འབྲི་གུང་སྐྱུ་ར་སྒྲོལ་མ་བྲག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབྲི་གུང་སྐྱུ་ར་སྒྲོལ་མ་བྲག
མི་མཇེད་འཇིག་རྟེན་གྱི་ཞིང་ཁམས་བསྐལ་བཟང་སྒྲོན་མེ་བཞི་པའི་བསྟན་པ་ཆེན་པོ་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་ཆོས་དར་ཞིང་རྒྱས་པའི་སྐྱུ་ར་བྱང་ཆུབ་གླིང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་དཔལ་ཐང་ཡུལ་ཚོའི་ཁོངས་གཏོགས་ཏེ་ཡུལ་ཤུལ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལྷོ་ཕྱོགས་སུ་བར་ཐག་སྤྱི་ལེ15དང་ལམ་ཐག་སྤྱི་ལེ16ཡི་མཚམས་སུ་ས་གོ་ལའི་ཤར་གྱི་གཞུང་ཚད970440དང་། བྱང་གི་འཕྲེད་ཚད325227ཐོག་ཏུ་ཡོད་ཅིང་ས་མགོ་མཐོ་ཚད་ལ་སྨི3829ཡོད་པ་དང་། དེ་ཡང་གངས་ཅན་བོད་ཀྱི་རྟེན་གནས། ལྷ་དང་བླ་མའི་གདན་ས། མ་དང་མཁའ་འགྲོའི་རྩེ་ར། དམ་ཅན་རྒྱ་མཚོའི་བསྟི་གནས། ཁམས་སྟོད་འཛིན་མའི་ཐིག་ལེ། འདན་སྟོད་ས་ཡི་ནོར་བུ། མཐོང་ཐོས་དྲན་གྲོལ་གྱི་ལྷ་གནས་སྒྲོལ་མ་བྲག་རྩ་ཞེས་པ་འདི་ཉིད་ཆོས་སྐུ་ཡུམ་ཆེན་མོ་འཕགས་མ་སྒྲོལ་མས་ཉེ་བར་བྱིན་གྱིས་བརླབས་ཤིང་སྒྲུབ་གནས་སུ་བསྒྲུབས། བར་དུ་རྒྱ་བཟའ་ལྷ་གཅིག་སྒྲོལ་མ་ཞབས་ཀྱིས་བཅགས་ཏེ། ལྡན་མ་བྲག་ལ་རྒྱས་པའི་དབུ་དུང་བསྐོས་མ་བཞེངས། ཐ་མར་རྒྱལ་ཡུམ་དབྱིངས་ཕྱུག་ཆོས་ཀྱི་སྒྲོལ་མའམ་ཨ་ཕྱི་ཆོས་ཀྱི་སྒྲོལ་མས་གནས་འདིར་སྒྲུབ་པ་ཡུན་རིང་མཛད་དེ་གདུལ་བྱ་སྐལ་ལྡན་སྨིན་གྲོལ་ལ་བཀོད་པའི་ཕྱིར་ནའོ། །
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
འབྲི་གུང་སྐྱུ་ར་སྒྲོལ་མ་བྲག
གནས་ཡུལ།
ཡུལ་ཤུལ།
1 ངོ་སྤྲོད།

སྒྲོལ་མ་བྲག་ཏུ་གྲགས་པའི་གཞིར་བོད་རྒྱལ་སྲོང་བཙན་གྱིས་རྒྱལ་བསྟན་བོད་དུ་དྲངས་ནས་བཟུང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་གྲུབ་དབང་པདྨ་འབྱུང་གནས་རྫུ་འཕྲུལ་གྱིས་གནས་འདིར་བྱོན་ཏེ་ལྷ་འདྲེ་བཏུལ་ནས་ཕྱི་རབས་ལ་བརྩེ་བས་གཏེར་མང་དུ་སྦས། དེ་རྗེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཞལ་བཀོད་ཀྱིས་གནས་འདིའི་དབེན་བྲག་དཀར་པོའམ་འབིས་ནང་དུ་བྲག་རི་རྩེ་བརྒྱད་ཀྱི་ངོས་སུ། རྣམ་སྣང་གངས་ཅན་མཚོ་རྒྱལ་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་བསྐོས་པར་མཛད་ཅིང་ལྷའི་ཐིག་རྒྱ་ལུགས་སུ་གནང་བ་སོགས་ཀྱི་བཀའ་དྲིན་བསྐྱངས། འདི་དུས་བཙན་པོ་འགྲུའི་རིགས་རྣམས་ཀྱིས་གནས་འདིར་ཡུན་རིང་པོར་བསྟི་བའི་སྐབས་སུ་འགྲུ་སྟག་རྒོད་བྱ་བ་བྱུང་བའི་སྲས་སུ་བུ་བདུན་བྱུང་བ་ཆུར་བྱིང་ལས་འདས། འགྲུ་མི་རབས་ཆད་ཁར་མཛོ་སྣ་བོལ་ཟེར་བའི་གཏམ་བྱུང་། དེ་ལ་སླར་བཙུན་མོ་བསུས་པས་འགྲུ་ཉི་མ་ནག་པོ་དང་། ཉི་མ་ཁྲ་བོ། ཉི་མ་དཀར་པོ་གསུམ་འཁྲུངས་པ་ལ་ཉི་མ་ནག་པོ་ལས་ཁམས་སྐྱོའི་གདུང་རབས་དང་། ། ཁྲ་བོ་ལས་ཏྲེ་བོའི་གདུང་བརྒྱུད་དང་། ། ཉི་མ་དཀར་པོ་ལས་དཔའ་བོ་སོ་གད། ཡ་གད། མ་གད་གསུམ་འཁྲུངས། དཔའ་བོ་སོ་གད་ལས་འབྲི་གུང་སྐྱུ་ར་གདུང་། མ་གད་ལས་ཁྲི་སྐོར་བཅུའི་རྒྱལ་པོ་ཐང་ཆེན་མ་འབར་སོགས་ནང་ཆེན་རྒྱལ་བརྒྱུད་བྱུང་བར་བཤད། དཔའ་བོ་སོ་གད་རང་ལོ་ཉི་ཤུའི་ཐོག  ཤར་རྨ་ཆེས་སྤོམ་རའི་མགུལ་དུ་ཕྱིན་པ་ན། ཁྲུས་ཀྱི་རྫིང་བུའི་འགྲམ་དུ་རྒོད་ཐང་དཀར་མང་པོ་བབས་བྱུང་བའི་ཐམས་ཅད་ཀྱི་བྱ་གསོབ་ཕུད་སྐབས་བུ་མོ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་བྱས་ཏེ་ཁྲུས་ལ་ཞུགས་པ་ན། ཁོ་གད་ཀྱིས་བྱ་གསོབ་གཅིག་བཟུང་ནས་བསྡད། དེ་ནས་ལྷ་མོ་རྣམས་རང་རང་གི་བྱ་ཤུབས་གྱོན་ཏེ་ནམ་མཁའ་ལ་འཕུར་སོང་། སོ་གད་ཀྱིས་བཟུང་བའི་བྱ་གསོབ་དེར་ལྷའི་བུ་མོ་གཟུགས་བྱད་བལྟ་བས་ཆོག་མི་ཤེས་པ་གཅིག་ལུས་བྱུང་བས་དེ་ལ་ཐབས་ཤེས་ཀྱིས་སྦྱོར་པ་མཛད་ནས་བྱ་གསོབ་གཏད་པ་ན་ལྷ་མོ་དེ་ནམ་མཁར་བཀྱགས་ནས་དེ་རིང་ནས་རྩིས་པའི་ཟླ་དགུ་ངོ་བཅུ་ན་ཁྱེད་ཀྱིས་བུ་ལེན་དུ་ཤོག་ཟེར་ནས་འཕུར་སོང་ངོ་། དེ་ནས་ཟླ་གྲངས་དང་ཞག་གྲངས་ཚང་བ་ན། སོ་གད་སོང་ནས་བལྟས་པས། ཚེས་བཅོ་ལྔའི་ཉིན་ནམ་མཁའ་འཇའ་འོད་ཀྱིས་གང་ཞིང་མེ་ཏོག་གི་ཆར་བབས། ལྷའི་རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་བཅས་ལྷའི་བུ་དང་བུ་མོ་མང་པོ་ནམ་མཁའ་གང་བར་བྱས་ནས་བྱ་སྤུ་ཐགས་སུ་བཏགས་པའི་བླ་བྲེ་འཕངས་ནས་འདི་བཟེད་ཅིག་ཟེར་བའི་སྒྲ་བྱུང་བ་དང་། དེ་བཞིན་དུ་གཡུ་འབྲུག་སྔོན་མོའི་ཟེ་བ། སེང་གེ་དཀར་མོའི་གཡུ་རལ། རྒེའུ་དཀར་མོའི་ལྤགས་པ་རྣམས་གདན་དུ་ཐིངས་ཤིག་ཟེར་ནས་འཕངས་བྱུང་བ་དང་ཁྱེད་ཀྱི་བུ་འདི་ཁྱོད་ལ་གཏད་པ་ཡིན་པས་མ་འོངས་པ་ན་བུ་འདིའི་རིགས་བརྒྱུད་ཐམས་ཅད་ཀྱིས་འགྲོ་དོན་རྒྱ་ཆེན་པོ་བྱེད་པར་འགྱུར་རོ། ཞེས་ལུང་བསྟན་པ་དང་བཅས་བུ་ཆུང་མཛེས་ཤིང་ཡིད་དུ་འོང་བ་ལྷའི་གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་བསྐྱུར་བྱུང་བས་རྒྱ་ཆེན་སྡེ་བཞིས་བཟེད་གྲོགས་བྱས། ཕ་སོ་གད་ཤེད་ཆུང་བས་བླ་བྲེའི་སྣེ་ཤོར་ནས་བུ་ཆུང་ས་ལ་ལྷུང་བས་མཐེའུ་ཆུང་ཆད། ལྟག་པ་སྐྲངས། དེ་ནས་བཟུང་བུ་དེའི་མིང་ལ་སྐྱུ་ར་མཛུབ་དགུའམ། སྐྱུ་རའི་ལྟག་པོ་ཆེ། སྐྱུ་ར་གནམ་བྱོན་དཀར་པོ་བྱུང་ཏེ་ལྷ་བབས་སྐྱུ་རའི་གདུང་དུ་སྙན་པ་གྲགས་སོ། དེ་ནས་སྐྱུ་ར་གནས་འདིར་བཞུགས་པས་ན། འདན་སྟོད་སྐྱུ་ར་བྲག་ཀྱང་གླེང་། དེ་ཡང་དཔལ་ལྡན་འབྲི་གུང་པའི་རུས་རབས་ལས། འགྲུ་མི་འགྱུར་ཐར་པའི་གནས་ཆེན་བརྒྱད། ། གནས་ཕྲན་གཉིས་དང་བཅུ་ཡིན་ནོ། ། ཡང་ཕྲན་གསུམ་དང་བཅུ་གསུམ་ཡོད། ། འདན