྒྱས་བར་བསྟན་ཡོད།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་རྒྱུད་མཛོད་ཛ་པ》ཤ494.17ལས་བཏུས།
རིགས་དབྱེ།
བཟོ་རིག་པ།
1 རྣམ་གྲངས་འདྲེན་པ།

མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སྐབས་བཅུ་གཉིས་པ་བཟོ་རིག་པའི་སྐོར་ལས་བྱུང་བ་སྐ་བ་དཔལ་བརྩེགས་ཀྱི་ལུགས། ཁྱུང་པོ་གཡུ་ཁྲིས་ཐིག་རིས་སུ་བཏབ། མཁས་པ་རོང་པོས་ལྷན་ཐབས་ཀྱིས་དག་སྦྱོར་བྱས་པ་ལྟར་གྱི་ཐིག་རིས་ཏེ།

1.ཀ་ནི་མགོ་རིང་ཡིན་པ་ལས༎ དེ་ཡི་ཕྱེད་ཚད་མཆེ་བ་གཉིས༎ རྐང་པ་མགོ་ཡི་ཕྱེད་དང་གཉིས༎ བར་གཉིས་མཉམ་ཞིང་དབུས་དཀར་རྣོ༎

2.ཁ་ནི་ལེབ་འཇོག་ག་མཉམ་ལས༎ ལག་པ་ཀ་རྐང་གསུམ་གཉིས་སྙེག། དཔུང་པ་དཀྱིལ་དུ་ཕྱུང་བ་ལས༎ ཁོག་པའི་ཟགས་མཆུ་མིག་དང་མཉམ༎

3.ག་ནི་དུམ་བུ་བདུན་པ་སྟེ༎ ཞེང་ནི་གོང་མ་གཉིས་དང་མཉམ༎ དཔུང་པ་དཀྱིལ་ནི་སུམ་ཆར་དབྱུང་༎ མགོ་ཟུར་མཉམ་ཞིང་དཀྱིལ་བ་ཀྱལ༎

4.ང་མགོ་གོང་ལས་ཚེག་གང་ཐུང་༎ གསུམ་པོ་མཉམ་ཞིང་སྐེད་པ་དྲང་༎ མགོ་རྒྱས་དཔུང་ཐུང་ཐོན་པར་བྱ༎ ཟགས་མཆུའི་སྣ་ནི་ཟག་ཟུར་གཏད༎

5.ཅ་ནི་དུམ་བུ་ལྔ་པ་སྟེ༎ ཆ་གསུམ་དྲང་ལ་ཆ་གཉིས་སྒུར༎ ཕྱི་རུ་གྱད་ལ་ནང་དུ་ཟད༎ ཐིག་བཞི་གྲུ་གསུམ་ཟླ་ཚེས་ཚང་༎

6.ཆ་ནི་གྲུ་བཞི་ཟླུམ་པོ་སྟེ༎ ཐིག་ལྔ་བསྣོལ་བའི་ལིང་ཚེ་བཞི༎ མགོ་འོག་དཀར་གཉིས་མིག་དང་མཉམ༎ མགོ་ཟུར་དཔུང་ཐིག་མིག་དཀར་མཉམ།

7.ཇ་ནི་རྐེད་རིང་ཆ་དང་མཉམ༎ སྐེད་པའི་ཟུར་དང་མགོ་ཟུར་མཉམ༎ དཔུང་ཐུང་ཐོན་ཞིང་སྐེད་ལྡེམ་དྲང་༎ ནག་གསུམ་མཉམ་ནང་དཀར་གསུམ་མཉམ༎

8.ཉ་ནི་མགོ་འབྲིང་སྟོད་ཕུག་ཅན༎ ཁ་གང་བླང་ལ་ཆ་གཅིག་དགྱེལ༎ དབུས་ལག་དྲང་ཞིང་དཀར་གཉིས་མཉམ༎ གཞུང་ཐིག་ཚང་ཞིང་ཕྱི་སྒྲོས་མཉམ༎

9.ཏ་སྐེད་ལྡེམ་དྲང་དཔུང་ཐུང་ཐོན༎ རིང་ཐུང་ཟག་མཆུའི་དཀར་དང་མཉམ༎ ཕྱི་སྒྲོས་གཞུང་ཐིག་ཁོང་འདྲེན་ཟླུམ༎ དཔུང་གང་ཕུགས་ཀྱི་གནག་ལམ་དཀྱིལ༎

10.ཐ་ཐིག་ལྔ་བཏབ་ཆ་བཞི་པ༎ ཟུར་བཞི་མ་ཉམས་གཡས་ཕྱོགས་དྲང་༎ ཐིག་ལྔ་གཞོལ་པའི་ལིང་ཚེ་བཞི༎ ཐ་སྨད་ཟུར་གསུམ་སྟོད་ཁྲོ་མིག། གཞུང་ཐིག་རྐེད་ལྡེམ་ཉ་མོ་ཁྱུར༎

