འཛོམ་ཉག་མཆོད་རྟེན་དཔལ་གྱི་ལྷུན་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཛོམ་ཉག་མཆོད་རྟེན་དཔལ་གྱི་ལྷུན་པོ།
མཆོད་རྟེན་གྱི་མཚན་ལ་འཛོམ་ཉག་མཆོད་རྟེན་དཔལ་གྱི་ལྷུན་པོ་དང་དགོན་པ་ལ་བསམ་འགྲུབ་བདེ་ཆེན་གླིང་ངམ་ལྷུན་གྲུབ་བདེ་ཆེན་གླིང་ཡང་ཞུ། མདོ་དབུས་ཁམས་གསུམ་གྱི་ཁམས་ཁུལ། ཁམས་ལ་སྟོད་སྨད་བར་གསུམ་དུ་ཕྱེས་པའི་ཁམས་སྟོད་དམ་ལྡན་སྟོད་སྒའི་ལྷ་སྒྲ། ཆུ་ཀླུང་གསེར་ལྡན་འབབ་པའི་གཡས་ཟུར་དུ་བཞུགས། དེང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཡུལ་ཤུལ་གྲོང་ཁྱེར། འབྲོང་མདའ་ཡུལ་ཚོ། ཞེ་ཀེ་གྲོང་སྡེར་གཏོགས། བྱང་འཕྲེད་ལ3319′05″དང་། ཤར་གཞུང་ལ9649′09″ས་མགོ་མཐོ་ཚད་ལ་སྨི3721ཡོད། ཡུལ་ཤུལ་གྲོང་ཁྱེར་སྲིད་གཞུང་གི་ནུབ་ངོས་སུ། བར་ཐག་སྤྱི་ལེ40.37དང་ལམ་ཐག་སྤྱི་ལེ121ཡོད། དུས་རབས་བཅུ་པའི་ཡར་སྔོན་དུ་ཝེ་ལྟ་གྲོང་པའི་ནུབ་ངོས་སུ་ཁང་རལ་གདོང་ཞེས་པའི་གནས་སུ་ད་ལྟ་ཅུང་ཆ་ཚང་བའི་མཁར་ཤུལ་ཁ་ཤས་མཐོང་དུ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
འཛོམ་ཉག་མཆོད་རྟེན་དཔལ་གྱི་ལྷུན་པོ།
གནས་ཡུལ།
ཡུལ་ཤུལ།
1 ངོ་སྤྲོད།

མཁར་ཤུལ་དེའི་རི་སྐེད་དུ་བདེ་ཆེན་དགོན་དང་ཉིན་ངོས་སུ་ལྷ་ཁང་གཡུང་དྲུང་མདོ་ཞེས་བོན་པོའི་དགོན་པ་ཡོད་པའི་གྱང་དང་མཁར་ཤུལ་དང་། ས་འོག་ནས་རྫ་ཆས་སོགས་རྙེད་རྒྱུ་ཡོད་པ་ཀྱང་དགོན་པའི་དཀར་ཆག་ཆེན་མོ་རིག་གསར་དུས་ཟིང་གི་སྐབས་སུ་བརླགས་ཟིན་པས་དུས་ནམ་ཞིག་ལ་གནས་དེར་ཆགས་པ་དང་ཕྱག་འདེབས་མཁན་གྱི་ལོ་རྒྱུས་ཙམ་ཡང་ད་ལྟ་ཞུ་མི་སྤོབས་མོད། རཏྣ་ཤྲཱི་མན་རང་གི་ངག་འདོན་གྱི་ཆེད་དུ་བྲིས་པའི་མགོན་ལྷ་མཆེད་གསུམ་བསང་མཆོད་འདོད་རྒུའི་རྒྱ་མཚོ་ཞེས་བྱ་བ་ལས། ཀྱེ། རྡོ་རྗེའི་བྲག་རི་དཔང་མཐོའི་བསྟི་གནས་ནས། ། བཙན་གྱི་སྡེ་དཔོན་མགོན་ལྷ་གཉེན་པོ་ནི། ། རབ་དམར་ཁྲོ་གཏུམ་མདུང་དར་ཞགས་པ་འཛིན། ། དར་དམར་བེར་ཀླུབས་ལ་ཐོད་དམར་པོ་བཅིང་། ། རྟ་དམར་ཞུར་ཡག་རྒྱན་ལྡན་སྟེང་ན་རོལ། ། རག་སྤམ་བདུད་པོ་ཁྲོས་པ་རྔམ་པའི་ཚུལ། ། མི་ནག་རྟ་ནག་མདུང་དར་ནག་པོ་འཕྱར། ། རྫ་སྐྱ་ལྷ་སྲས་མི་དཀར་རྟ་དཀར་ཞོན། ། དར་དཀར་བེར་གསོལ་མདུང་དར་དཀར་པོ་འཛིན། ། རེས་དགའ་ལྷ་ཆེན་བཙན་བདུད་མཆོད་གསུམ་ནི། ། དཀར་དམར་ནག་གི་གཟི་ལྡན་དྲག་ཤུལ་ཅན། ། དུང་ཟངས་ལྕགས་ཀྱི་ཁྲབ་ཆེན་སྐུ་ལ་གསོལ། ། ཕྱག་གཡས་རལ་གྲི་མདུང་དར་སྤུ་གྲི་འཕྱར། ། གཡོན་པས་ཞགས་པ་བསྣམས་ཤིང་འགྱིང་པའི་ཚུལ། ། དཀར་དམར་ནག་གི་ཅང་ཤེས་ཤུགས་ལྡན་ཆིབས། ། ཡུམ་ཆེན་ཀླུ་མོ་ཡེ་སངས་མཛེས་སྡུག་ཚུལ། ། མཉྫུ་ཀླུ་སྨན་བཞིན་ལེགས་སྨན་མོ་གསུམ། ། རིན་ཆེན་མདའ་དར་གཏེར་བུམ་ཕྱག་ན་བསྣམས། ། ཀླུ་བཙན་དྲག་འབུམ་གླང་ནག་སྟེང་དུ་འགྱིང་། ། བདུད་ཞགས་བསྣམས་ཤིང་དར་ནག་བེར་ཆེན་གསོལ། ། ཕོ་ཉ་བོན་པོ་འཇིགས་རུང་སྔགས་པའི་ཚུལ། ། རུ་འདྲེན་རྫོང་ཟེར་བཞིན་སྡུག་མོན་པའི་ཚུལ། ། ཕྱག་ན་མདའ་དང་ཁྲོམ་ཤིང་ཞགས་པ་འཛིན། ། སྡེ་བརྒྱད་སྤྲུལ་པ་འཁོར་ཚོགས་རྒྱ་མཚོ་ལ། ། ཕུན་ཚོགས་འདོད་རྒུའི་རྒྱ་མཚོ་བསངས་ཀྱིས་མཆོད། ། ཅེས་པ་ལས་བོན་དགོན་གྱི་གནས་དང་བོན་གྱི་གནས་བདག་གསལ་པོ་གསུངས་ཡོད། བོད་ཀྱི་རབ་བྱུང་དང་པོ་མ་ཚུགས་གོང་ཕྱི་ལོའི་དུས་རབས་བཅུ་པའི་སྨད་ཙམ་ལ། འཇམ་དཔལ་རྩ་བའི་རྒྱུད་ནས་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པའི་ཇོ་བོ་སྨྲྀ་ཏི་ཛྙཱ་ན་ཞེས་བྱ་བ། སྔོན་འདས་པའི་སངས་རྒྱས་རྒྱལ་བ་བདེ་བའི་གླུ། ད་ལྟ་བྱང་ཕྱོགས་རྣམ་པར་བཀོད་པའི་ཞིང་ན་སངས་རྒྱས་དེ་བཞིན་གཤེགས་པའི་སྒྱུ་འཕྲུལ། མ་འོངས་པ་ན་བསྐལ་བཟང་སངས་རྒྱས་རྒྱལ་བ་བྱམས་པ་མགོན་པོ་ཞེས་བྱ་བར་མངོན་པར་སངས་རྒྱ་བའི་མཛད་པ་སྟོན་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པའི་པཎྡི་ཏ་དང་། གྲུབ་པའི་གོ་འཕང་མཐོན་པོར་མངའ་བརྙེས་པ། བསྟན་པ་ཕྱི་དར་སྐབས་བོད་ལ་སྐུ་དྲིན་ཆེ་བའི་ལོ་ཙཱ་བ་ཆེན་པོ་ཞིག་སྟེ། མཚན་དངོས་ལ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་སྟེ་བོད་སྐད་དུ་དྲན་པ་ཡེ་ཤེས་གྲགས་པའམ་མཚན་གཞན་སྒྲའི་ཚེར་མ་ཞུ་བ་ཉིད། རྒྱ་གར་འཕགས་པའི་ཡུལ་གྱི་དབུས་ཕྱོགས་དཔལ་དང་འབྱོར་པ་རྨད་དུ་བྱུང་བའི་གྲོང་ཁྱེར་མི་ཁྱིམ་ས་ཡ་གཅིག་དང་འབུམ་ཕྲག་གསུམ་གྱི་མངའ་བདག་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་པའི་སྲས་སུ་འཁྲུངས། སྐུ་ན་ཆུང་ངུའི་སྐབས་ནས་རྒྱལ་སྲིད་སོགས་ལ་མ་ཆགས་པར་རབ་ཏུ་བྱུང་། ཤཱནྟི་པ་སོགས་མཁས་གྲུབ་ཀྱི་བླ་མ་དུ་མ་ལས་སྒྲ་ཚད་སོགས་ཐུན་མོང་གི་རིག་པའི་གནས་དང་། སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི་སོགས་ཤེས་བྱ་རིག་པའི་གནས་ཀུན་ལ་སྦྱོང་པ་ཕུལ་དུ་སོན་པས་དགུང་ལོ་གཞོན་ནུའི་དུས་ནས་རྒྱ་གར་ཤར་ནུབ་གུང་གསུམ་ན་རྩོད་བྲལ་མཁས་པའི་གོ་འཕང་ཐོབ། ཁྱད་པར་རྗེ་བཙུན་དཔལ་ལྡན་ནཱ་རོ་པ་ཆེན་པོ་ལས་སྨིན་གྲོལ་གྱི་གདམས་པ་གསན་ཏེ་སྒྲུབ་པ་མཐར་ཕྱིན་པར་མཛད་པས་མ་ཧཱ་པཎྡི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་དང་། རྒྱ་གར་གྱི་སློབ་མ་པཎྡི་ཏ་གདུགས་ཐོགས་པ་ལྔ་བརྒྱའི་གཙུག་རྒྱན་དུ་གྱུར། གཞན་ཡང་བོད་ཀྱི་བླ་ཆེན་དཔྱལ་སེ་བསོད་ནམས་རྒྱལ་མཚན་སོགས་ཕྱོགས་གཞན་གྱི་སློབ་མའང་མང་དུ་འདུས་པ་རྣམས་ལ་ཆོས་ཀྱི་དགའ་སྟོན་སྩལ། མུ་སྟེགས་ཀྱི་སྨྲ་བ་ངན་པ་རྣམས་ཚར་བཅད། རྩ་རྒྱུད་འགྲེལ་ཆེན་རྣམས་ཕལ་ཆེར་གཏན་ལ་ཕབ་པ་སོགས་མཁས་པའི་བྱ་བ་གསུམ་གྱིས་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། ཕྱིས་ཤིག་ཏུ་ཕྱི་རོལ་པའི་པཎྡི་ཏ་གཞན་གྱིས་མི་ཐུབ་པ་རྩོད་པའི་ཁྱུ་མཆོག་ཏུ་གྲགས་པ་ཞིག་རིགས་པས་ཚར་བཅད་པས། དེས་ཁྱོད་ཤར་ཕྱོགས་རྒྱ་མཚོ་ལ་ཐུག་པར་ངས་བསྐྲད་དོ་ཟེར་ཡང་། སློབ་དཔོན་གྱིས་ཇི་མི་སྙམ་པར་བཞུགས། སྐབས་ཤིག་ཉིད་ཀྱི་མ་ཡུམ་དགོངས་པ་རྫོགས་པ་བོད་དུ་ཁྱིམ་ཚང་ཞིག་ཏུ་ལུས་ངན་བླངས་པ་མངོན་ཤེས་ཀྱིས་གཟིགས་ཏེ། དེ་ཉིད་ཀྱི་གཙོས་པའི་གདུལ་བྱ་མང་པོའི་སླད་དུ་བོད་ལ་འབྱོན་པར་བཞེད། དེ་སྐབས་བོད་རྒྱལ་འུ་དུམ་བཙན་པོའི་སྤྱན་སྔར་བློན་པོ་ཚོས་རང་ཤེད་འཁོར་ལོ་བསྐོར་ནས་ཕྱོགས་གཅིག་གི་དགོས་དོན་འགྲུབ་ཕྱིར་ཆོས་བསྣུབས། བློན་པོ་ཆོས་ལ་ཕྱོགས་པ་རྣམས་མ་འདོད་པའི་ཁར་ལྷ་ལུང་དཔལ་གྱི་རྡོ་རྗེས་ཆོས་ཀྱི་ཆེད་དུ་བཙན་པོ་བཀྲོངས་པས་སྟོབས་འབྱོར་མངའ་ཐང་རྒྱས་པའི་བསིལ་ལྗོངས་བོད་ཀྱི་རྒྱལ་ཁམས་དེ་བློན་པོ་དང་བཙུན་མོ་ཚོའི་འཐེན་ཁྱེར་དབང་དུ་སོང་བས་སིལ་བུར་ཐོར་ཏེ་རིང་ཞིག་ལོན་ནས། རྒྱལ་ཁམས་ཟང་ཟིང་དུ་ཆགས་པ་དང་ཆོས་ལོག་སྤྱོད་པ་ཡང་མང་དུ་བྱུང་བས་ལྷག་པར་གནོད་ཚབས་ཆེ་བ་ལ། མངའ་རིས་ཕྱོགས་ཀྱི་ཆོས་རྒྱལ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱལ་ཁམས་བདེ་འཇགས་དང་དམ་ཆོས་རྣམ་དག་ཅིག་སྤེལ་བར་དགོངས་ཏེ་གཞོན་ནུ་བློ་གསལ་མང་པོ་རྒྱ་གར་ལ་ཆོས་སློབ་ཏུ་བཏང་། ལོ་ཆེན་རིན་ཆེན་བཟང་པོ་དང་ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ཀྱིས་ཆོས་ཀྱི་ཟབ་དོན་ཅི་རིགས་ཤིག་ཐོབ་ཀྱང་ཐུགས་དགོངས་མ་ཚིམ། བལ་པོའི་ལོ་ཙཱ་བ་རྨ་རུ་རྩེ་ཞེས་ཆོས་ལ་ཅུང་ཟད་མཁས་པ་ཞིག་བྱུང་བར་ཆོས་ཞུས་པས། ངས་ཆོས་མཁས་པ་མི་ཤེས། རྒྱ་གར་ན་པཎ་ཆེན་སྨྲྀ་ཏི་ཞེས་པའི་མཁས་པ་ཆེན་པོ་ཞིག་ཡོད་པས་སྤྱན་འདྲེན་ནམ་ཟེར་བ་ལ་ཞུ་རྟེན་གསེར་སོགས་བསྐུར་ནས་བཏང་། སྐབས་དེར་རྒྱ་གར་ཤར་ནུབ་གཉིས་སུ་པཎ་ཆེན་སྨྲྀ་ཏིའི་སྙན་གྲགས་ཤིན་ཏུ་རྒྱས་པས་ལོ་ཙཱ་བས་ཁོང་དང་པཎྡི་ཏ་ཕྲ་ལ་རིང་བ་གཉིས་བོད་དུ་ཕེབས་ཏེ་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་དགོས་པའི་ཞུ་བ་ནན་ཆེར་ཕུལ། པཎྡི་ཏ་གཉིས་ཀྱིས་གངས་ཅན་པའི་གདུལ་བྱ་རྣམས་དང་མ་ཡུམ་ལུས་ངན་བླངས་པ་ནས་འདྲེན་པར་དགོངས་ཏེ། བོད་དུ་ཕེབས་པ་ཞལ་བཞེས་གནང་ནས་བལ་པོར་བསླེབས་དུས་ལོ་ཙཱ་བས་ལ་ཕུག་ཟོས་ཏེ་ཕོ་ལོག་གིས་གྲོངས། མངའ་རིས་སུ་གྲོངས་ཟེར་བའང་ཡོད། པཎྡི་ཏ་གཉིས་མུ་མཐུད་བྱོན་ཀྱང་དེ་སྐབས་བོད་བསོད་ནམས་དམན་ཅིང་ཁོང་རྣམ་གཉིས་ཀྱིས་བོད་སྐད་མི་མཁྱེན་པས་བོད་འབངས་སུས་ཀྱང་པཎ་ཆེན་ཉིད་ཡིན་པ་ལྟ་ཞོག་རང་བཞིན་བཟང་པོ་ཙམ་ཡིན་པའང་ངོ་མ་ཤེས། ལྷ་བླ་མས་ཀྱང་པཎྡི་ཏ་གཉིས་ཕེབས་པ་མ་ཤེས་པར་