་སྟོད་བྲག་རྩ་སྐྱུ་རས་བཟུང་། ། བྲག་རྩ་མི་འགྱུར་གནས་གཅིག་ཡིན། ། སྐྱུ་ར་མི་འགྱུར་འགྲུ་གཅིག་ཡིན། ། ཞེས་དང་། རྣམ་སྣང་དཀར་ཆགས་ལས། འགྲུ་རིགས་སྟག་རྒོད་བུ་ཆེས་ས་འདི་བཟུང་། མི་མིང་ས་ལ་ཐོག་པས་སྐྱུ་རར་གྲགས། ཞེས་བསྟན་པས་ལྷ་བབས་སྐྱུ་རའི་གདུང་གིས་གནས་འདིར་དབང་སྒྱུར་ནས་ཡར་བཟང་འབྲོམ་གསུམ་ཞེས་གདུང་རབས་གསུམ་འདས་རྗེས། འདན་སྟོད་གྲོང་ཁྱེར་ཙོང་ངུར་དུ། འོད་གསལ་ལྷ་ལས་བབས་པའི་འགྲུ་རྒྱལ་སྐྱུ་ར་དྲི་མ་མེད་པ། ཆོས་དང་འཇིག་རྟེན་གྱི་སྒྱུ་རྩལ་དུ་མའི་ཕ་མཐར་སོན་པ། ཨ་མེས་ཚུལ་ཁྲིམས་རྒྱ་མཚོ་དང་། གཡུང་དྲུང་རྒྱ་མཚོ་ཞེས་པ་གསང་སྔགས་རྙིང་མའི་རྣལ་འབྱོར་བ་སྐུ་མཆེད་གཉིས་བྱོན་པའི་ཚེ། དེའི་དུས་རབས་ནམ་ཙམ་གསལ་བོར་མ་རྙེད་ཀྱང་ཕལ་ཆེར་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་སྨད་ཙམ་སྟེ་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་ཙམ་ཡིན་ཚོད་སྙམ། འཇམ་དཔལ་རྩ་རྒྱུད་ལས༎ མི་བསྲུན་སྲིན་པོ་གདོང་དམར་ཡུལ། ། གདུལ་ཕྱིར་ང་ཡི་སྤྲུལ་པ་ནི། ། ཨར་ཡ་པ་ལོའི་སྤྲུལ་པ་དང་། ། ཇོ་མོ་སྒྲོལ་མ་དཀར་མོ་དང་། ། ལབ་ཀྱི་སྒྲོལ་མ་དཀར་མོ་དང་། ། ཆོས་ཀྱི་སྒྲོལ་མ་དཀར་མོ་ཡིས། ། ང་ཡི་བསྟན་པ་རྒྱས་པར་བྱེད། ། ཅེས་པའི་ལུང་དོན་བཞིན་གཞོ་སྟོད་འབྲི་གུང་དུ་སྐུ་བལྟམས་པའི་ཆོས་ཀྱི་སྒྲོལ་མ་ཞེས་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཅུ་དྲུག་ན་ཚོད་དར་ལ་བབ་པའི་དུས་དེར་རླབས་པོ་ཆེ་དུས་ལ་བབ་པར་དགོངས་ཏེ། གནས་འདིར་འགྲོ་བའི་དོན་དུ་དབུས་ནས་ཞབས་སེན་མངོན་པར་བཀོད་དེ། གནས་མཆོག་སྐྱུ་རའི་གསང་ཕུག་ན་འཇམ་དཔལ་གཤིན་རྗེའི་གྲུབ་བརྙེས་བྱ་བྲལ་བ་ཨ་མེས་ཚུལ་ཁྲིམས་རྒྱལ་མཚོ་དང་ཡབ་ཡུམ་སྙོམས་འཇུག་སྦྱོར་སྒྲོལ་གྱི་ཟབ་གསང་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་ཏེ། གདུང་སྲས་བཞི་དང་ཐུགས་སྲས་སློབ་བུ་ཁྲི་ཚོ་བཅོ་བརྒྱད་དང་ལྡན་པ་གངས་ལྗོངས་རྒྱ་བོད་ཡོངས་ལ་འབྲུག་ལྟར་གྲགས་ཤིང་། ལྗོངས་འདིར་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཀྱི་ཉི་མ་ཤར་བ་ལྟ་བུ་ཞིག་བྱུང་ངོ་། རིག་འཛིན་བརྒྱུད་པའི་བསྟན་འགྲོའི་གདུལ་བྱ་སྐྱོང་ཕྱིར་སྐུའི་སྲས་ནི། ནམ་མཁའ་དབང་ཕྱུག པད་དཀར་དབང་རྒྱལ། ནང་འགག་པ་བསོད་ནམས་དཔལ། ཀ་ཐུང་གྲུ་གཞི་སྟེ་སྐུའི་སྲས་བཞི་པོ་དེ་དག་དངོས་བརྒྱུད་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་པའི་སྐྱེས་ཆེན་མང་པོ་འབྱུང་ངོ་གསུངས་ཏེ་སྤྲུལ་སྒྱུར་གྱི་ཟློག་གར་ཅི་ཡང་འགྱེད། རང་ཉིད་ཀྱི་སྒྲུབ་ཐབས་སྲས་ལ་གདམས། ཁོ་མོ་བསམ་བཞིན་སྲིད་པར་སྐྱེ་བའི་ཚུལ་བཟུང་ནས། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ཕྱིར་སྨོན་ལམ་གྱིས་འདིར་མཆིས་པས་མཆོག་ཐུན་གྱི་དངོས་གྲུབ་སྦྱིན་པར་བྱའོ། གསང་ཕུག་པ་གཏིང་རིང་ནང་དུ་ཁྲིད་ནས། བམ་རོར་ཚོགས་འཁོར་གནང་བས་རོལ་ནུས་པ་ལ་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐོབ་པ་མང་དུ་བྱུང་། སྐལ་པ་དམན་ཞིང་བསགས་པ་ཆུང་བ་དག་ནི་ལོག་རྟོག་གིས་བསྒྲིབས་ཏེ། དེ་དག་ལ་དངོས་གྲུབ་ཀྱི་སྐལ་པ་དབེན་པར་གནས་སོ། མཐར་གྱི་ཚེ་ཁོ་མོའི་ལུས་ཀྱི་བྱ་བ་བྱས་ཀྱིན། བདག་གི་བུ་བརྒྱུད་འདིར་བསྟན་པ་སྤྱི་ལས་ཁྱད་པར་འཕགས་པའི་སྙིང་པོ་བསྟན་པ་ཞིག་འབྱུང་བས། དེའི་བཀའ་སྲུང་ཁོ་མོས་བགྱིད་ཅིང་། དོ་གལ་ཆེ་ན་ང་ལ་སྒྲོན་སོགས་གདམས་ཏེ། གནས་མཆོག་སྐྱུ་ར་བྲག་ལ་ཚོམ་བུ་གཅིག་ཏུ་སྒྱུ་ལུས་མ་སྤངས་བར་མཁའ་སྤྱོད་དྷུ་མ་ཐ་ལའི་གྲོང་ཁྱེར་དུ་གཤེགས་སོ། ཨ་ཕྱི་ཞེས་ཡོངས་སུ་གྲགས་ཏེ་འབྲི་རིགས་ཙམ་མ་ཟད། དཔལ་ལྡན་འབྲི་གུང་པའི་ཐུན་མིན་གྱི་བཀའ་སྲུང་ཆེན་མོར་གྱུར་ལ། ཨ་མེས་སྐུ་མཆེད་བཞུགས་སའི་ཕོ་བྲང་བཀྲ་ཤིས་སྒོ་མང་ལ་ད་ལྟ་ལྷ་མི་རྣམས་ཀྱིས་ཚོགས་མང་བྲག་རྩའམ་སྒྲོལ་མ་བྲག་རྩ་ཞེས་འབོད། གདུང་སྲས་བཞི་ནས་བཟུང་སྟེ་འཕྲིན་ལས་རྒྱས། དེ་དག་གི་ནང་ནས་སྔགས་འཆང་པ་དཔེ་དཀར་དབང་རྒྱལ་གྱི་སྲས་མཁན་པོ་དར་མ། དཀོན་མཆོག་རིན་ཆེན། བཙུན་དཔལ་འབར། རྣལ་འབྱོར་པ་རྡོ་རྗེ་དང་སྲས་བཞི་འཁྲུགས་པ་ལས་རྣལ་འབྱོར་པ་རྡོ་རྗེའི་སྲས་ཏེ། ཇི་སྐད་དུ། གདུང་རབས་བཅུ་པ་འཇིག་རྟེན་མགོན་པོ་བྱུང་། ཨ་སེར་དུས་སུ་རྒྱལ་ཁབ་བཅོ་བརྒྱད་ལ། ལུང་འབུད་པ་ཡི་སྟོབས་དང་ལྡན་པར་གྱུར། ཞེས་དང་། ལྷ་མོ་དངོས་གྲུབ་བརྟན་གཟིགས་ཀྱི་རྒྱུད་ལས། འདས་པའི་སངས་རྒྱས་མར་མེ་མཛད། མ་འོངས་སངས་རྒྱས་བྱམས་པ་མགོན། ད་ལྟ་ཤཱཀྱ་ཐུབ་པ་སྟེ། ཀུན་གྱི་མཐའ་ནི་རཏྣ་ཤྲཱི། ཞེས་བསྟན་པའི་བདག་ཉིད་ཆེན་པོ་སྐྱུ་ར་བ་འཇིག་རྟེན་མགོན་པོ་མཆོག་རབ་བྱུང་གསུམ་པའི་ཆུ་ཕག་༡༡༤༣ལོར་མཚན་དཔེའི་མེ་ཏོག་རབ་ཏུ་བཞད་ཅིང་། འཁྲུངས་སར་སྐུ་རྗེས་བྱུང་བ་ད་ལྟའང་མཆིས་ལ། ཡོན་ཏན་གྱིས་ཟས་གསོས་པའི་ཞབས་རྗེས་ར་དྲུད་མའང་མཇལ་རྒྱུ་ཡོད། སྒྲོ་ཟའི་ཕུག་ཏུ་མཚམས་ལ་བཞུགས་པས་རྣམ་ཐར་དུ། རྩིབས་ཀློང་མོ་ཆེ་ན་བཞུགས་པའི་ཚེ། ཞིང་འཁོར་འདས་མེ་ལོང་ལྟ་བུ་གཟིགས། ཞེས་བསྟན། སྐྱུ་རའི་གནས་མཆོག་ཁྱད་པར་དུ་འཕགས་པ་དཔལ་ལྡན་ཆོས་ཀྱི་སྒྲོལ་མའི་བུ་སློབ་ཁྲི་ཚོ་བཅོ་བརྒྱད་དང་བཅས་པ་མངོན་པར་བྱང་ཆུབ་བརྙེས་པའི་གདན་ས་ཆེན་པོའི་གནས་འདིར་དགེ་བསྙེན་གྱིས་འགྲོ་བའི་དེད་དཔོན་དུ་བཞུགས། དེའི་དུས་ཀྱི་ཆོས་ཁྲི་ངོ་མཚར་ཅན་དང་། ཕྱག་ཞབས་ཀྱི་རེ་ཁས་མཚོན་པའི་ངོ་མཚར་གྱི་བཀའ་རྟགས་མང་དུ་སྣང་ངོ་། དབུས་སུ་ཕེབས་ཏེ་འགྲོ་མགོན་ལས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་ཆོས་རྒྱུན་འོ་མའི་རྒྱ་མཚོ་ལས་སྙིང་པོ་བཞིན་གསན་ནས་ཨེ་ཆུང་དུ་མཉམ་པར་བཞག་པས་ཇི་ལྟ་ཇི་སྙེད་པའི་མཁྱེན་པ་མངོན་དུ་གྱུར་ནས་དབུས་སྟོད་དུ་དགུང་ལོ་སོ་བདུན་པ་ས་ཕག1979ལོར་དཔལ་འབྲི་མཐིལ་གྱི་གདན་ས་བཏབ་སྟེ་ཆོས་རྒྱུན་སྤེལ་བས་འབུམ་ཕྲག་གི་འདུས་པ་བསྐྱངས། གནས་གསུམ་སོགས་བོད་ཡུལ་མཐའ་དབུས་ཀུན་ཏུ་བསྟན་པ་སྤེལ་བས་དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཅེས་སྙན་པའི་རྔ་བོ་ཆེའི་སྒྲ་དབྱངས་སྲིད་མཐའི་བར་བརྡུངས་པ་འདི་ཉིད་བྱུང་ངོ་། དེའི་ཚེ་ཐུགས་སྲས་ཤྲཱི་ཕུག་པས་གནས་འདིར་བྱོན་ནས་སྐུ་མཆེད་ཀྱིས་ཐོག་དྲངས། འབྲི་བསྟན་གནས་འདིར་གསལ་བའི་རྟེན་འབྲེལ་བསྒྲིགས། མེ་ཉག་ཡུལ་དུ་ཡུལ་སྐྱོང་ལྷ་ཁང་བཞེངས། དེ་ནས་ཆོས་རྗེའི་སྤྱན་སྔ་གནམ་མཚོ་བ་སྟེ་གནམ་མཚོར་སྒྲུབ་པ་མཛད་པས་ཐོགས་མ་གནས་འདིར་ཞབས་སོར་ཉེ་བར་བཀོད་ཏེ། བཀྲ་ཤིས་སྒང་དང་། རྩེ་འབྲོམ་དང་། ཁམས་སྐྱེ་དགོན་པ་གསུམ་ཕྱག་བཏབ་སྟེ་འབྲི་གུང་པའི་བསྟན་པ་གདན་སྟོད་དུ་དར་བར་བྱས་སོ། དེ་བཞིན་དུ་སྤྱན་སྔ་མགར་ཤཱཀྱ་དཔལ། སྤྱན་སྔ་ཤེས་རབ་འབྱུང་གནས། སྤྱན་སྔ་བསོད་སྙོམས་པ། སྤྱན་སྔ་བྱང་ཆུབ་གླིང་པ་སོགས་ཆོས་རྗེའི་སྲས་དུ་མས་ཞབས་བཅགས་པ་སོགས་ལ་བརྟེན་ནས་འདན་ཡར་ཐང་མར་ཐང་དུ་འབྲི་གུང་པའི་ཆོས་སྡེས་ཁྱབ་སྐབས། ས་སྐྱའི་འགྲོ་མགོན་ཆོས་འཕགས་རྒྱ་ནག་གོང་མ་ཆེན་མོའི་དབུ་བླར་འཁོད་ཅིང་། བོད་ཆོས་སྲིད་ཀྱི་བདག་པོ་གྱུར་པའི་དུས་སུ། འཆགས་ཕྱི་བ་བདུད་ཀྱི་སྤྲུལ་པ་ཞིག་གིས་འབྲི་གུང་གི་བསྟན་པ་ལ་ཟུར་ཟ་ཞིང་། རྒྱ་ཡི་ལས་ཐམ་རྗེ་ཡི་མི་མངོན་པར་ལྐོག་ཏུ་ཡིག་བརྫུན་ཞིག་གོང་མ་ཆེན་མོའི་མདུན་དུ་བཏང་སྟེ། འབྲི་གུང་གི་བསྟན་པ་མིང་ཙམ་ཡང་མེད་པར་བརླག་དགོས་པའི་བཀའ་རྫུན་ཕུལ་ཞིང་དམག་དྲངས་ཏེ་ཚོགས་པ་རྣམས་ཧོར་དམག་གིས་བརྡུང་། དགེ་འདུན་ཁྲི་ཕྲག་ནམ་མཁའ་འཕུར་ཏེ་རི་རྩེར་བབས་པས་ད་ལྟའང་ཁྲི་འཕུར་རིར་གྲགས། དེ་རྣམས་མཁའ་སྤྱོད་དུ་དེངས་པ་སོགས་ངོ་མཚར་གྱི་གྲུབ་རྗེས་བསྟན་པའི་མིང་ཙམ་མ་གཏོགས་འཇིག་སོང་། དེ་ནས་བཟུང་བདུད་ཀྱི་ཉེར་འཚེ་འགའ་ཡི་བསྟན་པ་ཇེ་ཕྲ་རུ་སོང་ཀྱང་། ད་ལྟའི་བར་རིག་འཛིན་བརྒྱུད་པའི་ཟམ་མ་ཆད་པའི་གྲུབ་བརྙེས་འབྱུང་བའི་གདན་ས་ཁྱད་པར་དུ་འཕགས་པའི་གནས་ཆེན་པོ་འདིར། འཕགས་པས་བདེན་པའི་མཐུ་དང་རྡོ་རྗེ་གསུང་ལ་ནམ་ཡང་ཆུད་ཟ་བ་མི་མངའ་བས་དེ་དང་མཐུན་པ་མངོན་སུམ་དུ་གྱུར་ཅིང་རིམ་པར་བྱོན་པ་དག་གི་ཕུན་སུམ་ཚོགས་པའི་རིགས་རུས་དང་གཅིག་པའི་ཡབ་སྐྱུ་ར་བ་དཀོན་མཆོག་ཚེ་བསམ་ཞེས་མི་གཤིས་དྲང་ཞིང་དད་དང་དགེ་བློ་ཡིས་ཕྱུག་པ་དང་། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཨུ་རྒྱན་གྱི་སློབ་དཔོན་པདྨ་སམ་བྷ་ཝས་ཡེ་ཤེས་སྒྱུ་མའི་སྐུ་ཡིས་ལན་གྲངས་དུ་མར་རྗེས་སུ་བཟུང་བ་པདྨ་མཚོ་མོ་ཞེས་དམ་པའི་ཆོས་ལ་ལྷག་པར་དགའ་ཞིང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་འབྱོངས་བ་གང་གི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ལྕགས་བྱི་ལོ་ཡི་ཌཱཀྐི་འདུ་བའི་དུས་ཆེན་ལ་ཡུམ་གྱི་ལྷུམས་སུ་ཞུགས་ཤིང་། དེ་དང་མཐུན་པར་བགྲང་བྱ་ཁྱུད་འཁོར་ཙམ་ཞིག་ལ་མ་རེག་པའི་རབ་ཚེས་ལྕགས་གླང1901ལོ་ཡི་འབྲས་ལྡན་གཡུར་དུ་ཟ་བའི་གསེར་མདོག་གི་ལང་ཚོ་འབར་བའི་དུས་ཀྱི་ཚིགས་སུ་མཚོ་འཁྲུངས་རྒྱལ་བ་གཉིས་པའི་མཛད་པ་ཕུལ་བྱུང་ཐམས་ཅད་ཀྱིས་དུས་ཀྱི་དགེ་བའི་ཆར་མདོ་ཁམས་ས་ཡི་ཐིག་ལེ་སྒོམ་སྡེ་ནང་ཆེན་ཞེས་ཡུལ་ལ་འབྱོར་ཕྱུག་རྒྱས་ཤིང་མི་ལ་དགེ་བཅུ་འཛོམས་པའི་ཡུལ་གྱི་དབུས། གནས་མཆོག་མི་གཡེལ་དཔལ་གྱི་ཕུག་ཅེས་མཁས་དང་གྲུབ་པ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་དང་། ཁྱད་པར་དུ་གངས་རི་སུལ་ན་སེང་གེ་དཀར་མོ་སྲབ་མེད་དུ་འཆོར་བའི་གྲུབ་ཐོབ་ཆེན་མོ་གསལ་སྟོང་ཤོག་སྒོམ་དང་། སྒྲུབ་བརྒྱུད་རིན་པོ་ཆེ་ཡི་བསྟན་པའི་རྒྱལ་མཚན་ཕྱོགས་དང་རིས་སུ་མ་ཆད་པ་གཅིག་ཏུ་དཔལ་བའི་ལྷོ་དཀོན་མཆོག་འཕྲིན་ལས་རྣམ་རྒྱལ་དང་བཅས་པས་མཆོག་གི་སྒྲུབ་པའི་གནས་སུ་བྱིན་གྱིས་བརླབས་ཤིང་ལས་ཅན་རྒྱ་མཚོ་ལ་སྨིན་གྲོལ་གྱི་དངོས་གྲུབ་སྟེར་བའི་གདན་ས་རུ་གྱུར་བའི་གནས་དང་ཧ་ཅང་མི་རིང་བའི་ཉེ་འདབས་སུ་སྐུ་བལྟམས།

དེའང་རྗེ་ཉིད་ཀྱིས་མཛད་པའི་གསོལ་འདེབས་སྨིན་གྲོལ་ལམ་མཆོག་ལས། ང་རང་རྔ་ཡབ་གླིང་ནས༔ ལྷ་བུ་ཟླ་རྒྱལ་འབོད་དོ༔ པདྨའི་གཅེས་སྤྲུག་ཡིན་ནོ༔ རིག་འཛིན་རྗེ་འབངས་ཉེར་ལྔ༔ བདག་གི་མཆེད་གྲོགས་ཡིན་ནོ༔ ད་དུས་དུས་ངན་སྙིགས་མ༔ འདུལ་དཀའ་འདུལ་བའི་སླད་དུ༔ ལས་དང་བག་ཆགས་སད་པའི༔ བུ་ཁྱོད་སོང་ཞིག་གསུངས་པས༔ སྟོང་དང་རྩ་གཉིས་དམ་ཆུ༔ མཚོ་རྒྱལ་ལྕེ་ལ་བླུད་ནས༔ པདྨའི་བཀའ་འདི་སྒྲུབ་པའི༔ བྱི་བའི་ཉེར་ལྔའི་དུས་སུ༔ རྫ་ཟླ་ཟལ་མོའི་སྒང་དུ༔ པདྨའི་མཚོ་ལ་ཞུགས་སོ༔ གླང་གི་སྟོན་ཟླ་ཟླ་བའི༔ ཚེས་བཅུའི་དུས་ཆེན་ཉིན་དུ༔ དམར་མོ་མེ་ཡི་གོས་གྱོན༔ འཇིག་རྟེན་འགྲོ་བ་འདྲེན་ཕྱིར༔ ད་དུས་མུན་གླིང་སླེབས་པས༔ ཞེས་པ་སོགས་སུ་གསུངས་ལྟར་དུ་དང་ཐོག་ལྷུམས་སུ་མ་ཞུགས་གོང་དུ། ཉིན་ཞིག་གི་ཚེ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་པདྨ་མཚོ་མོ་ཡིས་སྔ་སོར་ཡེ་ནས་གཟིགས་མ་མྱོང་བ་སྐུ་ཡི་ཟིལ་ཆེ་ལ་བག་ལྷོད་པ། བོངས་མཐོ་ལ་བརྗིད་རྔམས་པ། ཤངས་ཀྱི་གཟེངས་མཐོ་ལ་གུག་ཅིང་རིང་བ། ཨུ་རྒྱན་ཆེན་པོ་ཡིན་སྙམ་པ་ཞིག་སྐུ་གམ་དུ་ལྷག་ནས་ཧ་ཅང་མི་རིང་བའི་དུས་ཀྱི་མ་འོངས་ན་ཁྱོད་ལ་སྲས་གཅིག་འཁྲུངས་བ་འདུག་པས་དེ་ཡི་མཚན་ལ་རིན་ཆེན་ཆོས་འགྲུབ་ཏུ་གསོལ་མཛོད་ཅེས་གསུངས་བ་དང་མཐུན་པ་མ་འགྱངས་བ་ཡུམ་ལ་མངལ་དུ་སྦྲུམ་པར་གྱུར། རྟིང་སོང་དུའང་ཨུ་རྒྱན་གྱི་མ་ཧཱ་གུ་རུ་སྐུ་དངོས་ལན་གྲངས་དུ་མར་བྱོན་ཅིང་བྱིན་གྱིས་བརླབས་པའི་ཚུལ་ཡང་ཡུམ་ཆེན་གང་གི་དག་པའི་གཟིགས་སྣང་དུ་བྱུང་བ་དང་། ཡུམ་གྱི་པདྨོའི་སྦུབས་ལས་སྐུ་ཡི་མཚན་དཔེའི་དཀྱིལ་འཁོར་གསར་དུ་བཞད་པའི་དུས་ཀྱི་ཚེ་ཡང་ཆེ་དགུ་མ་ལུས་དབང་གི་འོད་ཟེར་དམར་པོ་རྡོ་རྗེ་པདྨའི་ལྕགས་ཀྱུའི་འཕྲུལ་ཐབས་ཀྱིས་བརྟན་གཡོའི་ཆོས་ཀུན་བདེ་བ་ཆེན་པོའི་ཀློང་དུ་བསྡམས་ཤིང་གང་སྣང་སོ་སོར་རྟོགས་པའི་ཡོ་ལང་དུ་སད་པའི་ཆེ་བའི་བརྡ་མཚན་དུ་དབང་གི་མདངས་འཆང་ཕྲུ་མ་ཆོས་གོས་ཟོལ་དུ་བཀལ་བ་སོགས་ངོ་མཚར་མཆོག་གིས་སྐལ་བཟང་སྐྱེ་དགུའི་མིག་གི་བདུད་རྩིར་གྱུར་བར་གྲགས། སྐུ་ན་ཅུང་སོན་པ་དང་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཟབ་མོའི་སྟོབས་ལས་གསང་བ་མཆོག་གི་ཆོས་ཚུལ་མཐའ་ཡས་ཟབ་གཏེར་དུ་འབྱོན་ཞིང་ཕྱོགས་ལྷུང་དང་རྒྱ་ཆད་བྲལ་བས་ཉོན་མོངས་དུཿཁས་རབ་ཏུ་གཙེས་པའི་སྐྱེ་དགུ་ཡོངས་ལ་ཕན་བདེའི་སྒོ་འཕར་འབྱེད་པའི་རྣམ་ཐར་སྐྱོང་བའི་དུས་སུ་སད་པ་ཐུགས་སུ་འཁྲུངས་ཤིང་། འཇིགས་པ་མེད་པར་རྒྱ་གར་གི་གྲུབ་ཐོབ་ཆེན་པོ་རྣམས་སྤྱོད་པ་ལ་གཤེགས་པ་ལྟར་གནས་ངེས་མེད་དུ་ཡབ་གཞིས་ཀྱི་མཐིལ་བཅོལ་གང་བྱུང་དེས་ཆོག་གི་རྒྱལ་ཁམས་གཅེས་ཕྲུག་གཞོན་ནུ་ཞིག་ཏུ་མཛད་པར་བསྐྱང་ཏེ་མངོན་དུ་ཕྱོགས་པའོ། རྫོགས་ཆེན་ཤྲཱི་སེང་ཨ་ཁྲི་གནས་མཆོག་ཏུ་འཕགས་མཆོག་འཇམ་དཔལ་གཞོན་ནུ་འདུལ་དཀའ་འདུལ་བའི་སླད་དུ་གཏུམ་ཆེན་ཁྲོ་བོའི་སྐུལ་བཞེངས་པའི་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐུ་བརྙན་བཀོད་པ་སྤུས་ལེགས་བྱིན་ལྡན་ཞིག་གཏེར་ནས་བཞེས་ཤིང་གླང་ལོ་གནས་མཆོག་དབེན་ཁྲོད་ར་མེ་ཤྭ་རི་ནས་ཁྲོམ་གཏེར་དུ་བླ་མ་འཇམ་དབྱངས་ཀྱི་སྒྲུབ་ཐབས་མ་རིག་མུན་སེལ་ཌཱཀྐིའི་བརྡའ་རིས་སུ་ཕབས་སྟེ་ཡ་མཚན་གྲུབ་པའི་སྤྱོད་པ་ཡ་མ་ཟུང་དུ་ཁད་ཀྱིས་ངོམ་པའི་ཐོག་མར་གཟིམ་མེད་བསྐལ་བའི་མར་མེ་ཆེན་མོ་རང་འབར་བརྒྱག་ཏུ་བཅུག་པའི་རྫུ་འཕྲུལ་སྟོན་པ་དང་སྡེ་དགེའི་བསྟན་པ་ཆོས་སྲིད་ལ་ཕན་པའི་འདན་སྟོད་སྐྱུ་ར་བྲག་ཏུ་ཟབ་གཏེར་དུ་མཆིས་པའི་གནམ་ལྕགས་ཀྱི་ཕུར་པ་དང་སྒྲོལ་མ་དམར་མོ་གང་དེ་སྤྱན་དྲངས་ནས་སོམ་ཉིའི་སྒྲོག་གི་འཆིང་བ་དག་གིས་ཀྱང་བསྙོན་དུ་མེད་པའི་དངོས་སུ་རྟགས་ཀྱི་གྲུབ་བར་བྱས། ས་སྐྱོང་སྡེ་དགེ་རྒྱལ་པོའི་དབུ་བླ་ཆེ་ཁག་ལྔ་ཡོད་པའི་ཐམས་ཅད་ཀྱི་གཏེ་བོར་གྱུར། འཆི་མེད་མཚོ་འཁྲུངས་རྒྱལ་བ་ཡབ་ཡུམ་གྱིས་དྲག་པོ་སྒྲུབ་པའི་གནས་སུ་བྱིན་གྱིས་བརླབས་ཤིང་རྟག་ཏུ་མཁའ་འགྲོ་འདུལ་བའི་ནུབ་ཕྱོགས་ཞིང་དྷཱུ་མ་ཐཱ་ལ་དང་དོད་མཉམ་པའི་གནས་མཆོག་འབྲི་གུང་གཞོག་སྟོད་གཏེར་སྒྲོམ་དུ་ཞབས་སོར་འཁོད་པར་གྱུར། ཆོས་རྒྱལ་ཕུན་ཚོགས་ཀྱིས་བསྙེན་བཀུར་ལ་བརྟེན་ཏེ་སྐྱིད་ཀྱི་བྲག་དཀར་དུ་ཚོགས་མཛད་ནས་མཚོ་རྒྱལ་གྱི་སྙན་རྒྱུད་དག་སྣང་གི་དགོངས་གཏེར་སྤེལ་བ་སོགས་ཟབ་གཏེར་དུ་མ་ཞིག་དྲངས། མགོན་པོ་འབྲི་གུང་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་བཀའ་བབ་བཞི་ཡི་རིག་འཛིན་གྲུབ་ཐོབ་ས་ཆེན་པོའི་རྡུལ་ལ་བསྒྲིན་ཅིང་ཞིང་དེར་རྡོ་རྗེའི་གླིང་དུ་བསྒྱུར་བའི་གནས་སུ་བྱོན་ཏེ། གསར་འགྱུར་རྒྱུད་སྡེ་རྒྱ་མཚོ་དང་སྙན་རྒྱུད་ནོར་བུའི་སྐོར་ཚོ་དཔེས་མཚོན་ཐབས་གྲོལ་མན་ངག་ཟབ་མོ་ཆིས་སོ་ཅོག་རྣམས་བུམ་པ་གང་བྱོའི་ཚུལ་གྱིས་མནོས་ཏེ། དོན་གྱིས་དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་མཛོད་ཆེན་པོ་བདག་གིར་བཞེས་ཤིང་ཕྱག་རྫོགས་ཆུ་བོ་གཅིག་འདྲེས་ཀྱི་རིང་ལུགས་སུ་གྱུར་པའི་བསྟན་པ་སྤེལ་མཛད་དོ། དེའི་སྐབས་ཤིག་གི་ཚེ་སྐྱབས་མགོན་ཆེན་པོའི་སྐུ་ལ་ཀླུ་ཡི་ནད་ཡམས་ཀྱིས་འཚེ་བ་འབྱུང་བས། རིམ་གྲོ་སྣ་ཚོགས་བསྒྲུབ་ཀྱང་ཕན་པ་བྲལ་ཏེ། རྗེ་འདི་ཉིད་གདན་འདྲེན་དུ་བྱུང་བས། ཁོ་བོས་སྐྱབས་མགོན་མཆོག་ལ་ཕན་དུ་རེ་ནས་རྟ་མཆོག་རོལ་བའི་སྒྲུབ་སྐོར་རྣམས་གཏེར་གྱི་ཤོག་སེར་ལས་གཏན་དུ་ཕབ་པས་སྐུ་བསྙུང་བ་ལས་གྲོལ། དེ་ནས་གྲུབ་དབང་པདྨ་སཾ་བྷ་ཝས་ཞབས་ཀྱིས་བཅགས་ནས་བྱིན་གྱིས་བརླབས་ཤིང་བོད་ཁམས་ལ། དམ་པའི་ཆོས་ཀྱི་སྣང་བའི་རྟེན་འབྲེལ་གྱི་སྒོ་འཕར་ཐོག་མར་འགྱེད་པའི་ཡུལ་ཀོང་སྨད་དུ་བྱོན། དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་ཆོས་སྡེ་དང་སྒྲུབ་གྲྭ་བ་ཡིས་ཁྱབ་པར་མཛད། རབ་ཚེས་ས་སྦྲུལ་ལོར་རྒྱ་ལ་གདོང་ཐོག་འོད་གསལ་གླིང་དང་འཇམ་དཔལ་སྐུ་ཡི་སྒྲུབ་གནས་རིག་འཛིན་ལྷ་ཁང་སོགས་སུ་བླ་མ་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་མ་རིག་མུན་སེལ་གཏེར་དུ་བཞེས་ཏེ་བགྲང་བྱ་ལྔ་ཕྲག་གི་ཡུན་དུ་གསང་རྒྱ་བཏབ་པ་དེ་ཉིད་ཀྱི་མཚོན་ཏེ་གཏེར་ཆོས་དུ་མ་ཞིག་ཤོག་སེར་ལས་གཏན་དུ་ཕབ་པར་མཛད། རྒྱ་ལ་དམ་པ་ཆོས་འཁོར་གླིང་གི་ཉེ་འདབས་ཀྱི་བྲག་རྒོད་ཅིག་ལས་རྒྱལ་ཀུན་ཐུགས་ཀྱི་གསང་བ་ཟབ་མོ་མཚན་མ་རྫས་སུ་ཤར་བའི་རང་བྱུང་གི་རྡོ་རྗེ་མཁྱིད་གསུམ་ཙམ་གྱི་ཚད་དུ་ལོངས་པ་ཞིག་གཏེར་ནས་དྲངས། ལོ་དེ་ཉིད་དུ་གཏེར་སྲུང་གཉན་པོས་བསྐུལ་བར་བསྟེན་སྔོན་གྱི་ཚེ་བྲག་ཕུག་མ་ར་ཏི་ཀ་རུ་དཔལ་ཨོ་རྒྱན་མ་ཧཱ་གུ་རུ་དང་ཚེ་སྟེར་ལྷ་ལམ་མནྡ་ར་བས་འཆི་མེད་གྲུབ་པའི་རིག་འཛིན་ལང་ཚོ་བརྙེས་ཤིང་བཅོམ་ལྡན་ཚེ་དཔག་མེད་མགོན་ལ་གསང་བའི་མཎྜལ་ཕུལ་ཏེ་ཚེ་སྒྲུབ་སུམ་བརྒྱ་ལྷག་ཙམ་ཞུས་པའི་ཐམས་ཅད་ཀྱི་ཡང་ཞུན་དུ་གྱུར་བ་ཚེ་སྒྲུབ་གསང་བ་ཀུན་འདུས་ཀྱི་ཆོས་སྐོར་རྣམས་ཚེ་ཡི་ལུང་མཆོག་སྦས་ལུང་པདྨ་དྲྭ་བའི་རི་བོ་གནམ་ལྕགས་འབར་བའི་ངོས་ཀྱི་བྲག་སེང་གེ་གནམ་མཆོང་འདྲ་བའི་ལྟོ་བའི་གནས་ཀྱི་ཆར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཟབ་མོ་བསྡམས་ཏེ་གཏེར་དུ་སྦས་པའི་གང་དེ་འདྲེས་པར་མཛད། ཕུར་པ་རྡོ་རྗེ་གཞོན་ནུ་ཡི་མན་ངག་ཤིན་ཏུ་མང་པོ་ཞིག་གཏེར་དུ་སྦས་པ་ལས་བཅོམ་ལྡན་རྡོ་རྗེ་གཞོན་ནུའི་སྒྲུབ་ཐབས་བདུད་དཔུང་ཟིལ་གནོན་དེ་ཉིད་འགྲོ་དོན་གྱི་དུས་སུ་བབ་སྟེ། ཐིམ་གུ་རུ་སྒྲུབ་ཕུག་ཏུ་ཟབ་མོ་གཏེར་ལས་དྲངས་ནས་གཏན་ལ་ཕབ། དཔལ་འཁོར་ལོ་དྲྭ་བ་སྡོམ་པའི་ཐུགས་ཀྱི་གནས་ཙ་རིར་གནས་གཟིགས་སུ་ཕེབས་པའི་དུས་ཀྱི་ཚེ་བདེ་མཆོག་གི་སྐུ་རྟེན་ཞིག་ཀྱང་གཏེར་ནས་སྤྱན་དྲངས་ཏེ་གནས་མཆོག་དེ་གའི་ཆོས་གཞིས་ཞིག་ཏུ་བཞུགས་སུ་གསོལ་བར་གྲགས། ས་སྦྲུལ་ལོ་ཡི་སྨད་ཙམ་དུ་འབྲི་གུང7སྐྱབས་མགོན་ཚེ་ཚང་རིན་པོ་ཆེས་གདན་ཞུས་ཀྱི་ཕོ་ཉ་ཀོང་ཡུལ་དུ་འབྱོར་བ་ལྟར་དེའི་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་བས་ཕུད་དུད་བླ་ན་མེད་པར་ཞུས་ཤིང་། རྗེ་ཉིད་ནས་ཀྱང་སྐྱབས་མགོན་མཆོག་གི་གཙོས་ཡུལ་ཕྱོགས་དེའི་སྐྱ་སེར་དྲག་ཞན་མཐའ་དག་སྔོན་གྱི་ཐུགས་སྨོན་གྱིས་བསྡུས་པའི་སྐལ་ལྡན་གྱི་གདུལ་བྱ་སྨིན་གྲོལ་གྱི་མཛད་པར་སྐྱོང་བ་དུས་ལ་བབ་པར་གཟིགས་ནས་གསང་ཆེན་རྡོ་རྗེའི་ཐེག་པའི་སྨིན་གྲོལ་གྱི་ལམ་ལ་བཀོད། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ཕུར་པ་རྡོ་རྗེ་གཞོན་ནུའི་བཀའ་བབ་སྟེ། མན་ངག་ཁྲིད་ཀྱིས་སྡོམ་པ་ཆིག་བརྒྱུད་ཌཱཀྐིས་བརྡ་ལུང་གི་བསྐུལ་བ་ལ་བརྟེན་ནས་སྤྱན་དྲངས། ལྕགས་རྟ་ལོར་རྗེ་ཉིད་སྔོན་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་སུ་སྐྱེ་བ་བཞེས་ཏེ་ཟབ་ཆོས་དུ་མ་ཞིག་གཏེར་ནས་བཏོན་པའི་སྐབས། ཚོགས་ཁང་ཀེ་རུ་ཡངས་རྫོང་མཁའ་འགྲོ་གསང་ཕུག་ཏུ་དམ་ཆོས་དགོངས་པ་ཡང་ཟབ་གཏེར་ནས་དྲངས་པའི་འཕྲོ་ལུས་སུ་གྱུར་བ་རྣམས་འཕྲིན་ལས་ཀྱི་རྒྱུན་འཁྱོངས་ཏེ་གཏེར་མཐའ་བསྡུས་ནས་རྫོགས་པ་འདྲེན་བར་མཛད་པ་དང་ལྷན་དུ་རྟེན་ཞིག་ཀྱང་དྲངས་ཤིང་། སྐྱབས་མགོན་མཆོག་ཀྱང་སྨོན་ལམ་དབང་གིས་གསང་བའི་དཀྱིལ་འཁོར་དུ་འཇུག་པ་གཅིག་པའི་བཀའ་བབ་ཀྱི་རྩ་བའི་ཆོས་བདག་ཏུ་གྱུར་བའི་རྟེན་འབྲེལ་ལེགས་ཚོགས་སུ་འབྱོར་བས། འབྲི་གུང་གདན་ས་མཐིལ་དུ་དག་པར་གཏན་ལ་ཕབ་ནས་སྤེལ་བ་བགྱིས་པ་དང་། ཡང་ཟབ་མཁའ་འགྲོ་སྙིང་ཐིག་ཀྱང་གནས་མཆོག་དེ་ག་ནས་སྤྱན་དྲངས་སོགས་ཆོས་ཀྱི་གཏེར་བརྡོལ་བ་ལ་བརྟེན་ཟབ་གསང་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་ཞིག་བསྟན་པ་རིན་པོ་ཆེ་ཡི་བཙས་སུ་བཞག་ནས་ཁམས་ཕྱོགས་སུ་ཆིབས་བསྒྱུར་གནང་། སྐྱུ་ར་མི་འགྱུར་པའི་གནས་ཆེན་དྲུག་དང་གནས་ཕྲན་བརྒྱ་རྩ་ཐམས་ཅད་ཀྱི་གཏེ་བོ་ཡི་ས་མིག་ཁྱད་པར་ཅན་ཞིག་ཡིན་པ་ལྟར་དུ་གནས་དེར་རང་ལུགས་དྲི་མ་མེད་པ་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བསྟན་པ་སྤྱི་དང་། སྒོས་སུ་དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྟེན་འབྲེལ་གྱི་གསང་བ་ཟབ་མོ་ཡོད་འདུག་པ་དང་། ལྷག་པར་དུ་རྗེ་ཉིད་གདན་ས་འདི་ཉིད་ཀྱི་བདག་པོར་གྱུར་པའི་སྐྱུ་ར་བ་ཡོངས་ཀྱི་སྤྱི་མྱེས་སྦས་པའི་རྣལ་འབྱོར་བ་ཆེན་པོ་ཨ་མྱེས་ཚུལ་ཁྲིམས་རྒྱ་མཚོ་དང་ཐུགས་རྒྱུད་གཅིག་པར་ཡིན་སྟབས། འདི་ཉིད་ཉམས་གསོ་ཡི་རྟེན་འབྲེལ་གྱི་ལས་འཕྲོ་མངའ་བ་ཡིན་འདུག་ཅིང་། དེ་བཞིན་དུ་སྐྱབས་མགོན་མཆོག་གིས་ཀྱང་བསྐུལ་བ་ནན་ཏུར་དུ་ཕུལ་ཏེ། མདོ་ཁམས་སུ་དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱི་རིང་ལུགས་འཆང་ངོ་ཅོག་གི་བསྟན་པ་སྤྱི་ལ་གཟིགས་སྐྱོང་དང་འཛིན་སྤེལ་གནང་བའི་ཐུགས་སྨོན་ཞུས་པ་དང་ཆབས་གཅིག་ཏུ་བསྟན་པའི་བདག་པོར་ཡིན་པའི་འཇའ་ས་སོགས་ཕུལ་ཏེ་མངའ་གསོལ་གཟེངས་བསྟོད་གཟབ་རྒྱས་ཀྱི་རྟེན་འབྲེལ་སྤེལ་བ་དང་། སྐྱེལ་བརྫང་དུ་བདོག་པ་གྱ་ནོམ་པ་ཕུལ་ཏེ་སྟོད་འཁོར་བཅུ་ཕྲག་གཉིས་ལས་བརྒལ་བ་དང་ལྷན་རྒྱས་ནས་རྗེ་ཉིད་ལ་དབང་བའི་མ་འོངས་ཀྱི་ཕྲིན་ལས་ཕྱོགས་སུ་མངོན་པར་མཆིས་སོ། མདོ་ཁམས་འཕྱོར་མོ་ཡུལ་གྱི་ཆུ་བཞི་སྒང་དྲུག་ས་ཡི་ཐིག་ལེ་ཆར་ལྷ་བབ་སྐྱུ་རའི་མཛོད་ཀྱི་ས་དེར། བསྐལ་བ་ཆུ་སྤྲེལ་ལོ་སྐྱུ་ར་བྱང་ཆུབ་གླིང་ངམ་སྒྲོལ་ཐང་བྱང་ཆུབ་གླིང་ཞེས་པ་དེ་ཉིད་ཕྱག་བཏབ་གནང་བ་དེ་ཡང་། སྲིད་པ་སྒ་ཆགས་ལས་ཇི་སྐད་དུ། སྐྱུ་རའི་ཤེལ་གྱི་མཆོད་རྟེན་བོང་མཐོ། སྒ་བ་ནམ་མཁའི་གདུགས་ལྟར་ཁེབས་ཆེ། འདན་སྟོད་བྲག་རྩ་སྐྱུ་རས་བཟུང་། བྲག་རྩ་མི་འགྱུར་གནས་ཤིག་ཡིན། ཞེས་སོགས་འཁོད་པ་ལྟར། སྔོན་གྱི་ཚེ་མདོ་ཁམས་སུ་དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱི་རིང་ལུགས་ཤིན་ཏུ་དར་བའི་སྒང་ལ་རིང་ལུགས་དེ་ཡི་རྗེས་འབྲངས་ཀྱི་ཆོས་གཞི་ཡོངས་ཀྱི་མ་དགོན་གྱི་གཙོ་བོ་གྱུར་བ་ལྟར་དུ། དེ་སྐབས་སུ་ཡང་རྗེ་ཉིད་ཀྱི་རླབས་ཆེན་ཐུགས་རྗེ་ཡིས་དྲངས་བའི་ཕྲིན་ལས་ཀྱིས་རྟེན་དང་བརྟེན་པ་བཅས་ལེགས་པ་རྣམ་པར་གྲུབ་པ་བྱས་ཤིང་། འབྲི་བསྟན་སྒྲུབ་རྒྱུད་དོན་གྱི་སྙིང་པོའི་བསྟན་པ་སྣང་བ་ཉག་ཕྲ་བ་རིང་མོའི་མར་མེ་ལྟ་བུ་གནས་སྐབས་དེར་མཉམ་མེད་རཏྣ་ཤྲཱིའི་ལུང་རྟོགས་གདོང་ལྔའི་ཁྲི་ལ་རང་སྟོབས་ཀྱིས་འཛེགས་ནས་སྨིན་བྱེད་ཀྱི་དབང་གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་མན་ངག་གིས་རྨད་བྱུང་བསྟན་པའི་སྙིང་པོའི་རབ་ཏུ་ཡང་དག་པར་གསལ་བར་མཛད་པས་དྲི་ལྡན་མེ་ཏོག་ལ་སྦྲང་ཚོགས་འདུས་པ་དང་མཚུངས་པ་འཇུག་པའི་སྒྲུབ་བརྒྱུད་འབྲི་གུང་པའི་བསྟན་འཛིན་གྱི་ཆེ་དགུར་གྱུར་པ་རྩེ་སྤྲུལ་རྡོ་རྗེ་འཆང་དཀོན་མཆོག་ངག་དབང་ཕྲིན་ལས། ཁྲི་ཆེན་མ་ཧཱ་མཉྫུ། གྲུབ་དབང་སྒྲུབ་བརྒྱུད། ཀློང་བརྡོལ་བ་ཨ་གྲགས་སྤྲུལ་བའི་སྐུ་མཆོག