ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་སྐོར་ཞིག་གི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་སྐོར་ཞིག་གི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་སྐོར་ཞིག་གི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་ཞེས་པ་ནི་སྤྱི་ལོ2019ལོའི་ཟླ10པའི་ཚེས31ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཐོག་གྲོས་འཆམ་བྱུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
现代化中共中央关于坚持和完善中国特色社会主义制度 推进国家治理体系和治理能力现代化若干重大问题的决定
གྲོས་ཚོགས།
ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ།
དུས་ཚོད།
སྤྱི་ལོ2019ལོའི་ཟླ10པའི་ཚེས31ཉིན།
1 ངོ་སྤྲོད། 

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་སྐོར་ཞིག་གི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་ཞེས་པ་ནི་སྤྱི་ལོ2019ལོའི་ཟླ10པའི་ཚེས31ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཐོག་གྲོས་འཆམ་བྱུང་བ་ཡིན། 

2 གཏན་འབེབས་ཀྱི་ནང་དོན། 

ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་ལ་དམིགས་སུ་བཀར་ནས་ཞིབ་འཇུག་བྱས་ཏེ་གཤམ་གསལ་གྱི་གཏན་འབེབས་བྱས་པ་སྟེ།

གཅིག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་སྤྱིའི་བླང་བྱ།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཏང་དང་མི་དམངས་ཀྱིས་དུས་ཡུན་རིང་བོའི་ལག་ལེན་གྱི་འཚོལ་ཞིབ་ནང་གྲུབ་པའི་ཚན་རིག་དང་མཐུན་པའི་ལམ་ལུགས་ཀྱི་མ་ལག་ཅིག་ཡིན་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་གི་ལས་དོན་དང་བྱེད་སྒོ་མཐའ་དག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གཞིགས་ནས་སྤེལ་དགོས་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་དེའི་ལག་བསྟར་ནུས་པ་གཅིག་སྡུད་ཐོག་མཚོན་པ་ཞིག་རེད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་བྱས་པ་བརྒྱུད། ཀྲུང་གོའི་གསར་བརྗེར་རྒྱལ་ཁ་ཐོབ་པ་དང་ཆབས་ཅིག་རྒྱལ་ཁབ་ཕྱི་ནང་གི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་ཏེ་རྒྱུན་ཆད་མེད་པར་འཚོལ་ཞིབ་ལག་ལེན་དང་རྒྱུན་ཆད་མེད་པར་སྒྱུར་བཅོས་གསར་གཏོད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཏང་གི་འགོ་ཁྲིད་དང་དཔལ་འབྱོར། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ། དམག་དོན། ཕྱི་འབྲེལ་གྱི་ལས་དོན་སོགས་ཕྱོགས་ཁག་ཐད་ཀྱི་ལམ་ལུགས་ཆགས་པ་དང་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། རང་རེའི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ“སྣེ་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”ཐབས་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་བས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྐྱིད། སྤྱི་ཚོགས་ཞི་འཇགས། རྒྱལ་ཁབ་གཅིག་གྱུར་བཅས་ལ་འགན་ལེན་ནུས་ལྡན་བྱས་ཡོད།

ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ70སོང་ཚུན། རང་རེའི་ཏང་གིས་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་འཕེལ་རྒྱས་མྱུར་བའི་བྱས་རྗེས་ངོ་མཚར་ཅན་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད་ལ། ཀྲུང་ཧྭ་མི་རིགས་ལ་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་ནི་མར་ཁེ་སིའི་རིང་ལུགས་མཛུབ་ཁྲིད་དུ་བྱས་པ་དང་། ཀྲུང་གོའི་ས་གཞི་ཆེ་མོར་རྩ་བ་ཚུགས་པ། ཀྲུང་ཧྭའི་རིག་གནས་ཀྱི་རྨང་གཞི་ཟབ་མོ་ལྡན་པ། མི་དམངས་ཀྱི་བརྩི་སྲུང་ཐོབ་པ་བཅས་ཀྱི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཅིག་ཡིན་པས། དེ་ནི་སྐྱེ་སྟོབས་ཆེན་པོ་དང་ཁྱད་འཕགས་རང་བཞིན་ཧ་ཅང་ཆེན་པོ་ལྡན་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཅིག་དང་། མི་འབོར་དུང་ཕྱུར་བཅུ་བཞི་ཙམ་ཡོད་པའི་རྒྱལ་ཁབ་ཆེན་པོ་ཡར་ཐོན་དང་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་ཐུབ་པ་དང་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་རིགས “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་ནས་རླབས་ཆེན་བསྐྱར་དར་ཡོང་བར་འགན་ལེན་བྱེད་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཅིག་ཡིན་པ་ལག་ལེན་ནང་ར་འཕྲོད་ཐུབ་ཡོད།

རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ལ་ཕྱོགས་མང་པོའི་ཐད་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ལྡན་པ་སྟེ། གཙོ་བོ་ནི། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་མཐའ་འཁྱོངས། ཆབ་སྲིད་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ་རྒྱལ་ཁབ་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ་དང་། མི་དམངས་རང་ཁྱིམ་རང་བདག་མཐའ་འཁྱོངས་དང་། མི་དམངས་དམངས་གཙོ་འཕེལ་རྒྱས། མང་ཚོགས་དང་འབྲེལ་བ་དམ་ཟབ། མི་དམངས་ལ་དམ་པོར་བརྟེན་པ་བཅས་བྱས་ནས་རྒྱལ་ཁབ་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བའི་མངོན་གསལ་དོད་པའི་ལེགས་ཆ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱས་ཏེ་སྤྱི་ཚོགས་དྲང་གཞག་དྲང་བདེན་དང་མི་དམངས་ཀྱི་དབང་ཆ་འགན་ལེན་ཏན་ཏིག་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། རྒྱལ་ཡོངས་བསམ་ཇུས་གཅིག་གྱུར་མཐའ་འཁྱོངས་དང་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱས་ཏེ་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་མངོན་གསལ་དོད་པའི་ལེགས་ཆ། མི་རིགས་ཁག་ཚང་མ་འདྲ་མཉམ་མཐའ་འཁྱོངས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། སྤྱི་དབང་ལམ་ལུགས་གཙོ་བོར་བྱེད་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་ཐོག་འཕེལ་རྒྱས་དང་རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་པ་དང་ཐོབ་སྤྲོད་སྣ་མང་གི་བྱ་ཐབས་མཉམ་གནས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་ཁྲོམ་རའི་དཔལ་འབྱོར་ཟུང་འབྲེལ་དམ་ཟབ་བྱས་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བའི་མངོན་གསལ་དོད་པའི་ལེགས་ཆ། ཐུན་མོང་གི་ཕུགས་བསམ་དང་དད་སེམས། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཀྱི་འདུ་ཤེས་བཅས་མཐའ་འཁྱོངས་བྱེད་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དར་སྤེལ་བཏང་ནས་མི་དམངས་ཡོངས་ཀྱི་བསམ་བློ་དང་སྙིང་སྟོབས་ཐད་མཐུན་སྒྲིལ་དམ་ཟབ་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དམངས་འཚོ་རྒྱུན་ཆད་མེད་པར་འགན་ལེན་དང་ཇེ་ལེགས་སུ་གཏོང་བ། མི་དམངས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་བཏང་སྟེ་ཐུན་མོང་འབྱོར་ཕྱུག་གི་འགྲོ་ལམ་ཐོག་བསྐྱོད་པའི་མངོན་གསལ་དོད་པའི་ལེགས་ཆ། སྒྱུར་བཅོས་གསར་གཏོད་དང་དུས་བསྟུན་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་རང་ངོས་འཐུས་ཚང་དང་རང་ངོས་འཕེལ་རྒྱས་ལེགས་པོ་བྱས་ནས་སྤྱི་ཚོགས་ལ་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་བར་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། སྤྱོད་ཡོན་གཉིས་ལྡན་དང་མཁས་འདེམས་འཇོན་བསྐོ་མཐའ་འཁྱོངས་བྱས་ནས་གནམ་འོག་གི་ཤེས་ཡོན་ཅན་གཅིག་སྡུད་མཉམ་སྤྱོད་བྱས་ཏེ་ཕུལ་བྱུང་གི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་དམག་དཔུང་གིས་མཐའ་གཅིག་ཏུ་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་ཐུབ་པའི་འགན་ལེན་བྱེད་པ་དང་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་འགན་ལེན་ནུས་ལྡན་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”རྒྱུན་འཁྱོངས་ཀྱིས་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱས་ཏེ་མེས་རྒྱལ་ཞི་བས་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་མངོན་གསལ་དོད་པའི་ལེགས་ཆ། རང་ཚུགས་རང་བདག་དང་ཕྱི་ཕྱོགས་སྒོ་དབྱེ་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་རྒྱུན་ཆད་མེད་པར་ལེགས་སྐྱེས་འབུལ་བའི་མངོན་གསལ་དོད་པའི་ལེགས་ཆ་བཅས་ཡིན། མངོན་གསལ་དོད་པའི་ལེགས་ཆ་འདི་དག་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་སྲ་བརྟན་དུ་གཏོང་བའི་རྩ་བའི་གཞི་འཛིན་ས་ཡིན།

དེང་གི་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ཡོད་པ་དང་། རང་རྒྱལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་ཕྱིན་པ་དང་འཚམ་པ་བྱས་ཏེ་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་སྤྱི་འདོམས་བྱས་ནས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་བ་རྒྱུན་ཆད་མེད་པར་སྐོང་བ་དང་། མདུན་སྐྱོད་འགྲོ་ལམ་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བྱེད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་དགོས།

མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལན་ལེན་བྱེད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱེད་པ། བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་གསར་གཏོད་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་འདེགས་སྐྱོར་བྱེད་པའི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་བཅས་མངོན་གསལ་དོད་པོས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་རྨང་གཞི་སྲ་བརྟན་གཏོང་དང་། དགེ་མཚན་དར་སྤེལ། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ། མ་ལག་འཐུས་ཚང་དང་། ཚན་རིག་དང་མཐུན་ལ་ཚད་ལྡན་ཡིན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ལམ་ལུགས་ཀྱི་མ་ལག་སྐྲུན་པ། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་། ཁྲིམས་བཞིན་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ལ་ཤུགས་སྣོན་པ། རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་པར་དེ་བས་ལེགས་པར་འགྱུར་བ་བཅས་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འགན་ལེན་ནུས་ལྡན་བྱ་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་ནི། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས། ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་དེ་བས་ཚགས་ཚུད་པོ་དང་དེ་བས་གཏན་འཁེལ་བྱེད་པའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། སྤྱི་ལོ2035ལོར་སླེབས་སྐབས། ཕྱོགས་ཁག་གི་ལམ་ལུགས་དེ་བས་འཐུས་ཚང་དུ་སོང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་འགྱུར་བ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་པ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་བས་སྲ་བརྟན་དང་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པར་བྱ་དགོས།