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་པའི་ཕྱིར་གསེར་བསྒྲུབ་ཏུ་ཕེབས་པས་གར་ལོག་གི་བཙོན་དུ་ཚུད། ལྷ་བཙུན་བྱང་ཆུབ་འོད་ལ་གར་ལོག་རྒྱལ་པོས། ལྷ་བླ་མའི་སྐུ་ཚད་དང་མཉམ་པའི་གསེར་དགོས། དེ་མིན་ན་མི་གཏོང་ཟེར་བས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་གསེར་བསྒྲུབས་ཏེ་ལྷ་བླ་མ་བླུ་བརྩིས་ལ། ལྷ་བླ་མ་ཡེ་ཤེས་འོད་ཀྱིསས་ང་ལོ་ཆེ་བས་བླུ་མི་དགོས། གསེར་དེས་དཔལ་ལྡན་ཨ་ཏི་ཤ་སྤྱན་དྲོངས་གསུངས་ཏེ་གཤེགས། པཎ་ཆེན་སྨྲྀ་ཏིའི་མ་ཡུམ་ཁྱི་མོ་ལ་བརྩེ་དུང་ཆེ་བས་གཙང་དུ་ཁྱི་མོ་ཞིག་གི་ལུས་སུ་སྐྱེས། ཡུམ་གྱི་དོན་དུ་གཙང་རྟ་ནག་ཏུ་དུད་ཚང་ཕྱུག་པོ་ཞིག་གི་ཕྱུགས་རྫི་མཛད་ནས་ཡུན་རིང་ཙམ་བཞུགས། སྒྲིབ་པ་སྦྱོང་བ་སོགས་ཀྱི་ཕྱིར་བསམ་བཞིན་དུ་འཚོ་བ་བཀྲེན་པ་དང་། ན་བཟའ་རབ་བྱུང་གི་ཆས་རྣམས་མ་རྙེད་པར་མ་ཟད། དབུ་སྐྲ་འདྲེག་མཁན་ཡང་མེད་པས་ཕྱུགས་རྫི་དང་ར་ལུག་རྫི་བོ་མཛད། ཁྱིམ་ཚང་དེས་སྣམ་བུའི་ཕྱུར་པ་དཀར་པོ་རེ་བསྐོན། འུར་རྡོ་ཕྱག་ཏུ་གཏད། དབུ་སྐྲ་རིང་བས་ཨ་ཙ་ར་མགོ་གཡུང་བཏགས། ཁྱི་མོ་དེ་ཚ་ངར་རྩུབ་འགྱུར་ཆེ་ཞིང་སེམས་རྒྱུད་མ་རུང་ཞིང་མི་སྡུག་པ་དང་ལྡན་པས། ཉིན་རེ་བཞིན་པཎ་ཆེན་ཉིད་ཀྱི་གསོལ་བ་ཕྱེད་ཀ་བཞེས་པ་དང་ཕྱེད་ཀ་མ་ཡུམ་གྱི་སྐྱེ་བ་སྡུག་རྩུབ་ཅན་གྱི་ཁྱི་མོ་ལ་གནང་། ཕྱུགས་རྫི་མཛད་སྐབས་སུ་གཙུག་ལག་ཁང་བཞེངས། མཚན་མོར་ཐུགས་དམ་སྐྱོང་བ་ལ་སྒྲུབ་ཕུག་ཏུ་བཞུགས་པའི་སྐུ་སྐེད་མན་གྱི་རྗེས་བྲག་ལ་གསལ་བར་དོད། ཡུམ་ཁྱི་མོ་ནས་ཚེ་འཕོས་ཀྱང་སྒྲིབ་པའི་དབང་གིས་རེ་ཞིག་མྱང་གི་ཁྱིམ་ཚང་ཕྱུག་པོ་ཞིག་གི་ཐབ་ཀའི་ནང་དུ་འབུ་ཡི་ལུས་སུ་སྐྱེས། ཉིན་མོར་མེ་བར་མེད་དུ་གཏོང་བས་ཚིག་སྟེ་ཚ་བའི་སྡུག་བསྔལ་དང་མཚན་མོར་ཐབ་ཀ་གྲང་ནས་གྲང་བའི་སྡུག་བསྔལ་མྱང་། དེ་འདོན་པའི་ཕྱིར་དཔལ་ཆེན་པོའམ་ཡང་དག་གི་སྐུ་ཕྱག་བཟོ་མར་བཞེངས། ཁོང་གིས་ལུག་རྫི་མཛད་ནས་ང་རིག་པའི་གནས་ལྔ་ལ་མཁས་པའི་པཎྡི་ཏ་ཡིན་པས། ལྷ་བཟོ་བརྗེད་དམ་མ་བརྗེད་གཟིགས་ནས་ཕྱག་དལ་དུ་བསྒྲུབས་པ་འཇིམ་ཁུང་དུ་སྦས། རྡོ་གཞི་མ་ནག་པོ་ལ་རྡོ་དཀར་པོས་རུ་ལུ་རུ་ལུ་རང་བྱོན་དུ་གྱུར་པ་ཁྱད་པར་ཅན་བཞུགས། ད་དུང་རྟེན་ངོ་མཚར་ཅན་མང་དུ་བཞེངས་པ་ལས་སྤྱན་རས་གཟིགས་ཁ་སཪྤ་ཎིའི་སྐུ་དེ་ད་ལྟའང་ཞྭ་ལུ་དགོན་དུ་བཞུགས། གྲོང་པ་རྣམས་ཀྱི་ར་ལུག་གི་རྫི་བོ་མཛད་སྐབས། རྡེའུ་བཀྲམ་པས་ཕྱུགས་མ་རྣམས་བཟས་ལ་འགྲོ་ཞིང་། ར་ལུག་གཡས་སུ་སོང་ཚེ་རྡེའུ་འགའ་གཡོན་དུ་བཀྲམ། ར་ལུག་གཡོན་དུ་སོང་ཚེ་རྡེའུ་འགའ་གཡས་སུ་བཀྲམ། ནང་དུ་རྡེའུ་ནག་པོ་རེ་བྱུང་ན་སྤྱང་ཀི་འོང་བས་དེ་ཉིད་སོར་མོས་མནན་པས་སྤྱང་ཀི་འོང་མི་ནུས་པ་མཐར་སྐྲོད། དགོང་མོར་རྡེའུ་རྣམས་ཕྱོགས་གཅིག་ཏུ་སྤུངས་པས་ར་ལུག་རྣམས་རང་རང་གི་ཁྱིམ་དུ་འགྲོ་བའི་རྫུ་འཕྲུལ་དང་ཆོས་གསུངས། པཎ་ཆེན་སྨྲྀ་ཏིའི་འབུར་སྐུ་དང་བྲིས་སྐུའི་སྐུ་བརྙན་རྣམས་དབུ་སྐྲ་སྤྱི་བོར་བཅིངས་ཤིང་ན་བཟའ་དཀར་པོ་གསོལ་བ། ཕྱག་ཏུ་འུར་ཐག་དང་ནོར་བུ་འཛིན་པ་ཞིག་ཡོད་པའང་དེའི་རིང་ལ་འུར་ཐག་དང་འུར་རྡོ་ཕྱག་ཏུ་བཟུང་། དབུ་སྐྲ་འབྲེག་མཁན་མེད་པས་སྤྱི་བོར་བཅིངས། རབ་བྱུང་གི་ཆས་ཀྱང་མ་རྙེད་པར་སྣམ་བུ་དཀར་པོའི་ལྭ་བ་གྱོན། འཚོ་བ་བཀྲེན་པ་སོགས་དཀའ་སྡུག་ཚད་མེད་མྱངས་པའི་ཚུལ་མཛད་པ་འདི་རྫི་བོར་བཞུགས་སྐབས་ཀྱི་སྐུ་བྱད་ཡིན། དེའི་སྐབས་སུ་ངུ་བྲོ་བ་གསུམ་དང་དགོད་བྲོ་བ་གསུམ་བྱུང་སྟེ། ཕྱུགས་འཚོ་གླ་སྐྱོང་བའི་ཁྱིམ་དེ་ནས་མཚན་མོར་རྩམ་པ་འཐག་པའི་ཚེ་རང་འཐག་གི་ཡུ་བ་ཆག་པ་སྐུའི་བྲང་ལ་ཕོག་ནས་ཟུག་གཟེར་ཆེན་པོ་བྱུང་མོད། ཁྱིམ་བདག་མོས་ཁོང་ལ་ཟུག་གཟེར་ཡོད་མེད་ཀྱི་སྙུན་འདྲི་ཙམ་ཡང་མེད་པར་མ་ཟད་རང་འཐག་གི་ཡུ་བ་ཆག་པ་ཕངས་སེམས་ཀྱིས་སྡིགས་མོ་མང་པོ་ཞུས་པར། བྲང་ལས་ཤིང་རྒོག་དམར་བ་ལ་དགོངས་ཏེ་བཤུམས་པ་དང་། ཁྱིམ་བདག་མོ་དེས་ར་བར་བཞོན་བཞོ་བའི་ཚེ་སྐབས་ཤིག་རླན་དང་ལྗན་ལྗིན་ནང་དུ་འཕོངས་གདན་དུ་བཞུགས་དགོས་བྱུང་བས། ང་རྒྱལ་པོའི་སྲས་རྒྱ་གར་གྱི་པཎྡི་ཏ་ཆེན་པོ་རབ་བྱུང་སྡེ་སྣོད་གསུམ་ལྡན་ཞིག   