ཉི་རྫོང་ཁྲི་ཆུང་རིན་པོ་ཆེ། ཏཻ་ལོ་གཉིས་པ་ཨ་རྟོགས་མགར་སྒྱུར་འཕྲུལ་བདེ་ཆེན་རྡོ་རྗེ། འདུལ་འཛིན་ཆེན་པོ་ཆོས་མཛོད་ཀུན་མཁྱེན། རྩ་རླུང་ལ་ནང་བྱན་ཚུད་པའི་ཆོས་མཛོད་བསྟན་གྲགས་རིན་པོ་ཆེ། ཨཱ་དབྱངས་ཨ་སྐུ་རིན་པོ་ཆེ་མཆོག་དང་། ལྷོ་བ་མཁའ་ཁྱབ་རྡོ་རྗེ། ཡ་མ་རི་གྲུབ་པའི་རྣལ་འབྱོར་ཆེན་པོ་ཉི་རྫོང་ཟུར་རྒན་སོགས་བླ་སྤྲུལ་རྣམས་དང་། དགོན་སྡེ་སོ་སོར་ནས་གདན་ས་དེར་ཆེད་མངགས་ཀྱིས་བཞུགས་པའི་མཚམས་གྲྭ་ཁག་གིས་མཚོན་འདུས་པ་རྒྱ་མཚོའི་གསན་བསམ་སྒོམ་སྒྲུབ་ཀྱི་རྒྱུན་ཡང་དབྱར་གྱི་མཚོ་མོ་ཇི་བཞིན་འཕེལ་བ་གྱུར། དེའི་སྐབས་སུ་སྐུ་གསུང་ཐུགས་རྟེན་དང་གཞན་མཆོད་ཆའི་རིགས་དང་འདུ་ཁང་སོགས་ཀྱི་སྐོར་ལ། ཨོ་རྒྱན་ཞལ་གྲགས་མ་ཞེས་པ་ལི་མ་ལས་གྲུབ་པའི་སྐུ་ཁྲུ་གང་ཅན་གཅིག སྟོན་པ་མེ་རྡུགས་ཞེས་ལི་མ་ལས་གྲུབ་པའི་སྐུ་བྱིས་པ་ལོ་བཅུ་གཉིས་ཀྱི་ཚད་ཅན། སྒྲོལ་མའི་གསེར་སྐུ་ལི་མ་ཚུན་ལྔ་ཅན་གཙོས་༡༠༨སྐུ་ཡི་རྟེན། ཐུགས་རྟེན་དུ་མཆོད་རྟེན310འབུམ་རྒྱས་འབྲིང་བསྡུས་གསུམ་གསེར་བྲིས་ཅན་དང་། རིན་ཆེན་གཏེར་མཛོད་དང་བཀའ་བརྒྱུད་སྔགས་མཛོད་ཆེན་མོའི་གཙོས་གསུང་པོད་༥༨༠ལྷག ཐུབ་པའི་མཛད་རྣམ་བཅུ་གཉིས་གསེར་གྱིས་བྲིས་པའི་ཞལ་ཐང་༡༢གཙོས་ཞལ་ཐང200རྒྱལ་དབང་རིག་འཛིན་ཆོས་གྲགས་ཀྱི་གཏེར་མ་སིལ་སྙན་འབྲུག་གྲགས་ཞེས་པ་ཆ་གཅིག གསེར་དངུལ་བཀྲ་མའི་རྨ་གླིང་ཆ་༢གསེར་དངུལ་བཀྲ་མའི་ཀོང་བུ་དང་ཏིང་བདུན་ཆ་གཉིས་གཙོས་མཆོད་ཆའི་རིགས་ཉེར་མཁོ140ལྷག་དང་། གཞན་ཡང་རྒྱ་བཟའ་ལྷ་གཅིག་སྒྲོལ་མས་དར་ནག་ལ་གསེར་གྱི་རྒྱ་ཡིག་བྲིས་པའི་ཕྱག་ཐམ་རྒྱག་པ་ཞིག་དང་། རྗེ་མི་ལ་རས་པའི་སྒོམ་ཐག་དངོས་དང་། ཆོས་རྒྱལ་འཕགས་པའི་དབུ་ཐོད། གླིང་གི་རྒྱ་ཚའི་རྨོག་སོགས་བདོག་པའི་ཁྱད་འཕགས་དུ་མ་ཞིག་བཞུགས། འདུ་ཁང་དང་མགོན་ཁང་། ཆོས་དྲུག་སྒྲུབ་ཁང་། གཤིན་རྗེའི་སྒྲུབ་ཁང་། དཔེ་མཛོད་དང་བཤད་གྲྭ། དུར་ཁྲོད་དུ་ཞི་ཁྲོ་ལྷ་ཁང་། གཏེར་སྟོན་བླ་བྲང་། པར་ཁང་། གདུང་འབུམ་དང་གདོན་པའི་ར་བ་སོགས་ཀྱི་བསྟན་འགྲོར་སྨིན་པའི་བྱ་བ་རྒྱ་ཆེར་སྤེལ་མཛད་དེ། རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག1952ལོར་དབྱར་ཟླ་འབྲིང་པོ་ཚེས13ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ། རྗེ་དེ་ཉིད་ཀྱི་གདུང་སྲས་རིག་པའི་ཆོས་དབྱིངས་རྡོ་རྗེ་ནི། ཡབ་འབྲི་གུང་སྐྱུ་ར་བ་གཏེར་ཆེན་རིག་འཛིན་འོད་གསལ་རྡོ་རྗེ་དང་ཡུམ་མཁའ་འགྲོ་མ་མཁའ་སྤྱོད་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་མེ་ཁྱི1946ལོར་འདན་སྟོད་སྐྱུ་ར་བྱང་ཆུབ་གླིང་དུ་སྐུ་འཁྲུངས་ཤིང་། དགུང་ལོ་དྲུག་ནས་རྟོགས་ལྡན་བོ་རྒྱུད་པདྨ་བཀྲ་ཤིས་དང་ཨཱ་དབྱངས་ཨ་སྐུ་རིན་པོ་ཆེའི་དྲུང་ནས་ཡི་གེ་འབྲི་ཀློག་སྦྱོང་བར་མཛད། ཉི་རྫོང་ཁྲི་པ་དབང་ཆེན་རྒྱ་མཚོ་ཡི་དྲུང་ནས་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་དང་ལྔ་ལྡན་གདམས་ཟབ་གནད་ཀྱི་མན་ངག་གི་ཉམས་ཁྲིད་དང་རིག་གནས་བཅས་གསན། གཏེར་སྟོན་འོད་གསལ་རྡོ་རྗེ་དང་། རྩེ་སྤྲུལ་རྡོ་རྗེ་འཆང་དཀོན་མཆོག་ངག་དབང་འཕྲིན་ལས། ཆོས་མཛད་ཀུན་མཁྱེན་རིན་པོ་ཆེ། ལྷོ་བ་མཁའ་ཁྱབ་རྡོ་རྗེ་སོགས་ཀྱི་དྲུང་ནས་རིན་ཆེན་གཏེར་མཛོད་དང་སྒྲུབ་ཐབས་ལྔ་བཅུ། བཀའ་བརྒྱད། ཡང་ཟབ་ཞི་ཁྲོ། པོ་ཏི་སྨུག་ཆུང་། སྒྲོལ་མ་དམར་མོ། ཕུར་ཆེན་ཕུར་ཆུང་། ཡང་ཟབ་དུང་ཤོག་དཀར་པོའི་ཆོས་སྡེ་བཅས་མདོ་རྒྱུད་ཀུན་གྱི་ཡང་སྙིང་རྣམས་ཀྱི་དབང་ལུང་ཁྲིད་གསུམ་ལེགས་པར་གསན། སྤྱི་ལོ1958ལོར་དུས་ཀྱི་ཡོ་ལང་ཆེན་པོ་བྱུང་རྐྱེན་དགོན་སྡེ་དང་རིགས་རུས་མཐོ་བའི་མི་རྣམས་ལ་བསམ་ཡུལ་འདས་པའི་མྱོང་བ་ཆེན་པོ་ཞིག་བྱུང་ལ། རྗེ་འདི་ཉིད་ཀྱང་དྭ་བུར་གྱུར་ཏེ་དཀའ་ཚེགས་ཆེན་པོ་མྱོང་ནས་ཐོན་སྐྱེད་རུ་ཁག་གི་ངལ་རྩོལ་དུ་ཞུགས་ནས་གུ་རུ་གྲོང་སྡེ་ལ་བཞུགས། ཡིན་ནའང་མགར་ཆེན་དཀོན་མཆོག་རྒྱལ་མཚན་དང་གྲུབ་དབང་དབྱངས་དགའ་རིན་པོ་ཆེའི་དྲུང་ནས། སྐབས་དང་བསྟུན་ནས་གཤིན་རྗེའི་སྐོར་གྱི་དབང་ལུང་ཆ་ཚང་ཞུས། སྤྱི་ལོ1982ལོར་འབྲི་གུང་གདན་ས་ཆེན་པོ་སྐྱུ་ར་བྱང་ཆུབ་གླིང་ལ་ཕྱག་ཕེབས་མཛད་ནས་བཟུང་ཆོས་ལུགས་དད་མོས་རང་དབང་དང་དགོན་སྡེ་ཉམས་པ་སླར་གསོ་བྱེད་ཆོག་པའི་སྲིད་ཇུས་ཉི་འོད་འཕྲོ་བ་དང་དུས་མཉམ་དུ་འབྲི་གུང7སྐྱབས་མགོན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་རིན་པོ་ཆེའི་བཀའ་ཁྱབ་ལ་འབྲི་གུང་སྐྱུ་རའི་གདན་ས་འདི་ལ་ཉམས་གསོ་མཛད་དགོས་པའི་ཕྱག་བྲིས་གནང་། རྗེ་འདི་ཉིད་ཀྱིས་སྤྱི་ལོ1988ལོར་སྐྱུ་ར་བྱང་ཆུབ་གླིང་གི་ཉམས་པ་སླར་གསོ་ལྷ་ཁང་དང་མགོན་ཁང་གྲྭ་ཤག་མཛོད་ཁང་སོགས་ལེགས་པར་བཞེངས་བཞིན་ཆོས་ལུགས་རང་ཚུགས་རང་བདག་གིས་བདག་གཉེར་བྱེད་པ་ལ་བརྟེན་དགོན་གྱི་ཕྱུགས་ཟོག་གི་རྩྭ་ས་དང་དུར་ཁྲོད་དུ་ཞི་ཁྲོ་ལྷ་ཁང་སོགས་ཆོག་མཆན་ཐོབ་སྟེ་ཆོས་ཀྱི་སྒྲོན་མེ་ཆེན་པོས་བཏེགས་ནས་འཁོར་བའི་མུན་ནག་ལས་འགྲོ་བ་རྣམས་ཐར་པའི་སྣང་བ་དམ་པས་ཡོངས་སུ་ཁྱབ་པའི་བསྟན་པ་རྒྱ་ཆེར་སྤེལ་བ་མཛད་བཞིན་བཞུགས་སོ། གཏེར་ཆེན་ཉིད་ཀྱིང་ཡང་སྲིད་ཀུན་བཟང་ཆོས་ཉིད་རང་གྲོལ་འཕགས་ཡུལ་བྱང་ཆུབ་གླིང་དུ་བཞུགས་བཞིན་རང་དགོན་ལ་ཐུགས་ཁུར་གནང་བཞིན་མཆིས། གཞན་ཡང་གཏེར་སྲས་འབྲི་ཐང་ཟླ་ཤར་གྲགས་པ་དང་ཆོས་རྗེ་ཨཱ་དབྱངས་རིན་པོ་ཆེ། ཤང་ཀཱང་རྒྱ་བླ་མ་ཀུན་གཙོ་རིན་པོ་ཆེའི་སློབ་བུ་སོགས་ཀྱི་འབྲི་གུང་སྐྱུ་ར་བྱང་ཆུབ་གླིང་ལ་དྲན་རྟེན་གཙུག་ལག་ཁང་དང་ཨ་ཕྱི་སྒྲུབ་ཁང་ཡིད་བཞིན་དབང་རྒྱལ། སྐྱོབ་པ་འཇིག་རྟེན་མགོན་པོ་རྡོ་སྐུ་ཆེན་མོ་སོགས་ཀྱི་བཀའ་དྲིན་རོགས་རམ་གནང་བའི་དགེ་བས། བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག ཅེས་པ་འདིའང་ཏང་དང་སྲིད་གཞུང་གིས་དགོན་སྡེའི་ལོ་རྒྱུས་དགོས་པའི་བཀའ་ལ་བརྟེན་ཏེ་འབྲི་གུང་སྐྱུ་རའི་གདན་རབས་ཆེན་པོའི་གོང་མ་རིམ་བྱོན་རྣམས་ཀྱི་ལོ་རྒྱུས་གཞིར་བཞག་དང་དེང་སང་རྒན་རབས་དག་གི་ངག་རྒྱུན་སོགས་ལ་བསྟུན་ནས་དགོན་པའི་ལོ་རྒྱུས་ཕྱོགས་བསྡུས་རིན་ཆེན་འཕྲེང་བ་འདིར་སྐྱུ་རའི་སེང་མིང་པས་འབྲི་གདན་སྐྱུ་ར་བྱང་ཆུབ་གླིང་ནས་བྲིས་ཁུལ་བགྱིས་ཀྱང་རང་ཉིད་སྐྱེས་སྦྱོང་གི་ཤེས་རབ་དམན་པས་ནོར་འཁྲུལ་དང་ཆད་ལྷག་དག་ལ་མཁྱེན་ལྡན་གཟིགས་པ་པོ་རྣམས་ཀྱི་སྤྱན་སྔར་དུ་མཐོལ་བཤགས་བཟོད་གསོལ་གྲངས་མང་བཅས་ཞུ་བ་ལགས་སོ། ། དགོན་འདི་ནི་ཡུལ་ཤུལ་ཕྱོགས་ཀྱི་འབྲི་གུང་བཀའ་བརྒྱུད་ཡོངས་ཀྱི་མ་དགོན་དུ་འཛིན་ནས་གདན་ས་འདི་ལ་བརྩི་མཐོང་ཆེན་པོ་མཛད་བཞིན་ཡོད་ལ་དགོན་འདི་སྒྲུབ་ཕུག་ངོ་མཚར་ཅན་དང་རང་བྱོན་ངོ་མཚར་ཅན་མང་པོ་བཞུགས་པ་ལས་གཙོ་བོར་ཐང་སྟོང་རྒྱལ་པོ་རང་བྱོན་དང་ཨ་ཕྱིའི་རྟ་ར། མཆོད་རྟེན་རང་བྱོན། ཨ་ཕྱི་རང་བྱོན། ཨ་ཕྱི་རྐྱང་ཞོན། རྟ་མགྲིན་རང་བྱོན། སྨི་ཉིས་བརྒྱར་ཉེ་བའི་ཕུག་པ་གཏིང་རིང་མ། ཆོས་རྗེ་སྐྱོབ་པའི་བཞུགས་ཁྲི། སྒྲོལ་མ་ཉེར་གཅིག་རང་བྱོན། སྐྱོབ་པའི་སྒྲུབ་ཕུག དུང་དཀར་བྲག གཏེར་སྒམ་བྲག གཡང་ཕུག་ཉི་ཟླ་ཁ་སྦྱོར། དམ་བཏགས་ཕ་བོང་། མཁའ་སྤྱོད་ཕུག རིགས་སྲས་བཞི་ཡི་ཞབས་རྗེས། བདུད་འདུལ་ཕུག་མོ་ཆེ། བར་དོ་སྣ་ཁུང་། གཤིན་རྗེའི་རྒྱ་མ། གཤིན་ལ་ཁྲ་མོ། བཟང་ངན་སེམས་ཀྱི་བྲག་ཁུང་། མ་དྲིན་ལན་བཤགས་ཕུག་སོགས་ཡོད། ཅེས་སྐྱུ་ར་སེང་གེས།

2 འཕགས་མའི་གནས་མཆོག་སྒྲོལ་མ་བྲག་རྩའི་དཀར་ཆག་ཞེས་བྱ་བ་བཞུགས་སོ། །

ན་མོ་ཨརྱ་ཏཱ་རེ་ཡེ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ། སྐྱེ་དང་ཚེ་རབས་ཕྲེང་ཀུན་ཏུ། ། འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱོབས། ། དགའ་མའི་བརྩེ་དགས་རྟག་སྐྱོངས་ཤིག མི་མཇེད་ཞིང་འདིར་གླིང་བཞི་གླིང་ཕྲན་བརྒྱད། ། ཁྱད་པར་འཛམ་གླིང་ཡུལ་ཆེན་ཉེར་བཞི་དང་། ། གནས་ཆེན་སོ་གཉིས་དུར་ཁྲོད་ཆེན་པོ་བརྒྱད། ། གཙོས་པའི་གངས་ཅན་བོད་ཀྱི་གནས་ཁྱད་འཕགས། ། སྟོད་ན་གྲགས་ཆེ་བ་གངས་རི་ཏི་སེ་སེང་གདོང་མ་དཀར་མོ་སྐུ་ཡི་གནས། ། བར་ན་གྲགས་ཆེ་བ་ལ་ཕྱི་ཆུ་བར་སྟག་གདོང་མ་དམར་མོ་གསུང་གི་གནས། སྨད་ན་གྲགས་ཆེ་བ་གནས་མཆོག་ཙ་རི་ཊ་ཕག་གདོང་མ་ནག་མོ་ཐུགས་ཀྱི་གནས། སྒྲུབ་པའི་གནས་ལྔ། ངོ་མཚར་ཅན་གྱི་གནས་ཉེར་ལྔ། གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས་བཞུགས་པ་ལས། ཁྱད་པར་དུ་འཕགས་པ་གནས་མཆོག་སྒྲོལ་མ་བྲག་རྩ་འདི་ཡི་ལོ་རྒྱུས་ནི། ཨ་མེས་སྔགས་འཆང་ཚུལ་ཁྲིམས་རྒྱ་མཚོ་བཞུགས་པའི་ཕོ་བྲང་གསེར་ཁང་བཀྲ་ཤིས་སྒོ་མང་ལ་ད་ལྟ་ལྷ་མི་ཡོངས་ཀྱི་ཚོགས་མང་སྒྲོལ་མ་བྲག་རྩར་གྲགས། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས། བོད་ཀྱི་བསྟན་པ་རྒྱས་ཕྱིར། ཡུལ་གཞོག་སྟོད་འབྲི་གུང་གཏེར་སྒྲོམ་དྲག་པོའི་དབེན་གནས་སུ། ཡབ་སྣ་ནམ་པ་དགེ་དང་ཡུམ་འབྲི་བཟའ་དར་འཇམ་མ་ལ་སྲས་མོ་ཆོས་ཁྲང་མ་ཞེས་འཁྲུངས། ། ཁམས་སོགས་ལས་ཅན་གྱི་སྐྱེས་བུ་དང་བསྟན་པ་རྒྱས་པར་བྱེད་ཅེས་འགྲོ་དོན་དུ་མཁའ་འགྲོ་མ་དེ་གནས་འདིར་བྱོན་ནས། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་སྲས་བཞི། གནས་འདིར་མངོན་པར་དགའ་བའི་ཞིང་སྨས་སངས་རྒྱས་མི་བསྐྱོད་པའི་ཡུམ་ཀུན་བཟང་མ་དབྱིངས་ཕྱུག་མ་དང་དབྱེར་མེད་དུ་འདྲེས་པས་མཚན། ཆོས་ཀྱི་སྒྲོལ་མ་ཞེས་གྲགས། དེ་ཉིད་ཞལ་བཞུགས་པའི་དུས་སུ། ཕུག་པ་གཏིང་རིང་མའི་ནང་དུ་དུར་ཁྲོད་བམ་རོ་མཚན་ལྡན་ལ་ཚོགས་འཁོར་མཛད་ནས་མཁའ་སྤྱོད་དུ་གཤེགས་པས་ད་ལྟ་མཁའ་སྤྱོད་ཕུག་ཏུ་གྲགས། བྲག་འདི་ལ་བཞུགས་པའི་ལྷ་སྐུ་དང་ཡིག་འབྲུ་བཞུགས་ཚུལ་ནི། དབུ་གཙུག་ན་ཀུན་བཟང་ཡབ་ཡུམ། རིགས་ལྔ་ཡབ་ཡུམ། ཐུབ་པ་དྲུག རིག་འཛིན་བརྒྱད། ཞི་བ་ཞེ་གཉིས། ཁྲག་འཐུང་བརྒྱད་བཅས་དམ་པ་རིགས་བརྒྱ། དེ་བའི་མགོ་རྡོ་རྗེ་འཆང་དང་གྲུབ་ཆེན་བརྒྱད་ཅུ། དེའི་གཡས་སུ་བསྐལ་བཟང་སངས་རྒྱས་སྟོང་། དབུས་སུ་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་ལྷ་ཚོགས་དང་། དཔལ་གཡུ་ལོ་བཀོད་པའི་ཞིང་ཁམས་ལ་རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་ལྷ་ཚོགས་རྟེན་དང་བརྟེན་པ་བཅས་མངོན་སུམ་དུ་བཞུགས། གཞན་ཡང་སློབ་དཔོན་པདྨ་ཡབ་ཡུམ་སྒྲུབ་པ་བཀའ་བརྒྱད་སོགས་གསང་སྔགས་རྙིང་མའི་ལྷ་ཚོགས། གཡས་སུ་ཆོས་སྐྱོང་མགོན་པོ་སོགས་ཕོ་རྒྱུད། གཡོན་དུ་དཔལ་ལྡན་ལྷ་མོ་སོགས་མོ་རྒྱུད། ཕྱིའི་བྲག་ལོགས་ལ་བཀའ་སྲུང་ཨ་ཕྱི་ཆིབས་ཞོན་མཆེད་ལྔ་གསལ་བོ་བཞུགས། དེ་འོག་དྲེགས་པ་སྡེ་བརྒྱད། དཔལ་མགོན་བདུན་ཅུ་རྩ་གཉིས། མདུན་དཀྱིལ་དུ་དུར་ཁྲོད་སྡེ་ལྔ་བཅས་བཞུགས། གཞན་ཡང་ཚེ་རིང་མཆེད་ལྔ། བསྟན་མ་བཅུ་གཉིས། མདུན་དཀྱིལ་དུ་དུར་ཁྲོད་སྡེ་ལྔ་བཅས་བཞུགས། གཞན་ཡང་ཚེ་རིང་མཆེད་ལྔ། བརྟན་མ་བཅུ་གཉིས། ཕྱོགས་མཚམས་སུ་ལྷ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉེར་བརྒྱད། དབང་ཕྱུག་ཉེར་བརྒྱད། སྒོ་མ་བཞི། ཕྱོགས་སྐྱོང་བཅུ། རྒྱལ་ཆེན་བཞི། མདོར་ན་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དམ་པ་ཆོས་སྐྱོང་བའི་སྲུང་མ་མ་ཚང་བ་མེད་པ་བཞུགས་སོ། ། ཕུག་པའི་དབུས་སུ་གྲུབ་ཆེན་བརྒྱད་ཅུ་འཕུར་བའི་སྐུ་རྗེས། ཡ་གཟིའི་ལྷ་རས་པའི་སྐུ་རྗེས། ཨ་མེས་ཚུལ་རྒྱལ་གྱིས་བྲག་ལ་རྔ་ལུང་ཕུབ་པའི་རྗེས། དེ་ཉིད་ཀྱིས་འདྲེ་ཧ་བརྒད་དམ་ལ་བཏགས་པའི་བྲག་དབྱུགས་པ་བྲབ་རྗེས། ཞབས་རྗེས་དང་གཟིམ་ཁྱིའི་སྦར་རྗེས་བཅས་གསལ་བོ་ཡོད། སློབ་དཔོན་པདྨའི་གཏེར་སྒྲོམ་མ་འོངས་པར་འདོན་དུ་རུང་བའི་དམ་པའི་ཆོས་གཏེར།  ཚེ་སྒྲུབ་ཀྱི་ཚེ་གཏེར། ལོངས་སྤྱོད་ཀྱི་ནོར་གཏེར། དྲག་སྔགས་ཀྱི་མཐུ་གཏེར། འོག་ཏུ་འདོན་མི་རུང་བའི་དམ་སྲི་མནན་གཏེར་བཅས་ཡོད། ཨ་ཕྱིའི་རིགས་བཞི་སྐུ་རྗེས་དང་ཕྱག་རྗེས་ཨ་ཕྱི་བྱེ་བ་དུང་ཕྱུར་བཅས་འཕུར་བའི་ཕུག་པ་ཟང་ཐལ་མ། ཕུག་པ་གོང་མའི་ནང་དུ་ཨོ་རྒྱན་རིན་པོ་ཆེའི་ཚེ་ཆུ།  འཇིག་རྟེན་མགོན་པོ་སྒྲུབ་ཆུ། མཁའ་འགྲོ་མནྡ་ར་བའི་ཟླ་མཚན་སིནྡྷུ་ར། ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་བྲིས་ཤོག་སེར་གཏེར་རྟགས། མཁའ་འགྲོ་འབུམ་གྱི་ཕྱག་ཐམ། ཙནྡན་གྱི་ཀ་བ། ཅོང་ཞི་ངོ་བོ་ལས་གྲུབ་པའི་འདོད་འཇོའི་བ། དཔག་བསམ་ལྗོན་ཤིང་། མ་རྨོས་པའི་ལོ་ཏོག   བཀྲ་ཤིས་རྫས་བརྒྱད་དང་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། གཞན་ཡང་སྐུ་ཡི་གཟུགས་བརྙན། གསུང་གི་ཡིག་འབྲུ། ཐུགས་ཀྱི་མཆོད་རྟེན་དང་ཐིག་ལེ། ཡོན་ཏན་ཕྲིན་ལས་ཀྱི་རྟེན་མ་ཚང་བ་མེད་པ་རྣམས་བཞུགས། ཕྱི་ནང་གསང་གསུམ་ལ་བར་དོའི་འཕྲང་། འཛེགས་སྐས་བཅས་གསལ་བཞིན་གསུངས། ཕུག་པའི་འོག་ཏུ་དམྱལ་བ། ཡི་དྭགས། དུད་འགྲོ། ལྷ། ལྷ་མིན་མི་སོགས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་མྱོང་ཚུལ་གསལ་བོ་ཡོད། གཤིན་རྗེའི་ཁྲམ་དང་རྒྱ་མ་སོགས་འདུས་བྱས་མི་རྟག་པ་སྟོན་པའི་ཚུལ་ཡང་ཞིབ་པར་མཇལ་རྒྱུ་ཡོད། ས་ཡི་དཔྱད་གནམ་འཁོར་ལོ་རྩིབས་བརྒྱད། ས་པདྨ་འདབ་བརྒྱད། བར་བཀྲ་ཤིས་རྫས་བརྒྱད། ཤར་དུ་དུར་ཁྲོད། ལྷོ་ན་ཁྱུང་དེ་ལ་ཁྱབ་པ་ཡོད་པར་ཐལ། ནུབ་ན་འཇིག་རྟེན་མགོན་པོ་སྐུ་འཁྲུངས་པའི་རྗེས། བྱང་ན་རྣམ་སྣང་བཅས་དག་པའི་ཞིང་དུ་གསལ་ལོ། ། བསྐོར་ཚད་བསྟན་པ་ནི་གནས་འདིའི་ནང་བསྐོར་ཉེར་ལྔ་ལ་བསྐོར་བ་དུང་ཕྱུར་ཡོད། བསྐོར་བ་བརྒྱ་དང་བཅོ་ལྔ་ལ་ཡིག་དྲུག་དུང་གི་ཚད་ཡིན། རྒྱ་བཟའ་དབེན་ཆུང་གིས་བཞེངས་པའི་བྱམས་པའི་རྣམ་སྣང་། ཡུམ་རྒྱས་འབྲིང་བསྡུས་གསུམ། བཟང་སྤྱོད། ལྷ་ཀླུ་མི་ཡི་ནོར་བུ། མ་འོངས་པའི་ལུང་བསྟན། དགེ་འདུན་གྱི་དཀོར་ནོར་སོགས་བཻ་འགག་བྲག་ལ་གཏེར་དུ་སྦས། འདིའི་བསྐོར་བ་ལྔ་ལ་བསྐོར་བ་དུང་། ། བསྐོར་བ་བརྒྱ་དང་བཅོ་ལྔ། ། ཕྱག་བརྒྱ་དང་བཅོ་ལྔ་ལ་ལྕེ་ཐོག་ནས་བཏོན་པའི་ཡིག་དྲུག་དུང་ཕྱུར་གཅིག་གི་ཚད་ཡིན་པ་དམ་པ་གོང་མ་མང་པོས་གསུང་ཕྱིར་ཡིད་ཆེས་བྱའོ། ། ཕྱི་བསྐོར་དབོན་བྲག་དཀར་པོ། སྔོན་ཆེ་བཙན་རྡོ་རྗེ་དགྲ་འདུལ་ཞེས་ཨོ་རྒྱན་ཆེན་པོས་བཀའ་བསྒོས་དམ་ལ་བཞག་ཅིང་། རྗེ་འཇིག་རྟེན་མགོན་པོའི་འཕྲིན་ལས་སྒྲུབ་པར་དམ་བཅས་ཕྱིར་འབྲི་གུང་སོགས་ཆོས་རྗེའི་དགེ་བསྙེན་བཞི་དང་ཐ་དད་མེད་ཅིང་རི་བྲག་ལྷ་དང་ལྷ་མོའི་རང་བཞིན་ཁོ་ན་ཡིན་པས་འབྲེལ་ཚད་དོན་ལྡན་དུ་ངེས་པས་ཀུན་གྱིས་རིང་བསྐོར་ལ་ཡང་ནས་ཡང་དུ་འབད་པར་གྱིས་ཤིག རྒྱལ་བའི་ལུང་བསྟན་གངས་ཅན་མདོ་ཁམས་སུ། ། གནས་ཆེན་སྒྲོལ་མ་བྲག་རྩ་སྟོད་ངུར་ཕྱེད། ། མཁའ་སྤྱོད་ཕུག་དང་རི་གནས་ཕན་ཡོན་དང་། ། བསྐོར་བའི་གྲངས་དང་ལྷ་ཚོགས་བཞུགས་ཚུལ་ནི། ། སྔོན་བྱོན་རྒྱལ་བ་དུ་མས་མཛད་ལུང་བཅས། ། བླ་མ་མཁའ་འགྲོའི་ལུང་བསྟན་ཇི་བཞིན་དུ། ། ལྷོ་མགར་ཁམས་སྤྲུལ་གྱིས་སྨོན་བཀའ་བཞིན་དུ། ། རྒྱལ་ཀུན་གཅིག་བསྡུས་ཀརྨ་ཆགས་མེད་ཀྱིས། ། སྤྲུལ་པ་དངོས་ཀྱིས་བསྟན་དང་སེམས་ཅན་ལ། ། ཕན་ཕྱིར་བརྩེ་བས་གནས་འདིར་དཀར་ཆག་བཀོད། ། གནས་ལ་བསྐོར་ཕྱག་བགྱིས་པ་དང་། ། ཕྱག་མཆོད་ཇོ་དར་འཛུགས་པ་དང་། ། ཕྱི་བསྐོར་ནང་བསྐོར་ཚད་བསྐོར་བ་དང་། ། རི་རྒྱ་བསྡོམས་ཤིང་སྙན་པ་བརྗོད་པ་རྣམས། ། ཚེ་འདིར་ཚེ་རིང་ནད་མེད་བདེ་སྐྱིད་ལྡན། ། ཕྱི་མ་བདེ་ཆེན་ཞིང་མཆོག་མྱུར་བསྒྲོད་འགྱུར། ། འབུམ་འགྱུར་ས་ཟླ་དུས་ཆེན་གནམ་གང་དང་། ། ཉ་དང་བརྒྱད་སོགས་དུས་རྣམས་ཐམས་ཅད་དུ། ། ཕྱག་དང་སྐོར་བ་མར་མེ་འབུལ་བ་ན། ། ལུས་ངག་ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་དག ཕ་མ་བསད་ཀྱང་བརྒྱ་དང་བཅོ་ལྔ་དག ཤན་པ་ཡིན་ཀྱང་ཕྱི་མར་བྱང་ཆུབ་ཐོབ། ། རི་དྭགས་བསད་དང་སྤྱོད་ངན་བྱས་པ་དང་། ། རྩི་ཤིང་བཅད་དང་སོལ་མེ་བགྱིས་པ་དང་། ། གནས་ལ་ཡིད་དད་སྙིང་ནས་བཤགས་ན་དག དཀར་ཆག་མི་བདེན་སམ་པའི་ལོག་ལྟ་མཁན། ། སྲུང་མ་དམ་ཅན་རྒྱ་མཚོས་ཚེ་སྲོག་ཆོད། ། དགེ་བསྙེན་ཀླུ་བདུད་ནག་པོའི་ལག་ཏུ་གཏོད། ། དམིགས་མེད་ཆོས་ཀྱི་དབྱིངས་སུ་ས་མ་ཡ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-26

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།