གཉིས། ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། ཏང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།

ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ཡིན་ལ་ཏང་ནི་ཆབ་སྲིད་ཀྱི་འགོ་ཁྲིད་མཐོ་ཤོས་ཀྱི་སྟོབས་ཤུགས་ཀྱང་རེད། ཏང་ནི་ཏང་སྲིད་དམག་དམངས་སློབ་དང་ཕྱོགས་བཞི་མཚམས་བརྒྱད་ལ་འགོ་ཁྲིད་མཁན་ཡིན་པ་ངེས་པར་དུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་ཡོང་བར་ཏང་གི་འགོ་ཁྲིད་ཀྱི་ལམ་ལུགས་དང་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་གི་ཁྱབ་ཁོངས་ཁག་དང་། ཕྱོགས་ཁག ལྷུ་ཚིགས་ཁག་བཅས་ལ་ཏང་གི་འགོ་ཁྲིད་དོན་འཁྱོལ་བྱ་དགོས།

(གཅིག)ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་ངེས་པའི་ལམ་ལུགས་འཛུགས་དགོས། ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཡིག་བརྩི་སྲུང་བྱེད་པར་འགན་ལེན་ཏན་ཏིག་དང་། ཏང་གི་ངོ་བོ་དང་དམིགས་ཡུལ་དམ་སྲུང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལ་བརྟེན་ནས་ཏང་ཡོངས་གོང་བུར་འགྲིལ་བ་དང་མི་དམངས་ལ་མཐུན་སྒྲིལ་རྒྱུན་འཁྱོངས།ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ།ལས་ཀར་སློབ་སྟོན་བཅས་བྱས་ནས་ཏང་གིས་སྲིད་སྐྱོང་བའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་རྒྱུ་དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྟག་བརྟན་གྱི་ཞིབ་འཇུག་བྱ་གཞི་དང་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་ཞིབ་འཇུག་བྱ་གཞི་ཞིག་ཏུ་བརྩིས་ནས་ཕུགས་ཕན་གྱི་ལམ་སྲོལ་ཆགས་པ་བྱས་ཏེ་ཏང་ཡོན་དང་ལས་བྱེད་པར་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་རྒྱུན་འཁྱོངས་ལྷོད་མེད་ངང་སྦྱོང་བརྡར་བྱེད་དགོས། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ལས་དོན་མཐའ་དག་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ། མི་དམངས་ཀྱི་བསམ་འདུན་མཚོན་པ་བཅས་བྱས་ནས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་མི་དམངས་ཀྱི་སྙིང་དབུས་ནས་བརྩི་བཀུར་ཐོབ་པ་བྱེད་དགོས།

(གཉིས)ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཁག་འཐུས་ཚང་དུ་གཏོང་དགོས། ཏང་ཡོངས་ཀྱིས་“འདུ་ཤེས་བཞི”ལ་ཤུགས་སྣོན་དང་། “གདེང་ཚོད་བཞི”སྲ་བརྟན། “སྲུང་སྐྱོང་གཉིས་”བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། རང་རྟོགས་ཀྱིས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་སྲུང་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སྲུང་སྐྱོང་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་དགོས། ཏང་ཀྲུང་དབྱང་གིས་ལས་དོན་གལ་ཆེན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་གྲོས་མོལ་མཐུན་སྦྱོར་སྒྲིག་གཞིའི་འགན་ནུས་སྒྲུབ་ཤུགས་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཏང་ཀྲུང་དབྱང་ལ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བཅས་བྱས་ནས་གང་གསུང་དེ་སྒྲུབ་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། ཏང་གི་གཅིག་བསྡུས་གཅིག་གྱུར་སྲུང་སྐྱོང་བྱེད་པའི་རྩ་འཛུགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཏང་གི་ཀྲུང་དབྱང་རྩ་འཛུགས་དང་། ས་གནས་རྩ་འཛུགས། གཞི་རིམ་རྩ་འཛུགས་བཅས་གོང་འོག་འབྲེལ་མཐུད་དང་། ལག་བསྟར་ནུས་ལྡན་བྱེད་པའི་དམ་ཚགས་མ་ལག་ཆགས་པར་བྱས་ཏེ། ཏང་གི་རྩ་འཛུགས་དང་ཏང་གི་ལས་དོན་ཁྱོན་ཡོངས་ལ་ཁྱབ་པར་བྱ་དགོས།

