《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》
སྤྱི་ལོ1980ལོའི་ཟླ9བའི་ཚེས10ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ལྔ་བའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》གསར་པར་གྲོས་འཆམ་བྱུང་ཞིང་། སྤྱི་ལོ2001ལོའི་ཟླ4བའི་ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་ཐོག་བཟོ་བཅོས་བྱས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》ཀྱི་ནང་དོན་ཆ་ཚང་ལ་ལེའུ་དྲུག་ཏུ་ཕྱེ་ཡོད་དེ། དེའི་ནང་སྤྱིའི་རྩ་དོན་དང་གཉེན་སྒྲིག ཁྱིམ་ཚང་གི་འབྲེལ་བ། གཉེན་འཐོར། སྐྱོབ་རོགས་བྱེད་ཐབས་དང་བཅའ་ཁྲིམས་ཀྱི་འགན་འཁྲི། ཞར་བཀོད་དོན་ཚན་བཅས་ཁྱོན་བསྡོམས་དོན་ཚན51ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国婚姻法
བསྐྱར་བཅོས་དུས་ཚོད།
སྤྱི་ལོ2001ལོའི་ཟླ4བའི་ཚེས28ཉིན།
མཆན་འགོད་དུས་ཚོད།
སྤྱི་ལོ1980ལོའི་ཟླ9བའི་ཚེས10ཉིན།
སྤེལ་མཁན།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།
དོར་བའི་དུས་ཚོད།
སྤྱི་ལོ2021ལོའི་ཟླ1པོའི་ཚེས1ཉིན།
1 བཅའ་ཁྲིམས་ཀྱི་ནང་དོན། 
1_1 ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། བཅའ་ཁྲིམས་འདི་ནི་གཉེན་སྒྲིག་དང་ཁྱིམ་ཚང་གི་འབྲེལ་བའི་སྐོར་གྱི་གཞི་རྩའི་ཚད་འཛིན་ཡིན།

དོན་ཚན་གཉིས་པ། གཉེན་སྒྲིག་རང་དབང་དང་ཁྱོ་གཅིག་ཤུག་གཅིག ཕོ་མོ་འདྲ་མཉམ་བཅས་ཀྱི་གཉེན་སྒྲིག་ལམ་ལུགས་ལག་ལེན་དུ་བསྟར་རྒྱུ། བུད་མེད་དང་བྱིས་པ། རྒན་རྒོན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ། འཆར་ལྡན་བུ་བཙའ་ལག་བསྟར་བྱེད་པ།

དོན་ཚན་གསུམ་པ། བཙན་ཤེད་ཀྱི་གཉེན་སྒྲིག་དང་ཉོ་ཚོང་གི་གཉེན་སྒྲིག གཉེན་སྒྲིག་རང་མོས་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་གཞན་དག་བཀག་སྡོམ་བྱ་རྒྱུ། གཉེན་སྒྲིག་ལ་ཁ་གཡར་ནས་རྒྱུ་དངོས་ལེན་པའི་རིགས་གཏན་འགོག་བྱ་རྒྱུ། བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་མི་ཆོག བཟའ་ཟླ་ཡོད་བཞིན་དུ་གཞན་དང་འགབ་མཐུན་མཉམ་སྡོད་བྱས་མི་ཆོག ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་མི་ཆོག ཁྱིམ་མིའི་བར་མནར་གཅོད་དང་དོར་བའི་རིགས་བྱས་མི་ཆོག

དོན་ཚན་བཞི་བ། ཁྱོ་ཤུག་ཕན་ཚུན་བར་བློ་དཀར་བ་དང་ཕན་ཚུན་བརྩི་འཇོག་བྱ་དགོས་པ་དང་། ཁྱིམ་མིའི་བར་རྒན་བཀུར་གཞོན་གཅེས་དང་ཕན་ཚུན་རོགས་རམ་བྱས་ཏེ་འདྲ་མཉམ་དང་འཆམ་མཐུན། ཡ་རབས་ཚུལ་ལྡན་བཅས་ཀྱི་གཉེན་སྒྲིག་དང་ཁྱིམ་ཚང་གི་འབྲེལ་བ་སྲུང་སྐྱོང་བྱ་དགོས།

1_2 ལེའུ་གཉིས་པ། གཉེན་སྒྲིག

དོན་ཚན་ལྔ་བ། གཉེན་སྒྲིག་བྱེད་པར་ངེས་པར་དུ་ཕོ་མོ་ཕྱོགས་གཉིས་ཀ་རང་འཐད་ཡིན་དགོས་ལ། སུས་ཀྱང་ཅིག་ཤོས་ལ་བཙན་ཤེད་བྱས་མི་ཆོག་ལ་སྐྱེ་བོ་གཞན་པས་ཐེ་གཏོགས་བྱས་མི་ཆོག

དོན་ཚན་དྲུག་པ། གཉེན་སྒྲིག་ལོ་ཚད་ཐད་སྐྱེས་པ་རང་ལོ་ཉེར་གཉིས་ལ་མ་སོན་པ་དང་བུད་མེད་རང་ལོ་ཉི་ཤུར་མ་སོན་པར་གཉེན་སྒྲིག་བྱས་མི་ཆོག གཉེན་སྒྲིག་ཕྱི་འགྱངས་དང་ཕྲུ་གུ་ཕྱི་བཙའ་བྱེད་པར་རྒྱབ་སྐྱོར་བྱེད།

དོན་ཚན་བདུན་པ། གཤམ་གསལ་གྱི་གནས་ཚུལ་རིགས་ཡོད་ན་གཉེན་སྒྲིག་བྱས་མི་ཆོག་པ་སྟེ། (གཅིག)ཤ་རུས་གཅིག་པའི་གཉེན་ཚན་དང་མི་རབས་གསུམ་ནང་ཚུན་གྱི་རྒྱུད་འབྲེལ་གཉེན་ཚན་ཡིན་པ་དང་། (གཉིས)གསོ་རིག་གི་ཐོག་ནས་གཉེན་སྒྲིག་བྱེད་མི་རུང་བར་འདོད་པའི་ནད་ཕོག་མཁན།

དོན་ཚན་བརྒྱད་པ། གཉེན་སྒྲིག་བྱ་རྒྱུའི་རེ་འདུན་ཡོད་མཁན་སྐྱེས་པ་དང་བུད་མེད་གཉིས་ཀ་ངེས་པར་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་བསྐྱོད་དེ་གཉེན་སྒྲིག་ཐོ་འགོད་བྱེད་དགོས། བཅའ་ཁྲིམས་འདིའི་གཏན་འབེབས་དང་མཐུན་པ་རྣམས་ཐོ་འགོད་བྱས་ནས་གཉེན་སྒྲིག་ལག་ཁྱེར་སྤྲོད་རྒྱུ། གཉེན་སྒྲིག་ལག་ཁྱེར་ཐོབ་རྗེས་ཁྱོ་ཤུག་གི་འབྲེལ་བ་ཚུགས་པ་ཡིན། གཉེན་སྒྲིག་ཐོ་འགོད་འགྲོ་ལུགས་སྒྲུབ་མེད་ན་ཐོ་འགོད་འགྲོ་ལུགས་ཁ་གསབ་བྱ་དགོས།

