རྫོགས་རིམ་སྐབས་ཀྱི་ཆོས་དྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡོན་ཏན་རིན་པོ་ཆེའི་མཛོད་འགྲེལ་ཉིན་བྱེད་སྣང་བ་ལས་བྱུང་བའི་རྫོགས་རིམ་སྐབས་ཀྱི་ཆོས་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《དཔལ་སྤྲུལ་གསུང་འབུམ་ང་པ》ཤ63ན2ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

ཡོན་ཏན་རིན་པོ་ཆེའི་མཛོད་འགྲེལ་ཉིན་བྱེད་སྣང་བ་ལས་བྱུང་བ་སྟེ།

1.ལམ་གྱི་རྩ་བ་གཏུམ་མོ་ལ་གསུམ་སྟེ། 

(1)ལས་ཀྱི་གསུམ་མོ་ནི། ལུས་ཀྱི་བྱེད་པ་བཅིངས་ཏེ་ཆོས་བདུན་གཡོ་མེད་དུ་བྱེད་པ། ངག་གི་བྱེད་པ་བཅིངས་ཏེ་ཁ་སྦྱོར་དུ་འཆིང་བ། སེམས་ཀྱི་བྱེད་པ་བཅིངས་ཏེ་གཏུམ་མོ་འབར་འཛག་སྒོམ་པ་སོགས་སོ༎

(2)ཉམས་ཀྱི་གཏུམ་མོ་ནི། དེ་ལྟར་བསྒོམས་པས་རླུང་སེམས་དབུ་མར་འདུས་པའི་རྟགས་སུ་དུ་བ་སྨིག་རྒྱུ་མེ་ཁྱེར་ལ་སོགས་པ་སྣང་ཞིང་སེམས་བདེ་སྟོང་གི་ཉམས་སྐྱེ་བའོ༎

(3)མཆོག་གི་གཏུམ་མོ་ནི། རླུང་སེམས་འདུ་ཚུལ་ལས་སྣང་བ་གསུམ་གྱིས་དྲངས་པའི་འོད་གསལ་མངོན་དུ་གྱུར་ནས་རྣམ་པར་མི་རྟོག་པ་མཆོག་གི་གཏུམ་མོ་རྒྱུད་ལ་སྐྱེ་བའོ༎

2.ལམ་གྱི་གཞི་མ་སྒྱུ་ལུས་ལའང་གསུམ་སྟེ།

(1)མ་དག་པའི་སྒྱུ་ལུས་ནི། ཕྱི་ནང་གི་སྣང་བ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟར་སྒོམ་པའོ༎

(2)དག་པའི་སྒྱུ་ལུས་ནི། སྣང་བ་ཐམས་ཅད་ལྷ་སྐུ་སྒྱུ་མ་ལྟར་སྒོམ་པའོ༎

(3)སྦས་དོན་རླུང་སེམས་ཀྱི་སྒྱུ་ལུས་ནི། དེ་ལྟར་སྣང་བ་ལྷ་གོམས་པ་དང་། དེ་ཉིད་འོད་གསལ་དུ་འཇུག་པའི་བསྡུ་རིམ་གཉིས་ཀ་སྤེལ་ནས་གོམས་པས་བསྡུ་རིམ་ཐ་མལ་གི་ལུས་རགས་པའི་འཛིན་པ་དང་བྲལ་ནས། རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མ་ལྟ་བུའི་ལྷ་སྐུར་ལངས་པ་དེ་ཉིད་རང་ངོ་ལ་རྟག་པར་སྣང་ཞིང་གཞན་སྣང་དུ་སྔར་གྱི་ལུས་རགས་པ་དེ་ཉིད་མི་སྣང་བ་སྟེ་དེའི་ཚེ་སྒྱུ་ལུས་གྲུབ་པ་ཞེས་བྱའོ༎