(གསུམ)ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཏང་གི་འགོ་ཁྲིད་ཆེན་པོ་དང་། སྲིད་གཞུང་། སྲིད་གྲོས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། དྲག་པོའི་སྟོབས་ཤུགས། མི་དམངས་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རྩ་འཛུགས།སྤྱི་ཚོགས་ཀྱི་རྩ་འཛུགས་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རིམ་པ་ཁག་གི་ཏང་ཨུ(ཏང་ཙུའུ)ཡི་ལས་ཀའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཏང་གིས་རྩ་འཛུགས་སྣ་ཚོགས་ཀྱི་ཁྲོད་དུ་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས། ཏང་གིས་བྱ་གཞག་ཁག་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ཞིབ་ཕྲ་འཐུས་ཚང་དུ་བཏང་སྟེ་ཏང་གི་འགོ་ཁྲིད་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་ཕྱོགས་ཁག་ཏུ་དོན་འཁྱོལ་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་འཐུས་ཚང་དུ་བཏང་སྟེ་ཏང་གི་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ལ་དབང་བའི་ལས་ཁུངས་ཀྱིས་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ལག་ལེན་མཐར་ཕྱིན་བསྟར་ནས་ཕྱོགས་གང་ཅིའི་ཐད་ནས་མཐུན་སྦྱོར་ངང་བྱ་སྤྱོད་སྤེལ་བ་དང་མཉམ་ཤུགས་ཇེ་ཆེར་གཏོང་དགོས།

(བཞི) མི་དམངས་ཀྱི་ཆེད་དུ་སྲིད་དོན་སྐྱོང་བ་དང་། མི་དམངས་ལ་བརྟེན་ནས་སྲིད་དོན་སྐྱོང་བའི་ལམ་ལུགས་ཁག་འཐུས་ཚང་དུ་གཏོང་དགོས། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་དོན་སྐྱོང་བ་མཐའ་འཁྱོངས། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ།དམངས་ཀྱི་འདོད་བློར་བརྩི་འཇོག་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ། དམངས་འཚོ་ལེགས་བཅོས་བཅས་བྱ་རྒྱུ་དེ་ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་ལས་དོན་ཡོངས་ལ་ཁྱབ་པར་བྱེད་པ་དང་། ཏང་གིས་སྲིད་སྐྱོང་བའི་གྲལ་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཁྲོད་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བར་བརྟེན་ནས་མི་དམངས་ཀྱི་གཙོ་ཤུགས་གོ་གནས་འགན་ལེན་བཅས་བྱས་ཏེ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁར་དོགས་ཟོན་གང་ཐུབ་བྱ་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་དོན་འཁྱོལ་དང་། ཏང་ཡོན་དང་ལས་བྱེད་པས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། དྲ་སྦྲེལ་དུས་རབས་ཀྱི་མང་ཚོགས་ལས་ཀའི་ལམ་སྲོལ་གསར་གཏོད་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཆེད་དུ་དང་། མང་ཚོགས་ལ་ཡིད་ཆེས། མང་ཚོགས་ལ་བརྟེན་པ། མང་ཚོགས་ལ་སྣེ་ཁྲིད་བཅས་བྱེད་པ་དང་། མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་དང་གཞི་རིམ་དུ་ཟབ་ཞུགས་བྱ་དགོས། འབྲེལ་གཏུག་རྒྱ་ཆེ་ཞིང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མང་ཚོགས་ཚོགས་པའི་ལས་དོན་མ་ལག་འཐུས་ཚང་དུ་གཏོང་བ་དང་། མི་དམངས་ཚོགས་པས་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཆེ་རུ་བཏང་ནས་རང་སོ་སོའི་འབྲེལ་བ་ཡོད་པའི་མང་ཚོགས་ཏང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས།   

(ལྔ)ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་དང་། ཏང་ནང་གི་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་གཅིག་སྡུད་ཡང་དག་པ་ལག་ལེན་བསྟར་བའི་འབྲེལ་ཡོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཏང་གིས་ཁ་ཕྱོགས་འཛིན་པ་དང་། ཁྱོན་ཡོངས་དོན་གཉེར། སྲིད་ཇུས་གཏན་འཁེལ། བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་བ་བཅས་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ཐབས་ཇུས་འགོད་པའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐབས་ཇུས་གལ་ཆེན་ལ་བརྟག་དཔྱད་ཞིབ་འཇུག་དང་། ཚན་རིག་དང་མཐུན་པར་རིགས་པས་ཁུངས་སྐྱེལ། ཉམས་ཉེན་དཔྱད་དཔོག་བཅས་བྱེད་པར་ཤུགས་སྣོན་རྒྱག་པ། ཐབས་ཇུས་ལག་བསྟར་དང་། དཔྱད་དཔོག ལྟ་སྐུལ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་གི་འགོ་ཁྲིད་བྱེད་སྟངས་དང་སྲིད་སྐྱོང་བྱེད་སྟངས་ལེགས་བཅོས་བྱས་ནས་ཏང་གི་རྩ་འཛུགས་རིམ་པ་ཁག་གི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་ཤུགས་ཆེ་རུ་གཏོང་དགོས། འགན་འཁུར་ཕོད་པའི་བྱས་རྗེས་ཀྱི་སྐུལ་སློང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་གི་འཇོན་ཐང་དང་། ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ། བསྒྱུར་བཅོས་གསར་གཏོད་ཀྱི་ནུས་པ།ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་བའི་ནུས་རྩལ། ཁྲིམས་ལྟར་སྲིད་འཛིན་པའི་ནུས་རྩལ། མང་ཚོགས་ཀྱི་ལས་ཀའི་ནུས་པ། དོན་འཁྱོལ་དམ་འཛིན་བྱེད་ནུས། ཉེན་ཁའི་འཇོན་ཐང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ།འཐབ་རྩོད་ཀྱི་འཇོན་ཐང་ཆེར་གཏོང་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།