བདག་རྒྱ་གར་དུ་ཡོད་སྐབས་མཁས་དགུའི་གཙུག་ཏུ་བཀུར་ཏེ་པཎྡི་ཏ་རྣམས་དང་ལྷན་དུ་ཆོས་ཀྱི་དགའ་སྟོན་ལ་རོལ་ནས་ཡོད་མོད། ད་ལྟ་བོད་དུ་སླེབས་ནས་བུད་མེད་གཏུམ་མོ་འདིའི་འཕོངས་སྟེགས་སུ་འདུག་པ་ཀྱི་ཧུད་དགོངས་ཏེ་བཤུམས། ཡང་ཡུལ་གཞན་ནས་གྱར་བའི་བྱ་ལོང་ཞིག་ལ་བྱ་མང་པོས་གཙེས་པ་གཟིགས་པས། བྱ་ཁྱོད་ཀྱང་མཐའ་ཡི་བྱ། མི་ང་ཡང་མཐའ་ཡི་མི་གསུངས་ནས་བཤུམས་པ་ནི་ངུ་བྲོ་བ་གསུམ་དང་། ནུབ་མོ་དངོས་གཞི་བཞུགས་གནས་ཁྱིམ་དེའི་སྒོ་རྩར་ཕུག་པ་ཞིག་ཡོད་པ་དེར་བཞུགས་པའི་ཚེ། དེ་དང་ཉེ་བའི་ཆུ་མིག་ཏུ་ཀླུ་ཞིག་གིས་ནང་རེ་བཞིན་འོ་མ་ཞལ་བུ་རེ་འདྲེན་པ་ལས། ནང་གཅིག་རྭ་སྣོད་ས་ལ་བཞག་ནས་ཕྱག་འབུལ་བའི་ཚེ་རྭའི་སྣོད་འདྲིལ་ནས་འོ་མ་བོ་ཤོར་བ་ངོ་སྐྱེངས་ནས་བྲོས་སོང་བས། དུད་འགྲོ་ཡང་ངོ་ཚ་ཤེས་པ་འདུག་དགོངས་ནས་བཞད་པ་དང་། ཉིན་མོ་ཕྱུགས་མ་རྣམས་འཚོ་སྐྱོང་ཚུལ་གྱིས་དེ་རྣམས་དང་རི་དྭགས་མང་དུ་འདུས་པ་ལ་ཆོ་ག་གསུངས་ཤིང་མེ་གཏོང་བའི་མཐའ་སྐོར་དུ་དུད་འགྲོ་རྣམས་ཆོས་ཉན་ཅིང་སྒོར་མོར་བསྡད་པ་ལས། རི་བོང་ཞིག་གཉིད་དུ་སོང་བ་ཁ་སྤུ་མེས་ཚིག་པར་ཧར་ལངས་སྤྲུག་སིལ་བྱས་ནས་ཡར་རྒྱུག་མར་རྒྱུག་བྱས་པར་བཞད་མོ་ཤོར། ཡང་ཉིན་གཅིག་མཐའ་འཁོབ་འདིར་འཁྱམས་དགོས་བྱུང་བར་མ་ཟད་འགྲོ་དོན་ཡང་ཆེར་མ་བྱུང་བས་སྔོན་གྱི་ཡོན་ཏན་རྣམས་ཀྱང་བརྗེད་ལས་ཆེ་དགོངས་ནས་ཐུགས་མཉམ་པར་བཞག་པས། ཡོན་ཏན་རྣམས་སྔར་ལས་ཀྱང་ཁྱད་པར་འཕགས་པ་འདུག་པས་བཞད་མོ་མཛད་པ་ནི་དགོད་བྲོ་བ་གསུམ་གྱི་ལོ་རྒྱུས་བཅས་ལ་པཎ་ཆེན་སྨྲྀ་ཏིའི་ངུ་བྲོ་བ་གསུམ་དང་དགོད་བྲོ་བ་གསུམ་ཞེས་ཞུ། སྦྱིན་བདག་དེ་ཚང་གི་སྒོའི་ཡ་ཐེམ་ལ།  རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། ། མཚན་མོ་མཁའ་ལ་རྒྱུ་བ་རྣམ་སྤངས་ནས། ། དྭངས་པའི་ཆུ་ནང་འདི་ན་ཟླ་བ་ཞེས། ། དབྱིབས་ལ་མཚན་མར་འཛིན་པ་བྱིས་པའི་བློ། ། ཞེས་སྙན་ངག་བསྡུས་བརྗོད་ཀྱི་རྒྱན་གྱིས་ཚིགས་སུ་བཅད་པ་ལཉྪའི་ཡི་གེར་ཕྱག་བྲིས་མཛད་པ་དེ། ཁོང་གི་དངོས་སློབ་དཔྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་གནས་དེར་ཕེབས་སྐབས་མཇལ་བས། རང་གི་བླ་མའི་ཕྱག་བྲིས་ཡིན་པ་ངོ་མཁྱེན་ནས་ཁྱིམ་ཚང་དེ་ལ། ཡི་གེ་འདི་སུས་བྲིས། འབྲི་མཁན་ད་ལྟ་གང་ན་བཞུགས་དྲིས་པས། ཁྱིམ་ཚང་དེས། འདི་ངེད་ཀྱི་གཡོག་པོ་སྐད་མི་གོ་བ་ཞིག་གིས་བྲིས། ད་ལྟ་རྫི་བོར་སོང་ཟེར། ལོ་ཙཱ་བས་བསྒུགས་ཏེ་པཎ་ཆེན་མཇལ་མ་ཐག་ན་བཟའ་སོགས་ཕུལ། ཞབས་སྤྱི་བོར་བླངས་ཏེ་གུས་པས་བཏུད། རྒྱ་གར་ཤར་ནུབ་གཉིས་ན་པཎྡི་ཏ་ཁོང་ལས་ལྷག་པ་གཞན་མེད་པ་ཀུན་ལ་བསྒྲགས། ཁྱིམ་ཚང་དེ་ལ་གསེར་བྱིན་ནས་བླུས། གླ་རྔན་དུ་ཐབ་ཀ་སློང་བས་ཕུལ་བར། ཐབ་སར་སཱུ་དང་སཙྪ་བཏབ། ཐབ་རྡོའི་ནང་དུ་མ་ཡི་སྐྱེ་བ་འབུ་ཡོད་པ་དག་པའི་ཞིང་དུ་འདྲེན་པར་མཛད། ཡུམ་ཡང་མཐོ་རིས་སུ་འདྲེན་ཐུབ་པ་བྱུང་བས་ཡུལ་དེ་ལ་བློ་བདེ་ཞེས་མིང་ཐོགས། ཁོང་ལ་ཁྱིམ་ཚང་དེ་དང་ཡུལ་མི་ཀུན་གྱིས་བཤགས་པ་ཕུལ། སྔར་མུ་སྟེགས་པ་དེས་ཤར་ཕྱོགས་རྒྱ་མཚོ་གཟིགས་པར་བསྐྲད་ཆོག་བྱས་པ་ཐུགས་ལ་ཤར་བས། མུ་སྟེགས་པ་དེ་སྐད་ཅིག་ཏུ་ཏིང་ངེ་འཛིན་གྱིས་བཀུག་ནས་དག་པའི་ཞིང་དུ་འཕོ་བར་མཛད། པཎ་ཆེན་ཉིད་ཀྱང་བོད་སྐད་དང་བོད་ཡིག་རང་རྡོལ་དུ་མཁྱེན་པའི་ཚུལ་མཛད། དཔྱལ་ལོ་ཙཱ་བས་ཤིན་ཏུ་དད་ནས་སྨན་ལུང་དུ་སྤྱན་དྲངས་ཏེ་ཆོས་མང་དུ་གནང་། རྟ་ནག་སོགས་ལའང་ཆོས་གསུངས། གཉིས་མེད་རྣམ་རྒྱལ་ཆེན་མོ། གདན་བཞི། སྔགས་དོན་རྣམ་གཟིགས། འཇམ་དཔལ་གསང་ལྡན་སོགས་མདོ་རྒྱུད་མང་པོ་བསྒྱུར་ཅིང་གཏན་ལ་ཕབ། སློབ་མ་མང་དུ་འདུས་པ་རྣམས་སྨིན་གྲོལ་གྱི་ལམ་བཟང་ལ་བཀོད། ལིང་ཆུ་གསེར་ཁབ་ཏུ། བོད་བརྡ་ལ་ཉེར་བར་མཁོ་བའི་བསྟན་བཅོས་སྨྲ་སྒོ་མཚོན་ཆ་མཛད། དཔྱལ་ལོ་ཙཱ་བས་དཔལ་ཧེ་རུ་ཀའི་མན་ངག་རང་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ་དང་། དགྱེས་པ་རྡོ་རྗེའི་ལག་ཏུ་བླང་བའི་རིམ་པ་ཞེས་བྱ་བ། བདག་མེད་མའི་མན་ངག་ཅེས་བྱ་བ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་མཁའ་འགྲོ་རྣམ་པ་ལྔའི་སྒྲུབ་པའི་ཐབས་ཞེས་བྱ་བ། གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