དོན་ཚན་དགུ་བ། གཉེན་སྒྲིག་ཐོ་འགོད་བྱས་རྗེས་སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀྱིས་ཁ་ཆད་བྱས་པ་ལྟར་བུད་མེད་དེ་སྐྱེས་པའི་ཕྱོགས་ཀྱི་ཁྱིམ་མི་བྱས་ཆོག་ལ། སྐྱེས་པའང་བུད་མེད་ཕྱོགས་ཀྱི་ཁྱིམ་མི་བྱས་ཆོག

དོན་ཚན་བཅུ་བ། གཤམ་གསལ་གནས་ཚུལ་ལས་རིགས་གཅིག་ཡོད་ན་གཉེན་སྒྲིག་རྩིས་མེད་དུ་འགྲོ་བ་སྟེ། (གཅིག)བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པ། (གཉིས།)གཉེན་སྒྲིག་བྱས་མི་ཆོག་པའི་སྤུན་མཆེད་ཀྱི་འབྲེལ་བ་ཡོད་པའི་མི། (གསུམ)གཉེན་སྒྲིག་མ་བྱས་གོང་ལ་གསོ་རིག་གི་ཐོག་ནས་གཉེན་སྒྲིག་བྱེད་མི་རུང་བར་འདོད་པའི་ནད་ཕོག་པ་དང་། གཉེན་སྒྲིག་བྱས་པའི་རྗེས་ལའང་དྲག་སྐྱེད་མ་བྱུང་བའི་རིགས།  (བཞི)ཁྲིམས་བཀོད་ཀྱི་གཉེན་སྒྲིག་ལོ་ཚད་ལ་མ་སླེབས་པའི་རིགས།

དོན་ཚན་བཅུ་གཅིག་པ། བཙན་ཤེད་མ་བཟོད་པར་གཉེན་སྒྲིག་བྱས་པ་ཡིན་ན། བཙན་ཤེད་མྱོང་མཁན་ཕྱོགས་ཀྱིས་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སམ་མི་དམངས་ཁྲིམས་ཁང་ལ་གཉེན་སྒྲིག་དེ་ཉིད་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུས་ཆོག བཙན་ཤེད་མྱོང་མཁན་ཕྱོགས་ནས་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་དེ་གཉེན་སྒྲིག་ཐོ་འགོད་བྱེད་ཉིན་ནས་ལོ་གཅིག་གི་ནང་ཚུན་དུ་འདོན་དགོས། མི་ལུས་རང་དབང་ལ་ཁྲིམས་འགལ་གྱི་ཚོད་འཛིན་ཕོག་མཁན་དོ་བདག་གིས་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་ན། མི་ལུས་ཀྱི་རང་དབང་སླར་གསོ་བྱུང་ཉིན་ནས་ལོ་གཅིག་གི་ནང་ཚུན་དུ་ཞུ་དགོས།

དོན་ཚན་བཅུ་གཉིས་པ། གཉེན་སྒྲིག་རྩིས་མེད་དུ་བཏང་བའམ་ཕྱིར་འཐེན་བྱས་རིགས་ཐོག་མ་ཉིད་ནས་རྩིས་འགྲོ་ཡིན་ལ། དོ་བདག་ལ་ཁྱོ་ཤུག་གི་ཁེ་དབང་དང་འོས་འགན་མེད། མཉམ་སྡོད་བྱེད་རིང་ཐོབ་པའི་རྒྱུ་ནོར་ནི་དོ་བདག་གིས་གྲོས་མོལ་ཐོག་ཐག་གཅོད་དགོས། གྲོས་ཁ་མ་མཐུན་ན་མི་དམངས་ཁྲིམས་ཁང་གིས་བྱས་འཛོལ་མེད་མཁན་ཕྱོགས་ལ་ལྟ་རྟོག་བྱེད་པའི་རྩ་དོན་ལྟར་དཔྱད་མཚམས་གཏོང་རྒྱུ། གཉེན་སྒྲིག་བྱས་བཞིན་དུ་གཉེན་སྒྲིག་བྱས་པའི་དབང་གིས་རྩིས་འགྲོ་བཏང་བའི་གཉེན་སྒྲིག་གི་རྒྱུ་ནོར་ཐག་གཅོད་བྱེད་སྐབས། ཁྲིམས་མཐུན་ལྟར་གཉེན་སྒྲིག་བྱེད་མཁན་དོ་བདག་གི་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག དོ་བདག་གི་ཕྲུ་གུའི་ཐད་བཅའ་ཁྲིམས་འདིའི་ཕ་མ་དང་ཕྲུ་གུའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་སྤྱད་འཐུས།

1_3 ལེའུ་གསུམ་པ། ཁྱིམ་ཚང་གི་འབྲེལ་བ།

དོན་ཚན་བཅུ་གསུམ་པ། ཁྱིམ་ཚང་ནང་ཁྱོ་ཤུག་གི་གོ་གནས་འདྲ་མཉམ་ཡིན།

དོན་ཚན་བཅུ་བཞི་པ། ཁྱོ་ཤུག་གཉིས་ཀར་སོ་སོའི་རུས་མིང་སྤྱོད་དབང་ཡོད།

དོན་ཚན་བཅོ་ལྔ་པ། ཁྱོ་ཤུག་གཉིས་ཀར་ཐོན་སྐྱེད་དང་ལས་ཀ སློབ་སྦྱོང་། སྤྱི་ཚོགས་ཀྱི་བྱེད་སྒོ་བཅས་སུ་ཞུགས་པའི་རང་དབང་ཡོད་པས། ཕྱོགས་གཅིག་གིས་ཅིག་ཤོས་ལ་ཚོད་འཛིན་ནམ་ཐེ་གཏོགས་བྱས་མི་ཆོག