(དྲུག) ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཏང་གིས་ཏང་སྐྱོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་། སྡུག་འབྱུང་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ།ཏང་གིས་རང་ཉིད་གསར་བརྗེ་བྱེད་པར་སྐུལ་སྤེལ་ཟམ་མི་ཆད་པར་བཏང་སྟེ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་དུས་ནམ་ཡང་རྒྱུན་འཛིན་བྱ་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་བྱས་ནས་ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྒྲིག་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་པ་དང་ཏང་གི་ཕྱོགས་ཁག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་རྒྱུན་འཁྱོངས་དང་། ཏང་གིས་ལས་བྱེད་པར་དོ་དམ་དང་མཁས་འདེམས་འཇོན་བསྐོ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་ནང་གི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ།དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་ཏང་ནང་གི་ཆབ་སྲིད་རིག་གནས་འཕེལ་རྒྱས་བཏང་ནས་ཏང་ནང་གི་ཆབ་སྲིད་སྐྱེ་ཁམས་ཁྱོན་ཡོངས་ནས་གཙང་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱ་དགོས། ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་པ་དང་། ཏང་གི་དག་གཙང་རང་བཞིན་ཇེ་ཆུང་དུ་གཏོང་བའི་གནད་དོན་ཡོད་ཚད་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཤུགས་ཆེན་པོས་ཡོ་བསྲང་བྱས་ཏེ། ཏང་གི་གསར་གཏོད་ནུས་ཤུགས་དང་།གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་ཤུགས་བཅས་རྒྱུན་མ་ཆད་པར་ཇེ་ཆེར་བཏང་སྟེ། ཏང་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་བར་ཁག་ཐེག་བྱ་དགོས།

གསུམ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་དགོས།

རང་རྒྱལ་ནི་བཟོ་བ་གྲལ་རིམ་གྱིས་འགོ་ཁྲིད་ཅིང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས།རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་ཡིན། མི་དམངས་གཙོ་ཤུགས་ཡིན་པའི་གོ་གནས་ངེས་པར་དུ་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་ལམ་དུ་བསྐྱོད། དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དམངས་གཙོའི་ཐབས་ལམ་རྒྱ་བསྐྱེད་དེ་ཁྲིམས་ལྟར་དམངས་གཙོས་འདེམས་བསྐོ་དང་། དམངས་གཙོས་གྲོས་མོལ།དམངས་གཙོས་ཇུས་ཐག་གཅོད་པ། དམངས་གཙོས་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་བྱས་ནས་ཕྱོགས་གང་ཅིའི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་བྱས་ཏེ་མི་དམངས་ཀྱི་འདོད་བློ་སྔར་ལས་ལེགས་པར་མཚོན་པ་དང་། མི་དམངས་ཀྱི་ཁེ་དབང་འགན་སྲུང་།མི་དམངས་ཀྱི་གསར་གཏོད་སྐུལ་སློང་། མི་དམངས་ཀྱིས་ཁྲིམས་ལྟར་ཐབས་ལམ་དང་རྣམ་པ་སྣ་ཚོགས་བརྒྱུད་དེ་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་དང་། དཔལ་འབྱོར་དང་རིག་གནས་བྱ་གཞག་དོ་དམ། སྤྱི་ཚོགས་ཀྱི་ལས་དོན་དོ་དམ་བཅས་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས།

(གཅིག) མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ཞེས་པའི་རྩ་བའི་ཆབ་སྲིད་ལམ་ལུགས་འདི་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། མི་དམངས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པའི་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་ཡིན། མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་པ་དང་། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཚང་མ་དམངས་གཙོས་འདེམས་བསྐོ་བྱས་ནས་ཐོན་པ་དང་། མི་དམངས་ལ་འགན་འཁུར་བ།མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་འགན་ལེན་བྱེད་པ། རིམ་པ་ཁག་གི་རྒྱལ་ཁབ་ལས་ཁུངས་ཚང་མ་མི་དམངས་འཐུས་ཚོགས་ནས་ཐོན་པ་དང་། མི་དམངས་འཐུས་ཚོགས་ལ་འགན་འཁུར་བ། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་འགན་ལེན་བྱེད་དགོས། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་དབང་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱིས“སྲིད་གཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཅིག་ལ་ཁང་གཉིས”ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་བ་དང་། འཐུས་མིའི་འབྲེལ་གཏུག་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱ་དགོས། མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་ལམ་ལུགས་དང་། འདེམས་བསྐོའི་ལམ་ལུགས། དོན་གྲོས་ལམ་སྲོལ་བཅས་འཐུས་ཚང་དུ་གཏོང་བ་དང་། རིགས་པས་ཁུངས་སྐྱེལ་དང་། དཔྱད་དཔོག དཔྱད་མོལ། དཔང་ཉན་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁ་གྲངས་མང་དུ་འོས་འཚམ་གཏོང་དགོས། ས་གནས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།

(གཉིས)ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཡུན་རིང་མཉམ་གནས།ཕན་ཚུན་ལྟ་སྐུལ། གཅིག་སེམས་གཅིག་གཏད། ཁྲེལ་གྲགས་མཉམ་ཁུར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཏང་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཕན་ཚུན་ལྟ་སྐུལ་དང་ལྷག་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གིས་རང་རྟོགས་ཀྱིས་ལྟ་སྐུལ་དང་ལེན་དང་། ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཆེད་དམིགས་ལྟ་སྐུལ་བྱེད་པ་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དམངས་གཙོའི་ཏང་ཤོག་ཀྲུང་དབྱང་གིས་ཀྲུང་གུང་ཀྲུང་དབྱང་ལ་ཐད་ཀར་གྲོས་འགོ་འདོན་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ།དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་དྲག་གིས་འགན་ནུས་སྒྲུབ་པ་དང་བྱེད་ཐབས་སྤྱོད་པར་རྒྱབ་སྐྱོར་བཅས་བྱས་ཏེ། རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པའི་དགེ་མཚན་མཚོན་པར་བྱེད་དགོས།