11.ད་དཔུང་དཀྱིལ་ནས་སུམ་ཆ་ཕྱུང་༎ རིང་ཐུང་མགོ་དང་མཉམ་པ་སྟེ༎ ལག་པ་སུམ་གཉིས་མགོ་ཟུར་མནན༎

12.ན་མགོའི་དཀྱིལ་ནས་སྐེད་པ་དྲང་༎ སྐེད་པའི་ཕྱེད་ཚད་མིག་ཏུ་དྲིལ༎ མགོ་ཟུར་མིག་གི་ནང་དགར་ནོན༎ ལག་པ་ད་དང་འདྲ་བ་ཡིན༎

13.པ་ནི་གོ་ཐུང་དཔུང་པ་ཅན༎ དཀྱིལ་འཛིན་མགོ་ཟུར་དཔུང་ཟུར་མཉམ༎ སྦོ་ཐག་ཐུང་ཞིང་ཆུ་འབབས་དྲང་༎ དཔུང་བའི་ཟུར་དང་དཀར་རྩེ་མཉམ༎

14.ཕ་ནི་མགོ་ཐུང་དཔུང་ཐུང་ཅན༎ སྐེད་པ་དྲང་ཞིང་ནང་ནས་ཟད༎ སྦོ་ནི་མགོ་བའི་སུམ་གཉིས་དྲང་༎ འཕྲེད་ཆོད་མགོ་ཡི་དཀྱིལ་དུ་བཞག།

15.བ་དཔུང་དཀྱིལ་ནས་སུམ་ཆར་དབྱུང་༎ ཕྱི་ཟུར་བཏུལ་ལ་སྐེ་དགུ་རྣོ༎ ཟུར་གསུམ་ཐོན་ལ་ཧ་གཉིས་གྱད༎ ཡར་འཕུལ་ནང་དྲང་ཕྱི་སྒྲོས་རྒྱས༎

16.མ་ནི་མགོ་ཐུང་མི་ཟླུམ་ཅན༎ སྐེད་པ་ཕྱེད་ཚད་མིག་ཏུ་གྲིལ༎ ཟག་མཆུའི་དཀར་སྣང་ཚེག་ཟུར་གཏད༎

20.ཝ་ནི་མགོ་འབྲིང་མཁར་ལོག་ཀྱང་༎ བད་ཆུང་དག་དང་ལྡན་པ་སྟེ༎ སྦོ་ཐུང་ཆུ་འབབས་དྲང་བ་ལ༎ ལྡེམ་ན་བག་གཞོལ་དྲང་ལ་རྒྱས༎

21.ཞ་ནི་ཕུག་དང་སྣག་མཆུ་མཉམ༎ སྟོད་ཕུག་ནང་དཀར་ན་དང་མཉམ༎ སྐེད་པའི་དྲང་འཐེན་ཚེག་གང་སྟེ༎ སྐེད་པ་ཕྱེད་ཚད་མིག་ཏུ་འདྲིལ༎

22.ཟ་ནི་ནག་གསུམ་དཀར་གཉིས་མཉམ༎ རྐེད་པ་དྲང་ཞིང་མཐར་རྒྱས་གཅེས༎ ནག་སྣ་སྦོམ་ཕྲ་རིམ་གྱིས་ཟླུམ༎ འཕྲེད་འདྲེན་འགོ་མ་རྐང་རྣར་སྤྲད༎

23.འ་མགོའི་ཟུར་གསེག་ཁ་ཕྱེད་ཡིན༎ སྟོད་ཕུག་སྒབ་མེད་ཐིག་ཁར་ཟླུམ༎ ཕྱག་ཀྱི་ཕྱེད་ཚད་ཕོ་བ་ཡི༎ ལེ་གུའི་ཟུར་དང་ཚེག་ཟུར་མཉམ༎

24.ཡ་ནི་ཕུག་ཅན་མགོ་ཐུང་ཡིན༎ གསུམ་པོ་མཉམ་ཞིང་དབུས་ལག་དང་༎ ཕུག་གི་དཀར་མཉམ་དབུས་དཀར་མཉམ༎ ལེབ་འཇོག་ལ་དང་མཉམ་པ་ཡིན༎

25.ར་ནི་དུམ་བུ་བཞི་པ་སྟེ༎ བཞི་པོ་མཉམ་ཞིང་རྐེད་པ་དྲང་༎ སུམ་ཆ་ནས་བཟུང་དཀྱིལ་དུ་དབྱུང་༎ དྲང་པོར་འཐེན་ལ་སྔ་ཟུར་འཐེན༎

26.ལ་ནི་ཕུག་ཅན་མགོ་ཐུང་ཡིན༎ ཐིག་ལྔ་བསྣོལ་བའི་གྲུ་བཞི་པ༎ ཕོ་བ་དྲང་ཞིང་འཕྲེད་འདྲེན་མཉམ༎ གཡས་ཕྱོགས་དྲང་ཞིང་ནང་དུ་རྒྱས༎

27.ཤ་ནི་མིག་ཅན་མགོ་ཐུང་ཡིན༎ ལེ་ཀུ་ལ་ཡི་འཕྲེད་འདྲེན་ཡིན༎ ཡར་འཕུལ་དྲང་ཞིང་མིག་ཤ་ཟླུམ༎ རྐང་པ་ཕྱི་ནང་མི་འཁྱོར་དྲང་༎

28.ས་ནི་ཐིག་ལྔ་གྲུ་བཞི་པ༎ དཀར་གཉིས་མཉམ་ཤིང་གྲུ་བཞི་འཇོག །ལེ་གུའི་མཉེན་ནི་བསྣོལ་མཚམས་ཏེ༎ རྒྱབ་ལག་འཆོས་ཞིང་དབུས་དཀར་གཙང་༎

29.ཧ་ནི་མགོ་འབྲིང་སྨད་ཕུག་ཅན༎ དཔུང་པ་ས་འདྲ་ཨེན་ཙམ་མཐོ༎ ལེ་ཀུ་མཉེན་ལ་མགོ་དཀྱིལ་བཞག། སྨད་ཕུག་ཟླུམ་ལ་མགོ་དཀྱིལ་བསྐྱལ༎

30.ཨ་ནི་མགོ་ཐུང་ཐུ་བ་ཅན༎ ཐུ་བའི་གསེགས་སྦྱོར་ཟླུམ་པར་བྱ༎ འཛིན་པོ་དང་ནི་ལྷག་པོ་མཉམ༎ ཐུ་བའི་སྒྲོས་ཀྱང་དཀར་རྩེ་མཉམ༎

31.ཚེག་ནི་མ་འབྱར་གོང་པའི་རྩར༎ ཟུར་གསུམ་བྲ་བོའི་དབྱིབས་སུ་བཞག།

32.ཤད་ནི་རྒྱ་ཁབ་བསླང་བ་འདྲ༎ ནག་ཤད་ཚད་ནི་སྣག་ལམ་ཤད༎ དཀར་ཤད་ཚད་ནི་ཐིག་པར་སྟེ༎ ཆིག་ཤད་རྣམས་ལ་དེ་ཕྱེད་སྤང་༎

33.གི་གུ་ཟླུམ་ཐུང་འགྲིལ་ལ་འཁྱུག། ཕྱེད་དང་གཉིས་ཆོད་མཉེན་ལ་དྲང་༎

34.ན་རོ་གེ་གེས་པད་མའི་མདོངས། གཉིས་ཆོད་འཛུམ་ལ་མཐོ་དམན་མེད༎

35.འགྲེང་བུ་ནས་ཕུར་བབས་ཀྱིས་གཞོལ༎ ཅིག་ཆོད་ཕྱེད་མཐོ་བ་ཡིན༎

36.ཞབས་ཀྱུ་ཟླུམ་འགྲིལ་ཅུ་བག་ཆགས༎ གདན་ཐབས་མདུང་ཚུགས་གདན་ལ་འདྲིལ༎

37.ཡ་རྟ་འཁྱུག་སྙོམས་འདོག་མཚམས་གཙང་༎ འཕྱང་ཡ་བསྐྱིལ་ཡ་འཕྱང་མ་བསྐྱིལ༎ རྐྱང་པའི་ཡ་རྟ་འཕྱང་ཡ་ཡིན༎ གདགས་པའི་ཡ་རྟ་བསྐྱིལ་ཡ་ཡིན༎ འབྱུང་འགྱུར་འདོགས་འབྲེལ་འཕྱང་མ་བསྐྱིལ༎ རྐྱང་པའི་ཞབས་ཀྱུ་མདུང་ཚུགས་ཡིན༎ གདགས་པའི་ཞབས་ཀྱུ་གདན་ཐབས་ཡིན༎ སུམ་འབྲེལ་ཅན་རྣམས་གདན་ལ་འདྲིལ༎(སྐབས་འདིར་ཙ་ཚ་ཛ་གསུམ་གྱི་ཐིག་རྩ་མི་གསལ་བ་ཅ་ཆ་ཇ་གསུམ་དང་ལམ་ཙམ་འདྲ་བར་དགོངས་པ་ཡིན)



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-07

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།