དོན་ཚན་བཅུ་དྲུག་པ། ཁྱོ་ཤུག་གཉིས་ཀར་འཆར་ལྡན་བུ་བཙའ་བྱེད་པའི་འོས་འགན་ཡོད།

དོན་ཚན་བཅུ་བདུན་པ། ཁྱོ་ཤུག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་གཤམ་གསལ་གྱི་རྒྱུ་ནོར་དག་ཁྱོ་ཤུག་གཉིས་ཀར་དབང་བ་སྟེ། (གཅིག)གླ་ཕོགས་དང་བྱ་དགའི་དངུལ། (གཉིས)ཐོན་སྐྱེད་དང་ཁེ་ལས་གཉེར་སྐྱོང་བྱས་པའི་ཡོང་སྒོ། (གསུམ)ཤེས་ཡོན་གྱི་ཐོན་དངོས་བདག་དབང་གི་ཡོང་སྒོ། (བཞི)བཅའ་ཁྲིམས་འདིའི་དོན་ཚན་བཅོ་བརྒྱད་པའི་ནང་གསེས་དོན་ཚན་གསུམ་པའི་གཏན་འབེབས་ཕུད་པའི་ཤུལ་འཛིན་བྱས་པའམ་གཞན་གྱིས་བྱིན་པའི་རྒྱུ་ནོར། (ལྔ)ཐུན་མོང་ལ་དབང་དགོས་པའི་རྒྱུ་ནོར་གཞན་དག ཁྱོ་ཤུག་གཉིས་ཀར་དབང་བའི་རྒྱུ་ནོར་རྣམས་འདྲ་མཉམ་གྱིས་ཐག་གཅོད་བྱེད་དབང་ཡོད།

དོན་ཚན་བཅོ་བརྒྱད་པ། གཤམ་གསལ་གྱི་གནས་ཚུལ་ལས་གང་རུང་ལྡན་ན་ཁྱོ་ཤུག་ཕྱོགས་གཅིག་གི་རྒྱུ་ནོར་ཡིན་པ་སྟེ།(གཅིག)གཉེན་སྒྲིག་མ་བྱས་གོང་གི་ཕྱོགས་གཅིག་གི་རྒྱུ་ནོར། (གཉིས)ཕྱོགས་གཅིག་གི་ལུས་པོར་གནོད་འཚེ་བྱུང་བའི་རྐྱེན་གྱིས་སྨན་བཅོས་གྲོན་དངུལ་དང་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སོགས་ཀྱི་འགྲོ་གྲོན་ཐོབ་པའི་རིགས། (གསུམ)ཁ་ཆེམས་བཞག་པའམ་སྟེར་རྒྱུའི་གན་རྒྱ་བཞག་པའི་ནང་ཁྱོ་ཤུག་གཉིས་ལས་གཅིག་ཁོ་ནར་དབང་བ་གཏན་འཁེལ་བའི་རྒྱུ་ནོར། (བཞི)ཕྱོགས་གཅིག་པུའི་ཆེད་སྤྱོད་འཚོ་བའི་ཉེར་སྤྱད། (ལྔ)ཕྱོགས་གཅིག་པུར་དབང་དགོས་པའི་རྒྱུ་ནོར་གཞན་དག

དོན་ཚན་བཅུ་དགུ་བ། ཁྱོ་ཤུག་གཉིས་པོས་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་རྒྱུ་ནོར་དང་དེ་བཞིན་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར་སོ་སོར་དབང་བ་དང་། ཐུན་མོང་ལ་དབང་བའམ་ཡང་ན་ཆ་ཤས་སོ་སོར་དབང་བ་དང་ཆ་ཤས་ཐུན་མོང་ལ་དབང་བའི་ཁ་ཆད་བཞག་ཆོག ཁ་ཆད་དེ་ཡིག་ཐོག་གི་རྣམ་པའི་འཇོག་སྟངས་སྤྱོད་དགོས། ཁ་ཆད་བཞག་མེད་པའམ་ཁ་ཆད་གསལ་པོ་བཞག་མེད་ན། བཅའ་ཁྲིམས་འདིའི་དོན་ཚན་བཅུ་བདུན་པ་དང་དོན་ཚན་བཅོ་བརྒྱད་པའི་གཏན་འབེབས་སྤྱད་འཐུས། ཁྱོ་ཤུག་གཉིས་པོས་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་རྒྱུ་ནོར་དང་དེ་བཞིན་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར་ཐད་བཞག་པའི་ཁ་དན་དེས་ཕྱོགས་གཉིས་ཀར་ཚོད་འཛིན་བྱེད་པའི་ནུས་པ་ཐོན་ཐུབ། ཁྱོ་ཤུག་གཉིས་ཀས་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་རྒྱུ་ནོར་སོ་སོར་དབང་བའི་ཁ་དན་བཞག་པའི་རིགས་ལས་ཁྱོ་ཤུག་ཕྱོགས་གཅིག་གིས་ཕྱི་རུ་བུ་ལོན་བསགས་པ་དང་། ཁ་དན་བཞག་པ་སྐྱེ་བོ་གསུམ་པས་ཤེས་པ་ཡིན་ན། ཁྱོ་ཤུག་ཕྱོགས་གཅིག་ལ་དབང་བའི་རྒྱུ་ནོར་གྱིས་གཙང་འཇལ་བྱ་རྒྱུ།

དོན་ཚན་ཉི་ཤུ་བ། ཁྱོ་ཤུག་གཉིས་ཀར་ཕན་ཚུན་གསོ་སྐྱོང་བྱ་རྒྱུའི་འོས་འགན་ཡོད། ཕྱོགས་གཅིག་གིས་གསོ་འགན་མ་ཁུར་ན། གསོ་དགོས་པའི་ཕྱོགས་དེར་ཅིག་ཤོས་ཀྱི་ས་ནས་གསོ་རྟེན་ལེན་དབང་ཡོད།

དོན་ཚན་ཉེར་གཅིག་པ། ཕ་མར་རང་གི་ཕྲུ་གུ་གསོ་བ་དང་དེར་སློབ་གསོ་གཏོང་བའི་འོས་འགན་ཡོད། ཕྲུ་གུར་ཕ་མ་གསོ་བ་དང་རོགས་སྐྱོར་བྱེད་པའི་འོས་འགན་ཡོད། ཕ་མས་གསོ་སྐྱོང་གི་འོས་འགན་མ་ཁུར་ན། ན་སོ་དར་ལ་མ་བབས་པའམ་འཚོ་ཐབས་རང་མགོ་མ་ཐོན་པའི་ཕྲུ་གུར་ཕ་མའི་ས་ནས་གསོ་རྟེན་ལེན་དབང་ཡོད། ཕྲུ་གུས་ཞབས་ཏོག་ཞུ་བའི་འོས་འགན་མ་བསྒྲུབས་ན། ངལ་རྩོལ་བྱེད་ནུས་མེད་པའམ་འཚོ་བར་དཀའ་ངལ་ཡོད་པའི་ཕ་མར་ཕྲུ་གུའི་ས་ནས་གསོ་རྟེན་ལེན་དབང་ཡོད། ཕྲུ་གུ་དམར་འབྱར་ཆུར་བསྐྱུར་བའམ་དོར་བ། ཕྲུ་གུ་དམར་འབྱར་གདུག་གསོད་བྱེད་པའི་བྱ་སྤྱོད་གཞན་དག་སྤེལ་བ་གཏན་འགོག་བྱ་རྒྱུ།