(གསུམ) ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་རྣམ་པ་རྒྱུན་འཁྱོངས་བྱས། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་ཡོང་བ་མཐའ་འཁྱོངས། མནའ་མཐུན་པའི་ཁེ་ཕན་ལ་ལྟ་རྟོག་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། མི་རིགས་ཀྱི་ལས་དོན་དང་ཆོས་ལུགས་ཀྱི་ལས་དོན་ལེགས་པོར་སྒྲུབ་པ། ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཀང་ཨའོ་སྤུན་ཟླ་དང་། ཐའེ་ཝན་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ཀྱི་སྟོབས་ཤུགས་གོང་བུར་འགྲིལ་བ། སྤྱིའི་བགོ་གྲངས་ཆེ་ཤོས་དོན་གཉེར་བྱེད་པ། དམངས་སེམས་གཅིག་མཐུན་གྱི་སྒོར་དབྱིབས་ཆེ་ཤོས་འབྲི་བ་བཅས་བྱས་ཏེ། སྲིད་ཏང་གི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ།རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།

(བཞི)མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་ཐོག་བསྐྱོད་རྒྱུ་དང་། མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས།མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་རྒྱུན་འཁྱོངས། མི་རིགས་རང་སྐྱོང་ས་གནས་ཀྱིས་ཁྲིམས་ལྟར་རང་སྐྱོང་དབང་ཆ་སྤྱོད་པར་ཁག་ཐེགགྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་། འདྲ་མཉམ་མཐུན་སྒྲིལ་རོགས་རེས་འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱ་དགོས།

(ལྔ)གསོན་ཤུགས་ཀྱིས་ཁེངས་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་དང་། གཞི་རིམ་གྱི་སྤྱི་པའི་ལས་དོན། སྤྱི་ཕན་བྱ་གཞག་བཅས་ཀྱི་ཁྲོད་དུ་མང་ཚོགས་རང་གིས་རང་ལ་དོ་དམ་དང་། རང་གིས་རང་ལ་ཞབས་འདེགས། རང་གིས་རང་ལ་སློབ་གསོ། རང་གིས་རང་ལ་ལྟ་སྐུལ་བཅས་རྒྱ་ཁྱབ་ཏུ་ལག་ལེན་བསྟར་བ། མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོའི་ཐབས་ལམ་རྒྱ་སྐྱེད་དུ་གཏོང་བ། གཞི་རིམ་གྱི་དམངས་གཙོ་ཐད་ཀར་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

བཞི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཏང་གིས་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་སྲིད་སྐྱོང་བྱེད་ནུས་ཆེ་རུ་གཏོང་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་བླང་བྱ་རེད། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་དུ་བསྐྱོད་པ། ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ། ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས། ཁྲིམས་སྐྱོང་རྒྱལ་ཁབ་དང་།ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འགྱུར་བའི་འཛུགས་སྐྲུན་རྒྱུན་འཁྱོངས་དང་། འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཚད་ལྡན་མ་ལག་དང་། ཕན་ནུས་ཆེ་བའི་ཁྲིམས་སྐྱོང་ལག་བསྟར་མ་ལགཚགས་དམ་པའི་ཁྲིམས་སྐྱོང་ལྟ་སྐུལ་མ་ལགནུས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་མ་ལག་བཅས་གང་མགྱོགས་ཆགས་པར་བྱེད་པ། འཐུས་སྒོ་ཚང་བའི་ཏང་ནང་གི་ཁྲིམས་སྲོལ་མ་ལག་གང་མགྱོགས་ཆགས་པར་བྱེད་པ། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། ཁྲིམས་བསྟར་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

ལྔ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་འཛིན་སྒྲིག་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།འགན་འཁྲི་ཁ་གསལ་ཡིན་ཞིང་ཁྲིམས་ལྟར་སྲིད་འཛིན་པའི་སྲིད་གཞུང་གི་བཅོས་སྐྱོང་མ་ལག་འཛུགས་དགོས།

རྒྱལ་ཁབ་ཀྱི་སྲིད་འཛིན་དོ་དམ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ལྟར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། སྤྱི་ཚོགས་ཀྱི་ལས་དོན་དོ་དམ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་ཡོད། སྲིད་འཛིན་ལས་ཁུངས་ཡོད་ཚད་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ལ་འགན་འཁུར་བ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་ངེས་པར་དུ་རྒྱུན་འཁྱོངས་དང་། སྲིད་འཛིན་བྱེད་སྟངས་གསར་གཏོད། སྲིད་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་བློ་ཡིད་ཚིམ་པའི་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་བྱ་དགོས།