3.ལམ་གྱི་དྲོད་ཚད་རྨི་ལམ་ནི། སྒྱུ་ལུས་ཀྱི་ཡན་ལག་སྟེ། དང་པོ་འདུན་སྟོབས་དང་རླུང་སྟོབས་གང་རུང་གིས་རྨི་ལམ་བཟུང་ནས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པ་ལས་སྦྱངས། དེ་ནས་རྨི་ལམ་གྱི་སྣང་བ་སྤྲུལ་སྒྱུར་བྱེད་པ་དང་རྨི་ལམ་བཟུང་ནས་སངས་རྒྱས་ཀྱི་ཞིང་དང་སེམས་ཅན་གྱི་གནས་ལ་སོགས་པ་ཉུལ་བ་དང་། འཇིགས་སྐྲག་གི་གནས་མེ་དང་ཆུ་དང་གཡང་ས་སོགས་ལ་ཐོག་བརྫིས་བྱ་བ་དང་། མཐར་རྨི་ལམ་གྱི་སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་དུ་བལྟས་ནས་སྒྱུ་མར་སྦྱོང་བ་དང་། མཐར་སྒྱུ་མའི་ལྷ་སྐུ་ཡང་བསྡུ་རིམ་གྱིས་བསྡུས་ནས་འོད་གསལ་དུ་འཇུག་པ་སྟེ་མཐར་རྨི་ལམ་དབྱིངས་སུ་ནུབ་པའི་ཐབས་ལ་སློབ་པའོ༎

4.ལམ་གྱི་སྙིང་པོ་འོད་གསལ་ནི། སྔར་སྒྱུ་ལུས་ཀྱི་སྐབས་ཀྱི་སྒྱུ་མ་ལྟ་བུའི་ལྷ་སྐུ་དེ་ཡང་བསྡུ་རིམ་གྱིས་འོད་གསལ་དུ་བསྡུས་ནས་གཏུམ་མོ་རང་ལུས་དང་གཞན་ལུས་ཕྱག་རྒྱའི་ལམ་གང་རུང་ལ་བརྟེན་ནས་དགའ་བཞི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོགས་ལ་གོམས་པ་ལས།  སྟོང་པ་བཞིའམ་དགའ་བ་བཞིས་དྲང་བའི་འོད་གསལ་རྒྱུད་ལ་སྐྱེ་བའོ༎ དེ་ཡང་སྟོང་པ་བཞི་ནི།

(1)དང་པོ་རྣམ་ཤེས་སྣང་བ་ལ་ཐིམ་པའི་སྐབས་སུ་ཞེ་སྡང་གི་སྟོང་པ་སོ་གསུམ་འགག ཕྱི་རྟགས་སུ་སྟོན་གནམ་ཟླ་འོད་ཀྱིས་བསླད་པ་ལྟར་དཀར་ལམ་ལམ་པའི་སྣང་བ་དང་ནང་རྟགས་སུ་གསལ་བའི་ཉམས་མཐའ་དབུས་མེད་པར་འཆར་ཏེ་སྟོང་པ་ཞེས་བྱའོ༎

(2)དེ་ནས་སྣང་བ་མཆེད་པ་ལ་ཐིམ་པས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགག ཕྱི་རྟགས་སུ་སྟོན་གནམ་ཉི་འོད་ཀྱིས་བསླད་པ་ལྟ་བུའི་དམར་ལམ་པ་དང་། ནང་རྟགས་སུ་བདེ་བ་མུ་མཐའ་མེད་པར་འཆར་ཏེ་སྟོང་པ་ཆེན་པོ་ཞེས་བྱའོ༎

(3)དེ་ནས་མཆེད་པ་ཉེར་ཐོབ་པ་ལ་ཐིམ་པས་གཏི་མུག་གི་རྟོག་པ་བདུན་འགག ཕྱི་རྟགས་སུ་སྟོན་གནམ་སྨག་གིས་བསླད་པ་ལྟ་བུའི་ནག་ལམ་པ་དང་ནང་རྟགས་སུ་རྣམ་པར་མི་རྟག་པའི་ཉམས་མཐའ་དབུས་མེད་པར་འཆར་ཏེ་ཤིན་ཏུ་སྟོང་པ་ཞེས་བྱའོ༎