དོན་ཚན་ཉེར་གཉིས་བ། བུ་ཕྲུག་ལ་ཕ་ཡི་རུས་མིང་བཏགས་ཆོག་ལ་མ་ཡི་རུས་མིང་བཏགས་ཀྱང་ཆོག

དོན་ཚན་ཉེར་གསུམ་པ། ཕ་མར་ན་སོ་དར་ལ་མ་བབས་པའི་ཕྲུ་གུ་སྲུང་སྐྱོང་བྱ་རྒྱུ་དང་སློབ་གསོ་གཏོང་རྒྱུའི་དབང་ཆ་དང་འོས་འགན་ཡོད། ན་སོ་དར་ལ་མ་བབས་པའི་ཕྲུ་གུས་རྒྱལ་ཁབ་དང་ཐུན་མོང་། སྐྱེ་བོ་གཞན་དག་བཅས་ལ་གནོད་འཚེ་བཏང་ཚེ། ཕ་མར་དམངས་དོན་གྱི་འགན་འཁྲི་འཁུར་རྒྱུའི་འོས་འགན་ཡོད།

དོན་ཚན་ཉེར་བཞི་བ། ཁྱོ་ཤུག་གཉིས་ཀར་ཅིག་ཤོས་ཀྱི་རྒྱུ་ནོར་ཤུལ་འཛིན་བྱེད་དབང་ཡོད། ཕ་མ་དང་ཕྲུ་གུར་ཕན་ཚུན་ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་བྱེད་དབང་ཡོད།

དོན་ཚན་ཉེར་ལྔ་བ། གཉེན་སྒྲིག་མ་བྱས་པར་སྐྱེས་པའི་ཕྲུ་གུར་གཉེན་སྒྲིག་བྱས་ནས་སྐྱེས་པའི་ཕྲུ་གུ་དང་དབང་ཆ་འདྲ་མཉམ་ཡོད་པས་སུས་ཀྱང་དེར་གནོད་འཚེ་དང་མཐོང་ཆུང་བྱས་མི་ཆོག གཉེན་སྒྲིག་མ་བྱས་པར་སྐྱེས་པའི་ཕྲུ་གུ་དངོས་སུ་གསོ་སྐྱོང་མི་བྱེད་པའི་ལུས་སྦྱིན་ཕ་མས་ཕྲུ་གུ་འཚོ་ཐབས་རང་མགོ་རང་ཐོན་མ་བྱུང་བར་དུ་འཚོ་རྟེན་དང་སློབ་ཡོན་སྤྲོད་འགན་འཁུར་དགོས།

དོན་ཚན་ཉེར་དྲུག་པ། རྒྱལ་ཁབ་ཀྱིས་ཁྲིམས་མཐུན་གྱི་ཉར་གསོའི་འབྲེལ་བ་སྲུང་སྐྱོབ་བྱ་རྒྱུ། ཉར་གསོ་བྱེད་མཁན་ཕ་མ་དང་གསོས་ཕྲུག་བར་གྱི་ཁེ་དབང་དང་འོས་འགན་ཐད་བཅའ་ཁྲིམས་འདིར་འཁོད་ཕ་མ་དང་ཕྲུ་གུའི་བར་གྱི་འབྲེལ་བའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་སྤྱད་འཐུས། གསོས་ཕྲུག་དང་རང་གི་ཕ་མ་ངོ་མའི་བར་གྱི་ཁེ་དབང་དང་འོས་འགན་ནི་ཉར་གསོའི་འབྲེལ་བ་བཙུགས་པ་དང་བསྟུན་ནས་རྩིས་མེད་དུ་སོང་ཡོད།

དོན་ཚན་ཉེར་བདུན་པ། ཕ་གཡར་མ་གཡར་དང་གཞཡུག་ཁྲིད་བར་ཕན་ཚུན་མནར་གཅོད་དང་མཐོང་ཆུང་བྱས་མི་ཆོག ཕ་གཡར་རམ་མ་གཡར་དང་དེས་གསོ་བ་དང་སློབ་གསོ་གཏོང་བའི་གཞུག་ཁྲིད་བུ་ཕྲུག་བར་གྱི་ཁེ་དབང་དང་འོས་འགན་ཐད་བཅའ་ཁྲིམས་འདིར་འཁོད་ཕ་མ་དང་ཕྲུ་གུའི་བར་གྱི་འབྲེལ་བའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་སྤྱད་འཐུས།

དོན་ཚན་ཉེར་བརྒྱད་པ། འགན་འཁུར་ནུས་པ་ལྡན་པའི་སྤོ་བོ་དང་རྨོ་བོས་ཕ་མ་གྲོངས་པའམ་ཕ་མར་འཚོ་སྐྱོང་བྱེད་ནུས་མེད་པའི་ན་སོ་དར་ལ་མ་བབས་པའི་ཚ་བོ་དང་ཚ་མོ་གསོ་སྐྱོང་བྱེད་པའི་འོས་འགན་འཁུར་དགོས། འཚོ་སྐྱོང་བྱེད་འགན་འཁུར་བའི་ནུས་པ་ལྡན་པའི་ཚ་བོ་དང་ཚ་མོས་ཕྲུ་གུ་གྲོངས་པའམ་ཕྲུ་གུར་ཞབས་ཏོག་ཞུ་ནུས་མེད་པའི་རང་གི་སྤོ་བོ་དང་རྨོ་བོར་ཞབས་ཏོག་ཞུ་བའི་འོས་འགན་འཁུར་དགོས།

དོན་ཚན་ཉེར་དགུ་བ། འཚོ་སྐྱོང་བྱེད་འགན་འཁུར་བའི་ནུས་པ་ལྡན་པའི་གཅེན་པོ་དང་གཅེན་མོས་ཕ་མ་གྲོངས་པའམ་ཕ་མར་འཚོ་སྐྱོང་བྱེད་ནུས་མེད་པའི་ན་སོ་དར་ལ་མ་བབས་པའི་རང་གི་གཅུང་པོ་དང་གཅུང་མོར་འཚོ་སྐྱོང་བྱེད་པའི་འོས་འགན་འཁུར་དགོས། གཅེན་པོ་དང་གཅེན་མོས་གསོ་སྐྱོང་བྱས་ནས་འཚར་ལོངས་བྱུང་ཞིང་འཚོ་སྐྱོང་བྱེད་འགན་འཁུར་བའི་ནུས་པ་ལྡན་པའི་གཅུང་པོ་དང་གཅུང་མོས་ངལ་རྩོལ་ནུས་ཤུགས་ཞན་ལ་འཚོ་རྟེན་ཡོང་ཁུངས་ཀྱང་ཞན་པའི་གཅེན་པོ་དང་གཅེན་མོ་འཚོ་སྐྱོང་བྱེད་པའི་འོས་འགན་འཁུར་དགོས།