་དཀའ་འགྲེལ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ངག་ཅེས་བྱ་བ། སེམས་དཔའ་གསུམ་གྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་ཞེས་བྱ་བ། མཚན་ཡང་དག་པར་བརྗོད་པ་ཉེ་བར་བསྡུས་པའི་རྣམ་པར་རྟོག་གེ་ཞེས་བྱ་བའི་འགྱུར་མཛད་པ་རྣམས་བསྟན་འགྱུར་དུ་བཞུགས། དཔྱལ་ལོ་ཙཱ་བས་པཎ་ཆེན་སྨྲྀ་ཏི་ཁམས་སུ་གདན་དྲངས། ཀློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་གཡས་ཆེན་པོ་ཤེས་རབ་གྲགས་སོགས་མཁས་བཙུན་མང་པོ་ལ་གསུངས་པས་མངོན་པ་འོག་མའི་བསྟན་པ་གཞིར་གཞེངས་སུ་སོང་། གསང་འདུས་ཡེ་ཤེས་ཞབས་ལུགས་འཆད་སྤེལ་མང་དུ་མཛད་པས་འདུས་པ་ཁམས་ལུགས་སུ་གྲགས་པ་བྱུང་། གླིང་རྗེ་གེ་སར་རྒྱལ་པོའི་སློབ་དཔོན་མཛད་པ་དང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་ལ་སྒྲ་དང་ལེགས་སྦྱར་གྱི་སྐད་བསླབས། པཎ་ཆེན་སྨྲྀ་ཏིས་མ་འོངས་གདུལ་བྱ་རྣམས་ཀྱི་རྟེན་སྐལ་དུ་དགོངས་ནས། འཛོམ་ཉག་ཅེས་འབྲི་ཀླུང་གསེར་ལྡན་འབབ་པའི་གཡས་འགྲམ། ནོར་བུ་རྒྱན་ལམ་དུང་དཀར་གཡས་འཁྱིལ་གྱི་དབྱིབས་དང་། ཤེར་འགག་རྒྱལ་མཚན། ཐེ་ཁོད་པད་དཀར་སོགས་བཀྲ་ཤིས་རྟགས་བརྒྱད་དང་ཨ་མྱེ་གྲོགས་འཛོམ་ནོར་བུའི་དབྱིབས་སོགས་རྒྱལ་སྲིད་སྣ་བདུན་གྱི་མཚན་ཉིད་ཚང་བའི་ས་དཔྱད་རྟེན་འབྲེལ་ཕུན་སུམ་ཚོགས་པའི་གནས་སུ་གཟིགས་ནས། ཁོང་གིས་གཞན་རྣམས་ལ། ཁོ་བོས་འདིར་མཆོད་རྟེན་ཁྱད་འཕགས་ཤིག་ཀླུ་ཡུལ་ནས་གདན་འདྲེན་གྱི། ས་གཡོ་བ་དང་རི་འགུལ་བ། སྒྲ་སྣ་ཚོགས་འབྱུང་བ་སོགས་ལྟས་མང་པོ་ཡོང་བས་མིག་གིས་མ་བལྟ། སྐྲག་སྔངས་མི་དགོས་གསུངས་ནས་མ་དྲོས་ཀླུ་ཡི་འཇིམ་པ་བྱེ་མ་ཨ་ཀྲོང་ལས་གྲུབ་པའི་སྤྲུལ་པའི་མཆོད་རྟེན་ངོ་མཚར་བྱེ་བའི་འབྱུང་གནས། བྱིན་རླབས་ཀྱི་གཟི་བྱིན་ཉི་མ་སྟོང་ཕྲག་དུས་གཅིག་ཏུ་སྤུངས་པ་ལྟ་བུ། ཀླུ་ཡི་རྒྱལ་པོ་རྣམས་དང་བཅས་ཀླུ་ཚོགས་གྲངས་མེད་པས་ཀླུ་ཡི་མཆོད་སྤྲིན་མཐའ་ཡས་པ་ནོར་འཛིན་ཁྱོན་ཡངས་འགེངས་བཟོད་པ། དཀར་ཕྱོགས་ཀྱི་ལྷ་གནོད་སྦྱིན་སོགས་ཀྱིས་ལྷ་ཡི་འབྱོར་པ་རྒྱ་མཚོའི་མཆོད་རྫས་ཀྱིས་བར་སྣང་ཁྱབ་པ། མེ་ཏོག་གི་ཆར་དང་དབང་གཞུ་བཀྲ་བའི་གུར་ཁྱིམ་དང་། རྒྱལ་མཚན་དང་། བ་དན་དང་། གདུགས་དང་། དར་དཔྱངས་ཀྱི་རྣམ་པས་ལྷ་ལམ་ཁྱབ་པ། དྲི་བཟང་གི་ངད་བཟང་པོ་འཐུལ་ཞིང་། ས་རྣམ་པ་དྲུག་ཏུ་གཡོས། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་གྲུལ་བུམ་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་རང་རང་གི་སྐད་ཀྱིས་བསྟོད་བསྔགས་མགྲིན་པའི་རྒྱུད་མངས་རྡུང་བར་བྱེད་པའི་ཚེ་དེའི་དུས་ན་མཆོད་རྟེན་སྤྱན་དྲངས་པ་ལ་མི་བཟོད་པའི་བདུད་དང་བདུད་རིས་དག་གིས་ཡོངས་སུ་བཟུང་བའི་མི་བློ་ཆུང་བ་རྣམས་མ་བཟོད་པར་ལྟ་བར་སོགས་བྱས་པའི་རྐྱེན་གྱིས། སྐུ་སྨད་ཀླུ་ལ་རྟེན་དུ་བཞུགས་དགོས་བྱུང་བར་གྲགས། དེ་ལྟར་མི་དང་མི་མིན་འགྲོ་བ་ཡོངས་ཀྱི་ཆོས་སྐལ་དུ་གདན་དྲངས་པའི་བྱེ་མ་ཨ་ཀྲོང་གི་མཆོད་རྟེན་མི་ཚད་གསུམ་ཙམ་ལ་གཞི་མཛད་ནས་རྣམ་པར་རྒྱལ་མའི་མཆོད་རྟེན་དཔལ་གྱི་ལྷུན་པོ་བཞེངས། དེའང་ཉིན་མོར་མི་དང་མཚན་མོར་ལྷ་འདྲེ་རྣམས་ལ་བཞེངས་སུ་བཅུག་ཅིང་། འོག་མ་ཀླུ་ཡི་ཡུལ་ནས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་སྤྱན་འདྲེན་པ་ན། ནམ་མཁའ་ནས་མཁའ་འགྲོ་སྡེ་ལྔས་རིན་པོ་ཆེ་ཤེལ་གྱི་མཆོད་རྟེན་མཉམ་མེད་ཤཱཀྱའི་རྒྱལ་པོ་གཙོར་གྱུར། སངས་རྒྱས་རབ་བདུན་གྱི་རིང་བསྲེལ་སྙིང་པོར་བཞུགས་པ་ཕུལ་བ་དང་། གོང་དུ་སྨོས་པའི་སྒྱེད་རྡོའི་ནང་དུ་ཡུམ་སྡིག་པའི་ལུས་བླངས་པ་འཕོ་བ་མཛད་པའི་རོ་བསྲེགས་ཐལ་སོལ་དང་། ར་ལུག་སོགས་ཕྱུགས་མ་རྣམས་རྫི་བོ་མཛད་དུས་ཀྱི་རྡེའུ་རྣམས་དང་། ཉིད་ཀྱི་ན་བཟའ་སྐུ་ཆས། ཕྱག་རྗེས། ཞབས་རྗེས། ཕྱག་བསྟར་གྱི་སཱཙྪ་སྟེ་དེང་སང་སྨྲྀ་ཏི་ཚཱ་ཚཱ་ཞེས་པ། ཐུབ་དབང་། སྒྲོལ་མའི་སྣང་བརྙན་དུ་མ་སོགས་བྱིན་ལྡན་རྙེད་དཀའ་མང་པོ་བཅས་ནང་བཞུགས་མཛད་པ་བྲེ་མན་ཆད་ལེགས་པར་གྲུབ། པཎ་ཆེན་ཉིད་ཀྱིས་རབ་གནས་མཛད་པས། རྩ་གསུམ་རྒྱལ་བ་རབ་འབྱམས་ནམ་མཁའི་ཁྱོན་གང་བ་ལས