དྲུག སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས།

སྤྱི་ལ་དབང་བའི་ལམ་ལུགས་ཀྱིས་གྲུབ་ཆ་གཙོ་བོ་བྱེད་ཅིང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བ། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་འཛིན་པ་དང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་ཡོད་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མཚོན་ཡོད་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བའི་ཆུ་ཚད་དང་འཚམ་པའང་ཡིན་པས། ཏང་དང་མི་དམངས་ཀྱི་གསར་གཏོད་རླབས་པོ་ཆེ་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ངེས་པར་དུ་རྒྱུན་འཁྱོངས་དང་། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས། སྲིད་གཞུང་གི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་རྒྱུན་འཁྱོངས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བ་བཅས་བྱེད་དགོས།

བདུན། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་རྒྱས་གོང་འཕེལ་གཏོང་བའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་མི་དམངས་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་དང་། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་བ་བྱ་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འདེགས་སྐྱོར་ཆེན་པོ་ཞིག་རེད། ངེས་པར་དུ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་དམ་འཛིན་བྱས། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྡུད་བྱེད་པ། མི་གསར་པ་སྐྱེད་སྲིང་བྱེད་པ། རིག་གནས་དར་རྒྱས་གཏོང་བ། གཟུགས་བརྙན་གཏོད་པ་བཅས་ཀྱི་ལས་འགན་ལ་དམིགས་ཏེ་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་མཐའ་འཁྱོངས་བྱེད་པ། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས་ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་དེ་བས་ལེགས་པའི་སྒོ་ནས་གཏོད་དགོས་ཞེས་གསུངས་པ་རེད།

བརྒྱད། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་དམངས་འཚོ་འགན་སྲུང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། མི་དམངས་ཀྱི་ཉིན་བཞིན་འཕར་སྣོན་བྱུང་བའི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་དགོས།

མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རང་རེའི་ཏང་གིས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཞིག་རེད། ངེས་པར་དུ་ཕྲུ་གུར་སློབ་གསོ་ཡོད་པ་དང་། སྦྱོང་ན་སློབ་གསོ་ཡོད་པ། རྩོལ་བར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ།སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་ལ་རོགས་སྐྱོར་ཡོད་པ་སོགས་ཐད་ཀྱི་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད་བྱེད་པ། ཡོངས་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་སྣང་ཆེན་བྱས་ཏེ་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱེད་དགོས། སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་སྟངས་གསར་གཏོད་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྤྱི་ཕན་བྱ་གཞག་གཉེར་བར་བསྔགས་སྐུལ། མི་དམངས་ཀྱི་རིམ་པ་མང་བ་དང་སྣ་མང་ཅན་དུ་འགྱུར་བའི་དགོས་མཁོ་སྐོང་ཐབས་བཅས་བྱས་ཏེ་བསྒྱུར་བཅོས་དང་གོང་སྤེལ་གྱི་གྲུབ་འབྲས་སྔར་ལས་མང་ཞིང་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཁེ་ཐོབ་པར་བྱ་དགོས།

དགུ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་བརྟན་ལྷིང་སྲུང་འཛིན་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་དགོས།

སྤྱི་ཚོགས་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཕྱོགས་གལ་ཆེན་ཞིག་ཡིན། སྤྱི་ཚོགས་བཅོས་སྐྱོང་ལ་ངེས་པར་དུ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། ཏང་ཨུས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར་བ། དམངས་གཙོའི་གྲོས་མོལ། སྤྱི་ཚོགས་ཀྱིས་མཉམ་རོགས། སྤྱི་དམངས་ཐེ་ཞུགས། ཁྲིམས་སྐྱོང་འགན་ལེན། ཚན་རྩལ་གྱིས་འདེགས་སྐྱོར་བཅས་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། མི་ཚང་མར་འགན་འཁྲི་ཡོད་པ་དང་། ཚང་མས་འགན་འཁྲི་འཁུར་ཐུབ་པ། མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ཐུན་མོང་སྒྲིག་གཞི་འཛུགས་སྐྱོང་བྱས་ནས་མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལྷིང་དང་གོ་རིམ་ལྡན་པ་འགན་ལེན་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྱོང་བྱེད་དགོས།

བཅུ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་ལོ་ངོ་སྟོང་གི་ཇུས་ཆེན་དང་འབྲེལ་བ་ཡོད། ངེས་པར་དུ་སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་ནས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་། གྲོན་ཆུང་སྔོན་ལ་འཇོག་པ་དང་། སྲུང་སྐྱོང་སྔོན་ལ་འཇོག་པ། རང་བྱུང་སླར་གསོ་བཅས་གཙོ་བོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་འགྱུར། སྣོད་བཅུད་ལེགས་པ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་པ་རེད།

བཅུ་གཅིག ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་དམག་དཔུང་གིས་དུས་རབས་གསར་པའི་ལས་འགན་དང་ལས་འགན་ཟོལ་མེད་ངང་སྒྲུབ་པར་འགན་ལེན་ཏན་ཏིག་བྱ་དགོས།