དོན་ཚན་སུམ་ཅུ་བ། ཕྲུ་གུས་ཕ་མའི་གཉེན་སྒྲིག་གི་ཁེ་དབང་ལ་བརྩི་འཇོག་བྱ་དགོས་ལ། ཕ་མས་བསྐྱར་དུ་གཉེན་སྒྲིག་བྱེད་པ་དང་གཉེན་སྒྲིག་བྱས་རྗེས་ཀྱི་འཚོ་བར་ཐེ་གཏོགས་བྱས་མི་ཆོག ཕྲུ་གུས་ཕ་མར་ཞབས་ཏོག་ཞུ་བའི་འོས་འགན་དེ་ཕ་མའི་གཉེན་སྒྲིག་གི་འབྲེལ་བར་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས་མཚམས་འཇོག་མི་རུང་།

1_4 ལེའུ་བཞི་པ། གཉེན་འཐོར།

དོན་ཚན་སོ་གཅིག་པ། ཁྱོ་ཤུག་ཕྱོགས་གཉིས་ཀ་རང་མོས་སྒོས་གཉེན་འཐོར་བྱེད་འདོད་ཡོད་ན་གཉེན་འཐོར་བྱེད་པར་ཆོག་མཆན་སྤྲོད་དགོས་ལ། ཕྱོགས་གཉིས་ཀ་ངེས་པར་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་བསྐྱོད་ནས་གཉེན་འཐོར་རེ་འདུན་ཞུ་དགོས། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་ཕྱོགས་གཉིས་ཀ་དངོས་འབྲེལ་རང་མོས་དང་ཕྲུ་གུ་དང་རྒྱུ་ནོར་གྱི་ཐད་ཐག་གཅོད་འོས་འཚམས་བྱུང་ཟིན་པ་རྩད་ཆོད་རྗེས་གཉེན་འཐོར་ལག་ཁྱེར་སྤྲོད་རྒྱུ།

དོན་ཚན་སོ་གཉིས་པ། ཁྱོ་ཤུག་གཉིས་ལས་ཕྱོགས་གཅིག་གིས་གཉེན་འཐོར་བྱེད་རྒྱུའི་རེ་འདུན་བཏོན་ན་འབྲེལ་ཡོད་སྡེ་ཁག་གིས་བར་འདུམ་བྱས་ཆོག་པའམ་ཡང་ན་ཐད་ཀར་མི་དམངས་ཁྲིམས་ཁང་ལ་གཉེན་འཐོར་ཞུ་སྦྱོར་བྱས་ཆོག མི་དམངས་ཁྲིམས་ཁང་གིས་གཉེན་འཐོར་རྒྱུའི་གྱོད་དོན་ཞིབ་གཅོད་བྱེད་སྐབས་བར་འདུམ་བྱ་དགོས་པ་དང་། གལ་ཏེ་དངོས་འབྲེལ་བརྩེ་དུང་མེད་པར་གྱུར་ནས་བར་འདུམ་བྱས་ཀྱང་ཕན་འབྲས་མ་ཐོན་ན་གཉེན་འཐོར་དུ་འཇུག་དགོས། གཤམ་གསལ་གྱི་གནས་ཚུལ་རིགས་ཡོད་ཅིང་བར་འདུམ་བྱས་ཀྱང་ཕན་འབྲས་མ་ཐོན་ན་གཉེན་འཐོར་དུ་འཇུག་དགོས་པ་སྟེ། (གཅིག)བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པའམ་བཟའ་ཟླ་ཡོད་མཁན་གྱིས་གཞན་དང་འགབ་མཐུན་མཉམ་སྡོད་བྱས་པ། (གཉིས)ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་བའམ་ཁྱིམ་མིར་མནར་གཅོད་བཏང་བ་དང་ཁྱིམ་མི་དོར་བ། (གསུམ)རྒྱན་འཛུགས་པ་དང་དུག་འཐེན་པ་སོགས་ཀྱི་ངན་གོམས་ལ་སློབ་གསོ་ཡང་ཡང་བཏང་ཡང་ཡོ་བསྲང་མི་བྱེད་པ། (བཞི)ཕན་ཚུན་བློ་ཁ་མི་མཐུན་པའི་རྐྱེན་གྱིས་ཁ་ཁར་བསྡད་ནས་ལོ་གཉིས་འགོར་བ། (ལྔ)ཁྱོ་ཤུག་གི་བརྩེ་དུང་ལ་གནོད་པའི་གནས་ཚུལ་གཞན་དག་བཅས་ཡིན་ལ། ཕྱོགས་གཅིག་གར་སོང་ཆ་མེད་དུ་གྱུར་པ་ཡོངས་བསྒྲགས་བྱས་རྗེས་ཅིག་ཤོས་ཀྱིས་གཉེན་འཐོར་རྒྱུའི་ཞུ་སྦྱོར་བྱས་ན་གཉེན་འཐོར་དུ་འཇུག་དགོས།

དོན་ཚན་སོ་གསུམ་པ། དམག་མིའི་ཕྱོགས་ལ་ནོར་འཛོལ་ཆེན་པོ་ཡོད་པའི་རིགས་ཕུད། དངོས་ཞབས་དམག་མིའི་བཟའ་ཟླས་གཉེན་འཐོར་རྒྱུའི་རེ་འདུན་བཏོན་ན། ངེས་པར་དུ་དམག་མིའི་མོས་མཐུན་འཐོབ་དགོས།

དོན་ཚན་སོ་བཞི་བ། བུད་མེད་ལ་ཕྲུ་གུ་འཁོར་བའི་རིང་དང་ཕྲུ་གུ་སྐྱེས་པའི་རྗེས་ཀྱི་ལོ་གཅིག་ནང་ངམ་ཕྲུ་གུ་འཁོར་མཚམས་བཅད་པའི་རྗེས་ཀྱི་ཟླ་བ་དྲུག་ནང་ཚུན་དུ་ཁྱོ་གས་གཉེན་འཐོར་རྒྱུའི་རེ་འདུན་བཏོན་མི་ཆོག བུད་མེད་ཀྱིས་གཉེན་འཐོར་རྒྱུའི་རེ་འདུན་བཏོན་པའམ་ཡང་ན་མི་དམངས་ཁྲིམས་ཁང་གིས་ཁྱོ་གའི གཉེན་འཐོར་རྒྱུའི་རེ་འདུན་དངོས་གནས་བདག་སྤྲོད་བྱ་དགོས་ངེས་འདུག་སྙམ་པའི་རིགས་འདིའི་ཁོངས་སུ་མི་གཏོགས།