་དང་སྐལ་པ་དང་ལྡན་པ་རྣམས་ཀྱིས་མངོན་སུམ་དུ་མཇལ་རྒྱུ་ཡོད་པའི་རྫུ་འཕྲུལ་མངོན་པར་བསྟན། འཇའ་ཚོན་གྱི་མཆོད་རྫས་ཀྱི་རྣམ་པ་དུ་མ་དང་། མེ་ཏོག་གི་ཆར་ས་གཞིར་ཁྱབ་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་། དམ་ཚིག་པ་ལ་ཡེ་ཤེས་པའི་ཚོགས་བསྟིམས་པར་མཛད་དེ། མཁའ་འགྲོ་འདུ་བའི་ཚེས་ལ་སློབ་དཔོན་པདྨཱ་ཀ་ར་གྲུབ་ཐོབ་མཁའ་འགྲོའི་ཚོགས་ཀྱིས་རབ་ཏུ་གནས་པར་མཛད། བྲེ་ཡན་ཆད་ང་ཡི་སྤྲུལ་པ་ཞིག་གིས་བཞེངས་པར་ལུང་བསྟན། དེ་ཉིད་གདན་འདྲེན་སྐབས་འོད་ཟེར་བྲག་ལ་ཕོག་ནས་རང་བྱོན་བྱུང་བར་གྲགས་པའི་མཆོད་རྟེན་དེ་ནི། མཆོད་རྟེན་དཔལ་གྱི་ལྷུན་པོའི་མདུན་ངོས། འབྲི་ཆུའི་གཡོན་འགྲམ་དུ་ཨེ་ཀྱེ་རག་པ་ཞེས་པའི་བྲག་རི་ཞིག་གི་ངོས་སུ་མཇལ་རྒྱུ་ཡོད། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ནི་དགུང་ལོ་བཅུ་དགུ་པའི་ཆུ་ཁྱི་སྟེ་ཕྱི་ལོ1022ལོར་ཚོང་པ་དང་འགྲོགས་ནས་ཁམས་ལྡན་སྟོད་དུ་བྱོན། སེ་བཙུན་གྱི་དྲུང་ནས་ཉིན་མོར་ནང་གཡོག ཕྱུགས་འཚོ་བ་དང་ཕྱེ་འཐག་པ་ཡན་ཆད། མཚན་མོར་རྟ་བཟང་ལ་ཞོན། འཁོར་གསུམ་བཏགས་ཏེ་རྐུན་ཟོན་ལེགས་པར་མཛད། དབུ་མ་དང་། མངོན་པ། སྔགས་རྙིང་མ་སོགས་རང་འཐག་གི་ཁར་དཔེ་ཆ་བཞག་སྟེ་གཟིགས་པ་བཅས་བརྩོན་འགྲུས་བསྐྱེད་པས་མཁས་པར་གྱུར། དགུང་ལོ་སོ་དྲུག་པའི་ས་ཡོས་ཏེ་ཕྱི་ལོ་༡༠༣༩ལ་གྲྭ་པ་རྣམས་ཆོས་ཀྱི་བགྲོ་གླེང་མཛད་པ་འབྲོམ་སྟོན་ཐུབ་མཁན་མ་བྱུང་བས་རྟ་རྫི་ཡོས་འཐག་བྱེད་པ་ལས་བཏོན་ཅིང་མཁས་པའི་གྲགས་པས་ཁྱབ། པཎ་ཆེན་སྨྲྀ་ཏི་ལས་སྒྲ་རིག་པ་དང་ལེགས་སྦྱར་གྱི་སྐད་བསླབས་ཤིང་ཕྲིན་ལས་ཅུང་རྒྱས་པས་འབྲོམ་བུ་དགོན་བཏབ། ཁོང་གིས་ད་ལྟ་རྒྱ་གར་ན་སུ་ཆེ་ཞུས་པས། སྨྲྀ་ཏིས་ངེད་རྒྱ་གར་ན་ཡོད་དུས་ནཱ་རོ་པ་ཆེ། རྒྱལ་རིགས་ལས་བྱུང་བའི་དགེ་སློང་དཱི་པཾ་ཀ་ར་བྱ་བ་ཡོད་པས་དེ་ད་ལྟ་བཞུགས་ན་ཁོང་ཆེ་བ་འོངས་གསུངས། འབྲོམ་སྟོན་གྱིས་ཇོ་བོའི་མཚན་ཐོས་པ་ཙམ་གྱིས་དད་པ་ཚད་མེད་འཁྲུངས། དགུང་ལོ་སོ་དགུ་པའི་ཆུ་རྟ་ཙམ་ལ་འགྲུལ་པའི་ངག་ལས་ཇོ་བོ་མངའ་རིས་སུ་ཕེབས་པ་གསན་པས་སེ་བཙུན་ལ་ཇོ་བོ་མཇལ་དུ་འགྲོ་བར་ཞུས་ནས་གནང་བ་ཐོབ་པ་བཞིན་རབ་བྱུང་དང་པོའི་ཆུ་ལུག་སྟེ་ཕྱི་ལོ་༡༠༤༣ལོར་བྱང་ལམ་བརྒྱུད་ནས་དབུས་སུ་ཕེབས། དེ་ཕྱིར་རབ་བྱུང་དང་པོ་ཚུགས་ཁར་པཎ་ཆེན་སྨྲྀ་ཏིས་འཛོམ་ཉག་མཆོད་རྟེན་དཔལ་གྱི་ལྷུན་པོ་བཞེངས་ཤིང་ལྕགས་འབྲུག་ནས་ཆུ་རྟ་སྟེ་ཕྱི་ལོ་༡༠༤༠ནས༡༠༤༢བར་གྱི་ལོ་འདི་སྐོར་ལ་སྨྲྀ་ཏི་ཁམས་སྟོད་དུ་བཞུགས་ངེས་ཤིང་གླིང་རྗེ་གེ་སར་རྒྱལ་པོའི་སློབ་དཔོན་མཛད་པའི་དུས་ཀྱང་འདིའི་སྐབས་སུ་ཡིན་པ་གསལ། དེ་ནས་མ་འོངས་པའི་གདུལ་བྱ་སྤྱི་དང་ནད་གདོན་མི་བཟད་པས་ཉེན་པ་རྣམས་མཆོད་རྟེན་རིན་པོ་ཆེ་འདི་ཉིད་དང་། སྐུ་གདུང་མཆོད་རྟེན་བཅས་ཆེད་དུ་སྩལ་བ་དང་ཞལ་ཆེམས་མཛད་དེ། ལྡན་དྲན་ཐང་དུ་མཛད་པ་ཐ་མ་བསྟན་ནས་ད་ལྟའང་མཆོད་རྟེན་རིན་པོ་ཆེ་བྱིན་རླབས་ཀྱི་འོད་སྟོང་འབར་ཞིང་གནས་སྐབས་སུ་ནད་གདོན་གྱིས་མནར་བ་དང་ངན་སོང་གི་རྒྱུ་བཅས་ལྷག་མེད་དུ་བཅོམ་པ་དང་། མཐར་ཐུག་ཐར་པ་དང་ཐམས་ཅད་གཟིགས་པའི་རྒྱུར་འགྲོ་ངེས་འགྲོ་རྒྱུད་ལ་ས་བོན་གྲུང་པོ་ཐེབས་པའི་རྟེན་དུ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དམ་པར་བཞུགས་བཞིན་པ་འདིའོ། ། པཎ་ཆེན་སྨྲྀ་ཏི་ནི་སྤྱིར་ཤེས་བྱ་མཐའ་དག་དང་ཁྱད་པར་བཟོ་རིག་ཕུལ་དུ་སོན་པས་གནས་དེའི་དད་ལྡན་བུ་སློབ་རྣམས་ལ་རྟེན་དང་གཙུག་ལག་ཁང་གི་བཟོ་བཀོད། ལྷ་རིས་དང་ལྡེབས་རིས། བརྐོས་རིས། འཇིམ་བཟོ། རྫ་བཟོ་སོགས་ལེགས་པར་བསླབས་པས་ད་ལྟའང་སྒ་འཛོམ་ཉག་ལྷ་རིས་སྒྱུ་རྩལ་ཞེས་སྙན་པའི་གྲགས་པ་ཕྱོགས་སུ་འབར་བའི་ཕྱག་རྒྱུན་མ་ཉམས་པ་མཆིས། ཁོང་གིས་རྡོ་ནག་པོའི་སྟེང་དུ་ཨ་དཀར་གྱིས་བཞེངས་པའི་སྐུ་བརྙན་ལ་ཕྱིས་རང་བྱོན་དུ་འབོད་ཅིང་། རྡོ་ནག་སྲན་རིལ་ཙམ་གྱི་ནང་དུ་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་འབུར་གཟུགས་གསལ་པོར་བཞེངས་པའི་སཱཙྪའི་བརྐོས་ཕོར་ལྟ་བུ་ནི་སྔོན་བྱུང་གི་ལོ་རྒྱུས་སུ་གསལ་བ་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད་ལ། གནས་གཞན་དུའང་ཁོང་གི་ཕྱག་བཟོ་བཞུགས་ཏེ། མྱང་ཆོས་འབྱུང་ལས། ཆུ་མིག་ནི་རྩ་བོ་ནང་འདྲེ་ཡུལ་གྱི་བྱང་ན་ཡོད། འདིའི་ནུབ་ལུང་ཆུ་གླིང་བུ་ན་པཎྡི་ཏ་སྨྲྀ་ཏིའི་ཕྱག་བཟོ་མ་ཁམ་པ་ལས་གྲུབ་པའི་དཔལ་ཆེན་གྱི་སྐུ་ར་མས་རྙེད་པ། སྨྲྀ་ཏིས་ལུག་རྫི་མཛད་ནས་ང་རིག་པའི་གནས་ལྔ་ལ་མཁས་པའི་པཎྡི་ཏ་ཡིན་པས། ལྷ་བཟོ་བརྗེད་དམ་མ་བརྗེད་གཟིགས་ནས་ཕྱག་དལ་དུ་སྒྲུབ་པ་འཇིམ་ཁུང་དུ་སྦས། ཕྱིས་ར་མས་རྙེད་པ་དེ་བཞུགས། ཞེས་དང་། སྨྲྀ་ཏིའི་ཕྱག་བཟོ་དཔལ་ཆེན་པོའམ་ཡང་དག་བྱིན་རླབས་ཅན་ཡོད་དོ། ། རྡོ་གཞི་མ་ནག་པོ་ལ་རྡོ་དཀར་པོས། རུ་ལུ་རུ་ལུ་རང་བྱོན་དུ་གྱུར་པ་ཁྱད་པར་ཅན་བཞུགས། ཞེས་གསུངས། ཁོང་གི་བླ་མ་ནོར་བཟང་གྲགས་པ་ལས་གསན་པ་ལྟར་སློབ་མ་གཞོན་ནུ་གྲགས་པའི་དོན་དུ། སྒྲ་དང་སུམ་རྟགས་དག་གསུམ་གང་ལའང་མཁོ་གལ་ཤིན་ཏུ་ཆེ་བའི་དག་ཡིག་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ་དང་དེའི་རང་འགྲེལ་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བའི་འགྲེལ་པ་གཉིས་ལི་ཆུ་གསེར་ཁབ་ཏུ་བརྩམས་པ་བསྟན་འགྱུར་གྱི་སྒྲ་མདོ་ཤེ་པར་བཞུགས། གཞན་ཡང་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བའི་རྒྱུད་ཕྱི་མ་བརྟག་པ་བདུན་པ་དང་། དཔལ་གདན་བཞི་པའི་རྣམ་པར་བཤད་པའི་རྒྱུད་ཀྱི་རྒྱལ་པོ་རྣལ་འབྱོར་མ་ཐམས་ཅད་གསང་བ་ཞེས་བྱ་བ། ལྷ་མོ་བཞིས་ཡོངས་སུ་ཞུས་པ། དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ། འཕགས་པ་གདན་བཞིའི་རྣམ་པར་བཤད་པ། ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས། དེ་ཁོ་ན་ཉིད་དྲུག་རྣམ་པར་བཞག་པ། དཔལ་རྡོ་རྗེ་བདུད་རྩིའི་དཀའ་འགྲེལ། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་བཤད་པ། རྟོག་པ་ཐམས་ཅད་འདུས་པ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་རྒྱུད་ཕྱི་མའི་ཕྱི་མ་རྣམ་པར་བཤད་པ། གསང་བ་ཐམས་ཅད་ཀྱི་སྒྲོན་མའི་རྒྱ་ཆེར་འགྲེལ་པ་གསང་འདུས་རྒྱུད་ཕྱི་མ། བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ། ཡན་ལག་བཞིའི་སྒྲུབ་ཐབས་ཀུན་ཏུ་བཟང་མོ་ཞེས་བྱ་བ། ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བའི་དཔལ་མི་བསྐྱོད་རྡོ་རྗེའི་སྒྲུབ་པའི་ཐབས། སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བའི་འགྲེལ་པ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལུགས། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་འགྲེལ་པ་རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་གཉིས་བླ་མའི་མན་ངག་ལས་བྲིས་པ་ཞེས་བྱ་བ། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ། འཇམ་དཔལ་མཚན་རྒྱུད་ཀྱི་བཤད་འབུམ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་གསང་བ་དང་ལྡན་པའི་སྒྲུབ་པའི་ཐབས། མཚན་ཡང་དག་པར་བརྗོད་པ་བཀླག་པའི་སྒོམ་ཁོག འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་སྦྱིན་སྲེག་གི་རིམ་པ། འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་འབྱུང་གནས་ཞེས་བྱ་བ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་གསང་བ་དང་ལྡན་པའི་སྒྲུབ་པའི་ཐབས་ཀྱི་འགྲེལ་པ་ཡེ་ཤེས་གསལ་བ་ཞེས་བྱ་བ་དང་། སྒྲུབ་ཐབས་གསང་བ་ལྡན་པའི་ཐིག་གི་ཆོ་ག  སྤྱན་དབྱེ་བའི་ཆོ་ག་རབ་གནས་བཅས་པ། འཕགས་པ་འཇམ་དཔལ་རིན་པོ་ཆེའི་ཆོ་ག གསང་ལྡན་གྱི་ཐོ་ཡིག་དོན་བསྡུས་སུ་མཛད་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག  ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་པ་དང་། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་མན་ངག  