(4)དེ་ནས་ཉེར་ཐོབ་འོད་གསལ་ལ་ཐིམ་པ་ཞེས་ཟེར་ཡང་། དོན་དུ་སྔར་ཉེར་ཐོབ་ཀྱི་སྐབས་ཀྱི་མི་རྟོག་པ་དེ་ཉིད་ཅུང་ཟད་སངས་ནས་རང་བཞིན་གཞིར་གནས་ཀྱི་འོད་གསལ་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཅོས་མིན་དུ་ཤར་བ་ནི་སྟོན་གྱི་དུས་སུ་ཐོ་རངས་ཀྱི་ནམ་མཁའ་བསླད་བྱེད་ཀྱི་སྐྱོན་གསུམ་དང་བྲལ་བ་སྟེ་ཐམས་ཅད་སྟོང་པའི་འོད་གསལ་ཞེས་བྱའོ༎  དེ་དག་གི་སྐབས་སུ་བཤད་པའི་ཞེ་སྡང་གི་རྟོག་པ་སོ་གསུམ་ནི།

(1)འདོད་ཆགས་དང་བྲལ་བ།

(2)འདོད་ཆགས་དང་བྲལ་བ་བར་མ།

(3)ཤིན་ཏུ་འདོད་ཆགས་དང་བྲལ་བ།

(4)གང་ཡིད་ཀྱི་འོང་དག

(5)ཡིད་ཀྱི་འགྲོ།

(6)སོང་བ།

(7)མྱ་ངན།

(8)མྱ་ངན་བར་མ།

(9)ཤིན་ཏུ་མྱ་ངན།

(10)ཞི་བ།

(11)རྣམ་པར་རྟོག་པ།

(12)འཇིགས་པ།

(13)འཇིགས་པ་བར་མ།

(14)ཤིན་ཏུ་འཇིགས་པ།

(15)སྲེད་པ།

(16)སྲེད་པ་བར་མ།

(17)ཤིན་ཏུ་སྲེད་པ།

(18)ཉེ་བར་ལེན་པ།

(19)མི་དགེ་བ།

(20)བཀྲེས་སྐོམ་པ།

(21)ཚོར་བ།

(22)ཚོར་བ་བར་མ།

(23)ཤིན་ཏུ་ཚོར་བ།

(24)རིག་པ།

(25)རིག་པ་འཛིན་པའི་གཞི།

(26)སོ་སོར་རྟོག་པ།

(27)ངོ་ཚ་ཤེས་པ།

(28)སྙིང་རྗེ་བ།

(29)བརྩེ་བ།

(30)བརྩེ་བ་བར་མ།

(31)ཤིན་ཏུ་བརྩེ་བ།

(32)དོགས་པ་དང་བཅས་པ།

སྡུད་པ།

(33)སེར་སྣའོ༎ (སྐབས་འདིར་རྟོག་པ་གཅིག་ལྷག)

འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་ནི།

(1)འདོད་ཆགས་པ།

(2)ཆགས་པ།

(3)དགའ་བ།

(4)དགའ་བ་བར་མ།

(5)ཤིན་ཏུ་དགའ་བ།

(6)རངས་པ།

(7)རབ་ཏུ་མགུ་བ།

(8)དོན་མཚར་བ།

(9)དགོད་པ།

(10)ཚིམ་པ།

(11)འཁྱུད་པ།

(12)འོ་བྱེད་པ།

(13)འཇིབ་པ།

(14)བརྟན་པ།

(15)བརྩོན་པ།

(16)ཁེངས་པ།

(17)བྱེད་པ།

(18)འཕྲོག་པ།

(19)སྟོབས།

(20)སྤྲོ་བ།

(21)ཚོམ་ཚོམ་མེད་པ།

(22)ཚོམ་ཚོམ་མེད་པ་བར་མ།

(23)ཤིན་ཏུ་ཚོམ་ཚོམ་མེད་པ།

(24)དྲེགས་པ།

(25)རྣམ་པར་སྒེག་པ།

(26)འགྲས་པ།

(27)དགེ་བ།

(28)ཚིག་གསལ་བ།

(29)བདེན་པ།

(30)མི་བདེན་པ།

(31)ངེས་པ།

(32)ཉེ་བར་ལེན་པ།

(33)སྦྱིན་པ་པོ་ཉིད།

(34)བརྟུལ་བ།

(35)དཔའ་བ།

(36)ངོ་ཚ་མེད་པ།

(37)གཡོ་ཅན།

(38)གདུག་པ་ཅན།

(39)མི་སྲུན་པ།

(40)གྱ་གྱུ་ཆེ་བའོ༎

གཏི་མུག་གི་རྟོག་པ་བདུན་ནི།

(1)འདོད་ཆགས་བར་མ།

(2)བརྗེད་ངས།

(3)འཁྲུལ་པ།

(4)མི་སྨྲ་བ།

(5)སྐྱོ་བ།

(6)ལེ་ལོ།

(7)ཐེ་ཚོམ་དང་བདུན་ནོ༎

ལམ་གྱི་སུམ་མ་བར་དོ་ནི།

(1)རབ་འབྱུང་འཁྲུགས་འཆི་ཁའི་བར་དོ་ལ་སྣང་གསུམ་གྱིས་དྲངས་པའི་གཞིའི་འོད་གསལ་འཆར་བའི་ཚེ་སྔར་འདྲིས་ཀྱི་གདིང་ལ་བརྟེན་ནས་ངོས་བཟུང་སྟེ་འོད་གསལ་ཆོས་སྐུའི་ངང་དུ་གྲོལ་བའོ༎

(2)འབྲིང་སྣང་མུན་སྲིད་པའི་བར་དོར་སྒྱུ་ལུས་ལ་བརྟེན་ནས་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བ།

(3)ཐ་མ་སྲེད་ལེན་སྐྱེ་གནས་ཀྱི་བར་དོར་མངལ་སྒོ་བཟང་པོ་འདམ་པ་དང་། མངལ་སྒོ་ངན་པ་འགེགས་པ། དག་པའི་ཞིང་ཁམས་སུ་འཕེན་པ་གཏོད་པ་སོགས་ཀྱིས་གསང་སྔགས་ཀྱི་ཆོས་ལ་སྤྱོད་པའི་སྣོད་རུང་དུ་སྐྱེས་ནས་ལམ་གྱི་འཕྲོ་མཐུད་པའོ༎

6.ལམ་གྱི་བློ་ཚད་འཕོ་བ་ནི། གང་ཟག་རབ་ཚེ་འདི་ལྟར་ལྟ་བ་རྟོགས་པ་དང་། གྲུབ་མཐའ་སྙོགས་པ་ཡིན་ན་འཕོ་བ་མི་དགོས་ཀྱང་། ཇི་སྐད་དུ། ལམ་སྦྱང་དམན་ན་འཕོ་བས་བསུ༎ ཞེས་གསུངས་པ་ལྟར་ལམ་གྱི་སྦྱང་བགྲོད་དམན་པ་དག་གིས་འཆི་ལྟས་བརྟགས་པས་འཆི་བར་ངེས་ཤིང་མི་བསླུ་བར་ཤེས་ནས། ཐིམ་རིམ་མ་བྱུང་གོང་དུ་སྔར་བཤད་པའི་འོད་ཀྱི་གོང་བུའི་འཕོ་བ་དང་། སྒྲ་ཡི་འཕོ་བ་སོགས་ཀྱིས་རྣམ་ཤེས་དག་པའི་ཞིང་དུ་འཕོ་བའོ༎

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-01

གསར་སྤེལ་མཁན། :རྡོར་འཚོ།890

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།