དོན་ཚན་སོ་ལྔ་བ། གཉེན་འཐོར་རྗེས་ཕོ་མོ་ཕྱོགས་གཉིས་ཀས་རང་མོས་ཀྱིས་ཁྱོ་ཤུག་གི་འབྲེལ་བ་སྔར་ལྟར་སླར་གསོ་བྱེད་འདོད་ཡོད་ན། ངེས་པར་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་གཉེན་སྒྲིག་སླར་གསོ་བྱ་རྒྱུའི་ཐོ་འགོད་དུ་འགྲོ་དགོས།

དོན་ཚན་སོ་དྲུག་པ། ཕ་མ་དང་ཕྲུ་གུའི་བར་གྱི་འབྲེལ་བ་ནི་ཕ་མ་གཉིས་གཉེན་འཐོར་བའི་དབང་གིས་མེད་པར་གྱུར་པ་མིན། གཉེན་འཐོར་བྱས་རྗེས་ཕྲུ་གུ་ཕ་མ་གང་རུང་ཕྱོགས་གཅིག་གིས་དངོས་སུ་གསོ་སྐྱོང་བྱས་པ་ཡིན་ཡང་སྔར་བཞིན་ཕ་མ་གཉིས་ཀྱི་ཕྲུ་གུ་ཡིན། གཉེན་འཐོར་རྗེས་ཕ་མར་སྔར་བཞིན་ཕྲུ་གུ་གསོ་སྐྱོང་དང་ཕྲུ་གུར་སློབ་གསོ་གཏོང་བའི་ཁེ་དབང་དང་འོས་འགན་ཡོད། གཉེན་འཐོར་རྗེས་ནུ་མ་བསྣུན་དགོས་པའི་ཕྲུ་གུ་ནི་ནུ་མ་སྣུན་མཁན་ཨ་མས་ཁྲིད་ནས་གསོ་རྒྱུ་རྩ་དོན་དུ་འཛིན་དགོས། ནུ་མ་བསྣུན་དུས་ཡོལ་བའི་རྗེས་ཀྱི་ཕྲུ་གུ་གསོ་རྒྱུའི་སྐོར་ཕ་མའི་བར་རྩོད་པ་བྱུང་ནས་གྲོས་ཁ་མ་མཐུན་ན། མི་དམངས་ཁྲིམས་ཁང་གིས་ཕྲུ་གུའི་ཁེ་དབང་དང་ཕྱོགས་གཉིས་ཀའི་གནས་ཚུལ་དངོས་ལ་གཞིགས་ནས་དཔྱད་མཚམས་གཏོང་རྒྱུ།

དོན་ཚན་སོ་བདུན་པ། གཉེན་འཐོར་རྗེས་ཕྱོགས་གཅིག་གིས་གསོ་བའི་ཕྲུ་གུར་ཅིག་ཤོས་ཀྱིས་དགོས་ངེས་ཀྱི་གསོ་རྟེན་དང་སློབ་ཡོན་ཆ་ཤས་སམ་ཚང་མ་སྤྲོད་འགན་འཁུར་དགོས་ཤིང་། འགྲོ་གྲོན་ག་ཚོད་གཏོང་དགོས་མིན་དང་དུས་ཡུན་རིང་ཐུང་ཇི་ཙམ་སྤྲོད་དགོས་མིན་ཕྱོགས་གཉིས་ནས་གྲོས་མཐུན་འཇོག་རྒྱུ། གྲོས་ཁ་མ་མཐུན་ན་མི་དམངས་ཁྲིམས་ཁང་གིས་དཔྱད་མཚམས་གཏོང་རྒྱུ། ཕྲུ་གུའི་འཚོ་རྟེན་དང་སློབ་ཡོན་སྐོར་གྱི་གྲོས་མཐུན་བཞག་པའམ་དཔྱད་མཚམས་བཏང་རུང་དགོས་པ་བྱུང་ཚེ་ཕྲུ་གུས་ཕ་མ་གང་རུང་ལ་གྲོས་མཐུན་བཞག་པའམ་དཔྱད་མཚམས་བཏང་གསལ་གྱི་གཏན་ཁེལ་གྲངས་ཚད་ལས་བརྒལ་བའི་ལུགས་མཐུན་གྱི་རེ་འདུན་ཞུ་བར་འགལ་རྐྱེན་མེད།

དོན་ཚན་སོ་བརྒྱད་པ། གཉེན་འཐོར་རྗེས་ཕྲུ་གུ་དངོས་སུ་མི་གསོ་བའི་ཕའམ་མར་ཕྲུ་གུར་ཐུག་འཕྲད་བྱེད་དབང་ཡོད་པ་དང་། ཅིག་ཤོས་ལ་རོགས་རམ་བྱེད་པའི་འོས་འགན་ཡོད། ཐུག་འཕྲད་བྱེད་དབང་སྤྱོད་སྟངས་དང་དུས་ཚོད་ནི་དོ་བདག་བར་གྲོས་མཐུན་འཇོག་རྒྱུ། གྲོས་ཁ་མ་མཐུན་ན་མི་དམངས་ཁྲིམས་ཁང་གིས་དཔྱད་མཚམས་གཏོང་རྒྱུ། ཕའམ་མར་ཕྲུ་གུ་ཐུག་འཕྲད་བྱས་ན་ཕྲུ་གུའི་ལུས་སེམས་བདེ་ཐང་ཡོང་བར་ཕན་པ་མེད་ན། མི་དམངས་ཁྲིམས་ཁང་གིས་ཁྲིམས་མཐུན་ལྟར་ཐུག་འཕྲད་བྱེད་མཚམས་འཇོག་རྒྱུ། བར་མཚམས་འཇོག་རྐྱེན་མེད་པ་ཆགས་རྗེས་ཐུག་འཕྲད་བྱེད་དབང་སླར་གསོ་བྱ་དགོས།

དོན་ཚན་སོ་དགུ་བ། གཉེན་འཐོར་སྐབས་ཁྱོ་ཤུག་གཉིས་པོའི་ཐུན་མོང་གི་རྒྱུ་ནོར་རྣམས་ཕྱོགས་གཉིས་ནས་གྲོས་མོལ་ཐོག་ཐག་གཅོད་རྒྱུ། གྲོས་ཁ་མ་མཐུན་ན་མི་དམངས་ཁྲིམས་ཁང་གིས་རྒྱུ་ནོར་གྱི་གནས་ཚུལ་དངོས་ལ་གཞིགས་པ་དང་། ཕྲུ་གུ་དང་བུད་མེད་ཀྱི་ཁེ་དབང་ལ་ལྟ་རྟོག་བྱེད་པའི་རྩ་དོན་ལ་གཞིགས་ནས་དཔྱད་མཚམས་གཏོང་རྒྱུ། ཁྱིམ་ཚང་གིས་ས་ཞིང་འགན་གཙང་ལེན་པའི་གཉེར་སྐྱོང་ཁྲོད་ཁྱོ་གའམ་ཆུང་མར་མངའ་བའི་ཁེ་དབང་སོགས་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས།