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་ཉི་ཁྲི་ལྔ་སྟོང་པ་དང་ཁྲི་བརྒྱད་སྟོང་པ་གསུམ་དོན་མཐུན་པ་སོགས་འགྱུར་དང་ཕྱག་རྩོམ་མང་པོ་མཛད་པ་བཀའ་འགྱུར་དང་བསྟན་འགྱུར་དུ་བཞུགས། སྐུ་ཚེའི་སྨད་དུ་ལྡན་ཁྲ་བོ་ལ་བརྒལ་ནས་ཕེབས། གསེར་འོག་ནས་རི་ཉིལ་རན་པ་རྫུ་འཕྲུལ་གྱི་འུར་ཐག་གིས་བཏགས། གྲོང་པ་རྣམས་ལ་རི་ཉིལ་རན་འདུག་པ་ཞགས་གསུམ་བར་བཏགས་ཡོད་པས་མྱུར་བར་གནས་གཞན་དུ་བྲོས་གསུངས། དད་པ་དང་ཡིད་ཆེས་ཅན་གྱི་སྐལ་ལྡན་རྣམས་བྲོས་པས་མི་འཇིགས་སྲོག་གི་སྦྱིན་པ་ཐོབ། འགའ་ཤས་ཀྱིས་རྒྱ་གར་སྤྲང་འཁྱམས་ཞིག་གི་ཁ་ལ་ཉན་རྒྱུ་ཅི་ཡོད། ཁོས་རི་བོ་འུར་རྡོས་ག་ལ་བཅིངས་ཐུབ་ཟེར་ནས་མ་སྤོས་པར་བསྡད་པས། ཉི་མ་གསུམ་སོང་རྗེས་ས་ཕྱོགས་དེ་ནས་རི་ཉིལ་ཏེ་ལས་ཀྱི་དབང་གིས་གཏིག་འོག་ཏུ་ཤོར། རིའི་རྩེ་འབྲི་ཆུའི་ཕ་རོལ་གྱི་རིའི་ངོས་ལ་བརྒྱབ་པའི་ཤུལ་དེང་སང་ཡང་ས་མདོག་མི་འདྲ་བ་ཚུ་རིའི་ཕྱོགས་ཀྱི་རི་རྩེ་འདྲ་བ་དམར་ཤས་ཅན་མཐོང་དུ་ཡོད། ལྡན་ཀློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་རྒྱ་ཆེར་མཛད་པ་དང་དྲན་ཐང་ཕྱག་བཏབ་ནས་གཤེགས་པས་གདུང་འབུམ་བདུད་ལས་རྣམ་རྒྱལ་ཡང་དེར་བཞེངས། མདོར་ན་བདག་ཉིད་ཆེན་པོ་འདི་ནི་མཁས་པའི་ངོས་ནས་སློབ་དཔོན་དབྱིག་གཉེན་དང་། གྲུབ་པའི་ངོས་ནས་ལཱུ་ནག་དྲིལ་གསུམ་དང་དབྱེ་བ་མེད་དོ། ། ཇོ་བོ་ཆེན་པོ་ཨ་ཏི་ཤ་བོད་ཀྱི་བསོད་ནམས་ཀྱི་མཐུས་སྤྱན་དྲངས་སྐབས། ཇོ་བོས་པཎ་ཆེན་སྨྲྀ་ཏི་གར་བཞུགས་གསུངས་པས་བོད་སྟོན་རྣམས་ཀྱིས་སྨྲྀ་ཏི་བོད་ཀྱིས་མ་ཤེས་ནས་རྫི་བོ་མཛད་ཚུལ་སོགས་རྒྱུ་མཚན་རྣམས་གསོལ་བས། ཇོ་བོའི་ཞལ་ནས། ཨ་ཙ་མ། བོད་བསོད་ནམས་ཆུང་། ངེད་རྒྱ་གར་ཤར་ནུབ་གཉིས་ན་པཎྡི་ཏ་སྨྲྀ་ཏི་ཛྙཱ་ན་ལས་ལྷག་པ་མེད། བོད་བསོད་ནམས་ཆུང་གསུངས་ནས་སྤྱན་ཆབ་བསིལ། ཡང་པཎ་ཆེན་དཱ་ན་ཤྲཱི་ལའི་ལྷག་ལྷ་གང་ཡིན་ཤེས་པའི་ཕྱིར། ས་སྐྱ་པཎ་ཆེན་གྱིས་ངྷ་དུ་རའི་སྨན་བཏང་བས་སྨན་ནད་ལྡང་བར། ས་པཎ་གྱིས་བཅོས་སུ་མི་གཏུབ་གསུངས་པས། དེར་པཎྡི་ཏས་བོད་མ་དག་པའི་ས་ཆར་འཆི་དགོས་གསུངས་ནས་མྱ་ངན་མཛད་པ་ལ། ས་པཎ་གྱིས། རྒྱ་གར་པའི་པཎ་ཆེན་མང་པོ་བོད་དུ་འདས། ཁྱད་པར་མཁན་ཆེན་བོ་ངྷི་ས་ཏྭ། དཱི་བཾ་ཀ་ར། ཕ་དམ་པ་རྣམས་བོད་དུ་འདས་པ་སྐྱོན་མེད་ཞུས་པ། བིཀླུ་སྡོམ་གཙང་། སེམས་བཟང་། ཛོ་ཀི་གདམས་ངག་མང་བ་གསུངས། འོ་ན་སྨྲྀ་ཏི་ཛྙཱ་ན་བོད་དུ་འདས་གསུངས་པས། ཕྱག་ཐལ་མོ་སྦྱར། དེའི་ཡོན་ཏན་བརྒྱ་ཆ་ཙམ་ཡང་ང་ལ་མེད་པས་འདས་ཆོག་པར་གདའ་གསུང་ནས་ཐུགས་ངལ་སངས། ཀྱལ་ཀ་དཀྲོལ་ནས་བསྙུན་དྭང་བའི་ལོ་རྒྱུས་འབྱུང་བས་སོ། ། བསྟན་པ་ཕྱི་དར་ཡང་པཎ་ཆེན་སྨྲྀ་ཏི་ནས་ཚུགས་པ་མཁས་དབང་དུ་མས་བཞེད་ལ་གསང་སྔགས་གསར་རྙིང་གི་མཚམས་ཁོང་གི་དུས་ནས་དབྱེ་བ་གཅིག་མཐུན་དུ་གསུངས། གང་ལྟར་བསྟན་པ་ཕྱི་དར་སྐབས་རྒྱ་གར་གྱི་པཎྡི་ཏ་བོད་དུ་བྱོན་པ་ཆེས་སྔ་བ་ཡིན་ལ་ལོ་ཙཱ་བ་སྔ་ཤོས་ཤིག་ཀྱང་ཡིན། རབ་རྒྱལ་ས་ཁྱིའི་དུས་ངན་གྱི་རྗེས་སུ་ཉིད་ཀྱི་འདྲ་སྐུ་སྟ་རེས་གཏོར་བ་ལ་དབུ་དེ་དད་ལྡན་ཞིག་གིས་ཉར་ཚགས་ཞུས་པ་དཔལ་ཡུལ་པདྨ་ཚེ་རིང་ལགས་ཀྱིས1990ལོའི་བོད་ལྗོངས་ཞིབ་འཇུག་དེབ་གཉིས་པར་གསུངས་ཤིང་། འདིར་བཞུགས་པའི་པཎ་ཆེན་སྨྲྀ་ཏི་ཉིད་ཀྱིས་ཕྱག་ནས་མཛད་པའི་སྨན་སྐུ་དེ་ཡང་གཏོར་བ་ལ། སྙིང་རྗེ་ཞེས་པའི་རྒན་པོ་ཞིག་གིས་དབུ་དེ་ཉར་ཚགས་ཞུས་པས་ཁག་གཉིས་ཀ་ལ་དབུ་རེ་བཞུགས་པ་ནི་ཡ་མཚན་ནོ། ། དྲན་ཐང་དུ་སྐུ་གཤེགས་པའི་དུས་ནི། འབྲོམ་སྟོན་གྱིས། ད་ལྟ་རྒྱ་གར་ན་སུ་ཆེ་ཞུས་པས། སྨྲྀ་ཏིས། ངེད་རྒྱ་གར་ན་ཡོད་དུས་ནཱ་རོ་པ་ཆེ། རྒྱལ་རིགས་ལས་རབ་ཏུ་བྱུང་བའི་དགེ་སློང་དཱི་པཾ་ཀ་ར་བྱ་བ་ཡོད་པས་དེ་ད་ལྟ་བཞུགས་ན་ཁོང་ཆེ་བ་འོངས་གསུངས་པ་དང་། ཇོ་བོ་རྗེ་བོད་དུ་ཕེབས་རྗེས་བོད་སྟོན་རྣམས་ཀྱིས་སྨྲྀ་ཏི་བོད་ཀྱིས་མ་ཤེས་པར་རྫི་བོ་མཛད་ཚུལ་གྱི་རྒྱུ་མཚན་རྣམས་ཞུས་པས། ཇོ་བོས། ཨ་ཙ་མ། བོད་བསོད་ནམས་ཆུང་། ངེད་རྒྱ་གར་ཤར་ནུབ་གཉིས་ན་པཎྡི་ཏ་སྨྲྀ་ཏི་ལས་ལྷག་པ་མེད། བོད་བསོད་ནམས་ཆུང་གསུངས་ནས་སྤྱན་ཆབ་བསིལ་བའི་ལོ་རྒྱུས་བཅས་ལ་དཔགས་ན་ཁོང་ཇོ་བོ་རྗེ་ལས་བགྲེས་ཤིང་། ཇོ་བོ་རྗེ་བོད་དུ་ཕེབས་ནས་ཕྲིན་ལས་རྒྱས་པའི་སྐབས་ཏེ་རབ་བྱུང་དང་པོའི་སྐོར་གསུམ་པ་ཕྱི་ལོ1050ཙམ་ནས་གཤེགས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-26

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།