མི་དམངས་དམག་དཔུང་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲ་ཞིང་བརྟན་པའི་ཀ་རྡོ་ལྟ་བུ་ཡིན་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་ནི་མི་དམངས་དམག་དཔུང་འཛུགས་སྐྱོང་བྱེད་པའི་རྩ་བ་དང་། དམག་དཔུང་སྟོབས་ཆེར་གཏོང་བའི་བླ་སྲོག་ཡིན། ངེས་པར་དུ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྲོད་ཀྱི་མཛུབ་ཁྲིད་གནས་བབ་བརྟན་པོ་གཏན་འཁེལ་བྱས། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་སྲིད་ཇུས་དང་ལམ་ལུགས་མ་ལག་འཛུགས་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་སྤེལ། དུས་རབས་གསར་པའི་ནང་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་ཡོང་བའི་འགན་ལེན། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲར་ཁྱོན་ཡོངས་ནས་འཛུགས་སྐྱོང་། མི་དམངས་དམག་དཔུང་གི་ངོ་བོ་དང་། དམིགས་ཡུལ། རང་མདངས་བཅས་དུས་ནམ་ཡང་སྲུང་འཛིན་བཅས་བྱ་དགོས།

བཅུ་གཉིས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས

“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་མེས་རྒྱལ་ཞི་བས་གོང་བུ་གཅིག་གྱུར་ཡོང་བར་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་རླབས་ཆེན་ཞིག་རེད། ངེས་པར་དུ“རྒྱལ་ཁབ་གཅིག”ལ“ལམ་ལུགས་གཉིས”ལག་ལེན་བསྟར་བའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན་པ་དང་། “ལམ་ལུགས་གཉིས”ཀྱི་ཁོངས་གཏོགས་དང་ཕྱོགས་ཁག“རྒྱལ་ཁབ་གཅིག”གི་ཁོངས་སུ་གནས་པ་མ་ཟད“རྒྱལ་ཁབ་གཅིག”གི་ཁོངས་སུ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱ་དགོས། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་དོ་དམ་དང་བཅོས་སྐྱོང་ནན་པོ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བཅས་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གཞི་ཐིག་ལ་འགྲན་སློང་བྱེད་པའི་བྱ་སྤྱོད་མཐའ་དག་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ་དང་།རྒྱལ་ཁབ་ཁ་ཕྲལ་གཏོང་བའི་བྱ་སྤྱོད་མཐའ་དག་ལ་བཟོད་སྒོམ་གཏན་ནས་བྱེད་མི་རུང་།

བཅུ་གསུམ། རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་དང་ཕྱི་རོལ་གྱི་ཆ་རྐྱེན་བཟང་པོ་ལྡན་དགོས། ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

བཅུ་བཞི། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ནི་ཏང་གིས་དུས་ཡུན་རིང་པོའི་སྲིད་སྐྱོང་ཆ་རྐྱེན་འོག་རང་ཉིད་གཙང་བཅོས་དང་། རང་ཉིད་འཐུས་ཚང་། རང་ཉིད་གསར་བཅོས། རང་ཉིད་མཐོར་འདེགས་བཅས་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་འགན་སྲུང་གལ་ཆེན་ཞིག་ཡིན། ཏང་གི་གཅིག་གྱུར་འགོ་ཁྲིད་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་ལྡན་ཞིང་ལས་ཕྱོད་ཆེ་བ་བཅས་ཀྱི་ལྟ་སྐུལ་མ་ལག་ངེས་པར་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་གྱི་གཟབ་ནན་རང་བཞིན་དང་། མཉམ་སྒྲུབ་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་བཏང་སྟེ། ཐབས་ཇུས་ཚན་རིག་དང་མཐུན་ཞིང་། ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ལྟ་སྐུལ་ནུས་ལྡན་བྱེད་པ་བཅས་ཀྱི་དབང་ཆ་འཁོར་སྐྱོད་ལམ་སྲོལ་ཆགས་པར་བྱས་ཏེ། ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆ་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་འགན་ལེན་ཏན་ཏིག་བྱ་དགོས།

བཅོ་ལྔ། ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཡོངས་ཀྱི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་རེད། ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་ཚན་རིག་དང་མཐུན་པའི་འཆར་འགོད་དང་། སྒྲིག་འཛུགས་ཞིབ་ཚགས། ཉེ་རིང་ཟུང་འབྲེལ། ཁྱོན་ཡོངས་ལ་སྐུལ་འདེད་བཅས་བྱས་ནས་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ལམ་ལུགས་ཀྱི་སྐྱེ་སྟོབས་ནི་ལག་བསྟར་ལ་རག་ལས་ཡོད། རིམ་ཁག་ཏང་ཨུ་དང་སྲིད་གཞུང་དང་དེ་བཞིན་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ལམ་ལུགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་སྣེ་ཁྲིད་དེ་ལམ་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་དང་ལམ་ལུགས་ལག་བསྟར་གྱི་མིག་དཔེ་བྱས་ཏེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་རང་རྟོགས་ངང་ལམ་ལུགས་གོང་བཀུར་དང་། ལམ་ལུགས་ལག་བསྟར་ནན་མོ། ལམ་ལུགས་སྲུང་སྐྱོང་མཐའ་གཅིག་ཏུ་བཅས་བྱ་རྒྱུར་སྐུལ་ཁྲིད་བྱེད་དགོས། དབང་གྲགས་ལྡན་ཞིང་ཕན་འབྲས་ཆེ་བའི་ལམ་ལུགས་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། གདམ་ག་དང་། བབ་བསྟུན། འཐེན་སྐུམ་བཅས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས། ཡིད་ཆེས་བརྟན་པོ་དང་། བརྟན་ཤུགས་རྒྱུན་འཁྱོངས། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། གསར་གཏོད་སྲོལ་འབྱེད་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷུར་ལེན་བྱ་དགོས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-22

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།