དོན་ཚན་བཞི་བཅུ་བ། ཁྱོ་ཤུག་བར་གཉེན་སྒྲིག་གི་ཡིག་ཐོག་ཁ་དན་འབྲེལ་བ་གནས་པའི་རིང་ལ་བསགས་པའི་རྒྱུ་ནོར་སོ་སོར་དབང་བ་དང་། ཕྱོགས་གཅིག་གིས་ཕྲུ་གུ་གསོ་སྐྱོང་དང་བགྲེས་སོང་ལྟ་སྐྱོང་། ཅིག་ཤོས་ཀྱི་ལས་ཀར་རོགས་རམ་བཅས་བྱེད་པའི་འོས་འགན་ཅུང་མང་པོ་བསྒྲུབས་ཡོད་ན། གཉེན་འཐོར་སྐབས་ཕྱོགས་ཅིག་ཤོས་ལ་གུན་གསབ་དགོས་པའི་རེ་འདུན་ཞུ་དབང་ཡོད་པ་དང་ཕྱོགས་ཅིག་ཤོས་ཀྱིས་གྱོང་གུན་གསབ་དགོས།

དོན་ཚན་ཞེ་གཅིག་པ། གཉེན་འཐོར་སྐབས་དེ་སྔ་ཁྱོ་ཤུག་གཉིས་ཀས་འཚོ་བ་མཉམ་དུ་སྐྱེལ་རིང་བུ་ལོན་ཟུག་རིགས་ཐུན་མོང་དུ་འཇལ་སྤྲོད་བྱ་རྒྱུ། ཐུན་མོང་གི་རྒྱུ་དངོས་ཀྱིས་བུ་ལོན་གཙང་འཇལ་མ་ཐུབ་པའམ་ཡང་ན་རྒྱུ་ནོར་སོ་སོར་དབང་བ་ཡིན་ན། ཕྱོགས་གཉིས་ནས་གྲོས་མོལ་བྱས་ཏེ་གཙང་འཇལ་བྱ་རྒྱུ། གྲོས་ཁ་མ་མཐུན་ན་མི་དམངས་ཁྲིམས་ཁང་གིས་དཔྱད་མཚམས་གཏོང་རྒྱུ།

དོན་ཚན་ཞེ་གཉིས་པ། གཉེན་འཐོར་སྐབས་གལ་ཏེ་ཕྱོགས་གཅིག་གི་འཚོ་བར་དཀའ་ངལ་ཡོད་ཚེ། ཅིག་ཤོས་ཀྱིས་རང་གི་སྡོད་ཁང་ལ་སོགས་པའི་སྒེར་གྱི་རྒྱུ་ནོར་ཁོངས་ནས་རོགས་རམ་འོས་འཚམས་བྱ་དགོས། བྱེ་བྲག་གི་བྱེད་ཐབས་ཕྱོགས་གཉིས་ནས་གྲོས་མོལ་བྱ་རྒྱུ། གྲོས་ཁ་མ་མཐུན་ན་མི་དམངས་ཁྲིམས་ཁང་གིས་དཔྱད་མཚམས་གཏོང་རྒྱུ།

1_5 ལེའུ་ལྔ་པ། རོགས་སྐྱོབ་དང་འགན་འཁྲི།

དོན་ཚན་ཞེ་གསུམ་པ། ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་བའམ་ཁྱིམ་མིར་མནར་གཅོད་བཏང་ན། གནོད་འཚེ་ཕོག་མཁན་གྱིས་རོགས་སྐྱོབ་རེ་ཞུ་བཏོན་ཆོག་པ་དང་། སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། དེ་བཞིན་ལས་ཡུལ་ལས་ཁུངས་བཅས་ཀྱིས་བཀག་སྡོམ་བསླབ་བྱ་རྒྱག་པ་དང་འདུམ་འགྲིག་བྱ་དགོས། ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་བཞིན་པ་ཡིན་ན། གནོད་འཚེ་ཕོག་མཁན་གྱིས་རོགས་སྐྱོབ་རེ་ཞུ་བཏོན་ཆོག་པ་དང་། སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། དེ་བཞིན་ལས་ཡུལ་ལས་ཁུངས་བཅས་ཀྱིས་བཀག་སྡོམ་བསླབ་བྱ་རྒྱག་པ་དང་འདུམ་འགྲིག་བྱ་དགོས། སྤྱི་བདེ་ལས་ཁུངས་ཀྱིས་བཀག་འགོག་བྱ་དགོས། ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་བའམ་ཁྱིམ་མིར་མནར་གཅོད་བཏང་བར་གནོད་འཚེ་ཕོག་མཁན་གྱིས་རོགས་སྐྱོབ་རེ་ཞུ་བཏོན་པ་ཡིན་ན། སྤྱི་བདེ་ལས་ཁུངས་ཀྱིས་བདེ་སྐྱོང་དོ་དམ་ཐད་ཀྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ནང་གསལ་གཏན་འབེབས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་དགོས།

དོན་ཚན་ཞེ་བཞི་བ། ཁྱིམ་མི་དོར་ན་གནོད་འཚེ་ཕོག་མཁན་གྱིས་རོགས་སྐྱོབ་རེ་ཞུ་བཏོན་ཆོག་པ་དང་། སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། དེ་བཞིན་ལས་ཡུལ་ལས་ཁུངས་བཅས་ཀྱིས་བཀག་སྡོམ་བསླབ་བྱ་རྒྱག་པ་དང་འདུམ་འགྲིག་བྱ་དགོས། ཁྱིམ་མི་དོར་སྟབས་གནོད་འཚེ་ཕོག་མཁན་གྱིས་རོགས་སྐྱོབ་རེ་ཞུ་ཞུས་ན་མི་དམངས་ཁྲིམས་ཁང་གིས་ཁྲིམས་མཐུན་ལྟར་འཚོ་རྟེན་དང་གསོ་རྟེན། ཞབས་ཏོག་ཞུ་དངུལ་བཅས་སྤྲོད་དགོས་པའི་དཔྱད་མཚམས་གཏོང་དགོས།

དོན་ཚན་ཞེ་ལྔ་བ། བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པ་དང་། ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་བའམ་ཁྱིམ་མིར་མནར་གཅོད་བཏང་བ་དང་། ཁྱིམ་མི་དོར་བའི་བྱས་ཉེས་སུ་གྲུབ་རིགས་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ། གནོད་འཚེ་འཕོག་མཁན་གྱིས་ཉེས་དོན་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ནང་འཁོད་འབྲེལ་ཡོད་གཏན་འབེབས་ལྟར་མི་དམངས་ཁྲིམས་ཁང་ལ་སྒེར་གྱི་ཞུ་སྦྱོར་བྱས་ཆོག སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་མཐུན་ལྟར་མྱུལ་ཞིབ་བྱ་དགོས་པ་དང་། མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ལྟར་གཞུང་ཕྱོགས་ཀྱི་ཞུ་སྦྱོར་བྱ་དགོས།

དོན་ཚན་ཞེ་དྲུག་པ། གཤམ་གསལ་གནས་ཚུལ་ལས་རིགས་གཅིག་ཡོད་པའི་དབང་གིས་གཉེན་འཐོར་བྱུང་ན། ནོར་འཛོལ་མེད་མཁན་ཕྱོགས་ལ་གུན་གསབ་འཇལ་རེ་ཞུ་དབང་ཡོད་པ་སྟེ། (གཅིག)བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པ་དང་། (གཉིས)བཟའ་ཟླ་ཡོད་མཁན་གྱིས་གཞན་དང་འགབ་མཐུན་མཉམ་སྡོད་བྱས་པ། (གསུམ)ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་བ། (བཞི)ཁྱིམ་མིར་མནར་གཅོད་བཏང་བ་དང་ཁྱིམ་མི་དོར་བའི་རིགས་བཅས་ཡིན།

དོན་ཚན་ཞེ་བདུན་པ། གཉེན་འཐོར་སྐབས་ཕྱོགས་གཅིག་གིས་ཁྱོ་ཤུག་གཉིས་པོའི་ཐུན་མོང་གི་རྒྱུ་ནོར་སྦས་སྐུང་དང་སྤོ་སྒྱུར། འཚོང་སྒྱུར། གཏོར་བརླག་བཅས་བྱས་པའམ་ཡང་ན་བུ་ལོན་རྫུན་བཟོ་བྱས་ནས་ཅིག་ཤོས་ཀྱི་རྒྱུ་ནོར་ཧམ་བཟུང་བྱེད་རྩིས་བྱས་ན། ཁྱོ་ཤུག་གཉིས་པོའི་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་སྐབས་ཁྱོ་ཤུག་གཉིས་པོའི་ཐུན་མོང་གི་རྒྱུ་ནོར་སྦས་སྐུང་དང་སྤོ་སྒྱུར། འཚོང་སྒྱུར། གཏོར་བརླག་བཅས་བྱས་པའམ་ཡང་ན་བུ་ལོན་རྫུན་བཟོ་བྱེད་པའི་ཕྱོགས་དེར་ཉུང་ཙམ་བགོ་བའམ་མ་བགོས་ཀྱང་ཆོག གཉེན་འཐོར་རྗེས་ཅིག་ཤོས་ཀྱིས་གོང་སྨོས་ཀྱི་བྱ་སྤྱོད་ཡོད་པ་ཤེས་ན། མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཏེ། ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡང་བསྐྱར་བགོ་བཤའ་རྒྱག་རྒྱུའི་རེ་འདུན་ཞུས་ཆོག གོང་འཁོད་ནང་གསེས་དོན་ཚན་དུ་གཏན་ལ་ཕབ་པའི་དམངས་དོན་གཏུག་བཤེར་ལ་གནོད་པའི་བྱ་སྤྱོད་ལ་མི་དམངས་ཁྲིམས་ཁང་གིས་དམངས་དོན་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ནང་གསལ་གཏན་འབེབས་ལྟར་ཁྲིམས་འདོམས་བྱ་རྒྱུ།

དོན་ཚན་ཞེ་བརྒྱད་པ། འཚོ་རྟེན་དང་གསོ་རྟེན། ཞབས་ཏོག་ཞུ་དངུལ། བགོ་བཤའི་རྒྱུ་ནོར། རྒྱུ་ནོར་ཤུལ་འཛིན། ཕྲུ་གུ་ཐུག་འཕྲད་སོགས་པའི་སྐོར་གྱི་དཔྱད་མཚམས་སམ་བཀའ་བཅད་བཏང་དོན་ལག་ལེན་མི་བྱེད་པའི་རིགས་ལ་མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ལྟར་བཙན་ཐབས་ཀྱིས་ལག་ལེན་བསྟར་དུ་འཇུག་རྒྱུ། འབྲེལ་ཡོད་མི་སྒེར་དང་སྡེ་ཚན་གྱིས་ལག་བསྟར་བྱེད་རོགས་བྱེད་འགན་འཁུར་དགོས།

དོན་ཚན་ཞེ་དགུ་བ། བཅའ་ཁྲིམས་གཞན་དག་ནང་གཉེན་སྒྲིག་དང་ཁྱིམ་ཚང་སྐོར་གྱི་ཁྲིམས་འགལ་བྱ་སྤྱོད་དང་ཁྲིམས་འབྲེལ་འཁུར་འཁྲིའི་སྐོར་གཏན་འབེབས་ལོགས་སུ་བྱས་ཡོད་ན། གཏན་འབེབས་དེ་ལྟར་བྱ་རྒྱུ།

1_6 ​ལེའུ་དྲུག་པ། ཞར་བཀོད་དོན་ཚན།

དོན་ཚན་ལྔ་བཅུ་བ། མི་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ས་གནས་དེ་གའི་མི་རིགས་ཀྱི་གཉེན་སྒྲིག་དང་ཁྱིམ་ཚང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་བབ་བསྟུན་གྱིས་གཏན་འབེབས་བྱེད་དབང་ཡོད། རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གིས་བབ་བསྟུན་གྱིས་གཏན་འབེབས་བྱས་པའི་རིགས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས་ནུས་པ་ཐོན། རང་སྐྱོང་ལྗོངས་ཀྱིས་བབ་བསྟུན་གྱིས་གཏན་འབེབས་བྱས་པའི་རིགས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས་ནུས་པ་ཐོན།

དོན་ཚན་ང་གཅིག་པ། བཅའ་ཁྲིམས་འདི་ཉིད་སྤྱི་ལོ1981ལོའི་ཟླ1ཚེས1ཉིན་ནས་ལག་ལེན་དུ་བསྟར་བ་ཡིན་ལ། སྤྱི་ལོ1950ལོའི་ཟླ5ཚེས1ཉིན་འགྲེམས་སྤེལ་བྱས་ནས་ལག་ལེན་དུ་བསྟར་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས》དེ་བཅའ་ཁྲིམས་འདི་ལག་ལེན་བསྟར་ཉིན་ནས་རྩིས་མེད་དུ་གཏོང་རྒྱུ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-31

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།