སྨར་ཁམས་རི་རྒྱུད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མགོ་ལོག་པདྨ་རྫོང་ནི་ཆ་ནས་བཤད་ན། བ་ཡན་ཧ་རིའི་རྒྱུད་ལས་སྨར་ཁམས་རི་རྒྱུད་དུ་གཏོགས་དགོས་པ་ཞིག་ཡིན། རྒྱུ་མཚན་ནི་རྫོང་འདིའི་ཆགས་གནས་ནི་སྨར་དང་རྡོ་ཞེས་པའི་ལུང་ཆེན་གཉིས་ཡིན་པ་དང་སྨར་ནི་གནའ་ནས་ས་ཆ་འདི་སྐོར་ལ་ཤིན་ཏུ་གྲགས་ཆེ་ཞིང་དེ་ལ་གཏོགས་པའི་ལུང་ཆེན་དྲུག་ཟེར་སྲོལ་དང་དགུ་ཟེར་སྲོལ་ཡོད། ལུང་ཆེན་དེ་དག་ལས་རྡོ་ཁོག་ནི་རང་རྫོང་ཁོངས་སུ་ཡོད་མ་གཏོགས་གཞན་དག་ཚང་མ་དེང་སྐབས་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

སྲིད་འཛིན་ཁོངས་གཏོགས།
མགོ་ལོག་པདྨ་རྫོང་།
རིགས་དབྱེ།
རི་རྒྱུད།
གནས་ཡུལ།
མགོ་ལོག་པདྨ་རྫོང་བ་ཡན་ཧ་རིའི་རྒྱུད་ལས་སྨར་ཁམས་རི་རྒྱུད་དུ་གཏོགས།
1 ངོ་སྤྲོད་མདོར་བསྡུས།

མགོ་ལོག་པདྨ་རྫོང་ནི་ཆ་ནས་བཤད་ན། བ་ཡན་ཧ་རིའི་རྒྱུད་ལས་སྨར་ཁམས་རི་རྒྱུད་དུ་གཏོགས་དགོས་པ་ཞིག་ཡིན། རྒྱུ་མཚན་ནི་རྫོང་འདིའི་ཆགས་གནས་ནི་སྨར་དང་རྡོ་ཞེས་པའི་ལུང་ཆེན་གཉིས་ཡིན་པ་དང་སྨར་ནི་གནའ་ནས་ས་ཆ་འདི་སྐོར་ལ་ཤིན་ཏུ་གྲགས་ཆེ་ཞིང་དེ་ལ་གཏོགས་པའི་ལུང་ཆེན་དྲུག་ཟེར་སྲོལ་དང་དགུ་ཟེར་སྲོལ་ཡོད། ལུང་ཆེན་དེ་དག་ལས་རྡོ་ཁོག་ནི་རང་རྫོང་ཁོངས་སུ་ཡོད་མ་གཏོགས་གཞན་དག་ཚང་མ་དེང་སྐབས་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་ཡོད་པ་རེད། དེ་ཡང་གནའ་སྔ་མོ་མི་རྣམས་ཀྱིས་སྨར་ཤོད་མ་ལག་དྲུག་གི་ངོས་འཛིན་ཚུལ་དང་།བསྟོད་བསྔགས་བྱེད་པའི་གླུ་གཞས་འདི་འདྲ་ཞིག་ཡོད་པའང་།སྨར་ཤོད་མ་ལག་དྲུག་གི་ཆེ་བ་ཡིན།རྔ་ཁོག་བ་ལང་སྐྱ་མོ་སྨར་གྱི་ལག །རྡོ་ཁོག་རི་ཐང་ཕྱུག་མོ་སྨར་གྱི་ལག ། འཛི་སྐ་ལྷ་མོའི་དར་ཐང་སྨར་གྱི་ལག །གཡུ་ཁོག་སྟག་མོ་འཕྲེད་ཉལ་སྨར་གྱི་ལག །རྩང་ཁོག་འདོ་བ་ཁལ་བཀལ་སྨར་གྱི་ལག །སྒེག་ཁོག་བྷན་དྷ་གྲུ་བཞི་སྨར་གྱི་ལག།ཅེས་ཀུན་གྱིས་བསྔགས་པ་བརྗོད་པའོ།། གཞན་ཡང་སྨར་མ་ལག་དགུ་ཞེས་བརྩི་སྲོལ་ཡང་ཡོད་པ་སྟེ། སྨར་ཁོག་དང་རྡོ་ཁོག།འཛི་ཁོག་དང་རྔ་ཁོག།གསེར་ཁོག།གཡུ་ཁོག  །གཙང་ཁོག །སྒེག་ཁོག་སོགས་ཡིན། དེའི་ཕྱིར་གནའ་ནས་ལུང་པ་དེ་དག་གི་ཁོངས་སུ་མགོ་ལོག་ཁུལ་གྱི་པདྨ་རྫོང་ཡོད་ལ་གཞན་ཡང་སི་ཁྲོན་ཞིང་ཆེན་གྱི་རྔ་བ་རྫོང་དང་འཛམ་ཐང་རྫོང་།ད་དུང་གསེར་རྟ་དང་བྲག་མགོ། རྟའུ་རྫོང་སོགས་ཀྱི་ས་ཆ་ཁ་ཤས་བཅས་སྨར་ཁམས་རི་རྒྱུད་འདི་ཉིད་ཀྱི་ཁོངས་སུ་གཏོགས་པའོ།། དེ་ཡང་སྨར་ཁམས་རི་རྒྱུད་ལས་རང་རྫོང་གི་སྨར་དང་རྡོ་ལ་མཚོན་ན་རི་ཆུ་སྟོང་ཕྲག་གིས་གྲུབ་ཅིང་། དེའི་ཁོངས་སུ་སྨར་རི་ཟིའི་གཡུང་དྲུང་ལྕགས་རྩེ་དང་རྡོ་སྙིང་རལ་པ་རྩེ་དགུ་སོགས་རི་མཐོན་པོ་དགུང་ལ་བསྙེགས་འདྲ་མང་ཞིང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་སྨར་ཆུ་དང་རྡོ་ཆུ་སོགས་གཡུ་འབྲུག་ས་ལ་བབ་འདྲའི་ཆུ་བོ་གྲགས་ཅན་ཡང་མང་པོ་མཆིས། ཡུལ་འདིའི་སྟོད་ཕྱོགས་འབྲོག་ས་ཡིན་པས་རྩྭ་ལྗང་མེ་ཏོག་བཀྲ་ཞིང་ཁུ་བྱུག་གསུང་སྙན་སྒྲོག་པ་དང་། སྨད་ཕྱོགས་རོང་ས་ཡིན་པས་རྒྱ་རྫོང་སྨུག་གིས་བཏིམས་ཤིང་སྦྲང་ཆར་ཟིལ་མ་འབབ་པའི་ཀུན་གྱི་ཡིད་དབང་འཕྲོག་པའི་མི་ཡུལ་གྱི་ཞིང་ཁམས་ཤིག་ཡིན།

2 པདྨ་རྫོང་གི་གདོད་མའི་ནགས་ཚལ།

པདྨ་རྫོང་གི་གདོད་མའི་ནགས་ཚལ་ནི་རྒྱལ་ཡོངས་ཀྱི་མཚོ་འཕགས་ཆེས་མཐོ་བ་དང་མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཆེས་ཆེ་བའི་གདོད་མའི་ནགས་ཚལ་སྟུག་པོའི་རྒྱ་ཁྱོན་ལ་སྤྱི་ཆིང12624ཡོད།འདི་ན་གཅན་གཟན་རི་དྭགས་དང་གཉིས་སྐྱེས་འདབ་ཆགས་ཀྱི་རིགས་མང་པོ་ཡོད་པ་སྟེ། རེ་རེ་བཞིན་བཤད་ན་སྡེར་ཆགས་ཀྱི་རིགས་ལ་གཟིག་དང་གསའ། དྲེད་མོང་། སྤྱང་ཀི། དོམ་ཆུང་། གཡུ། ཝ། སྦེ། ལི་རྒོད། ནགས་བྱི།གྲིམ་པ།གྲིམ་རྩ་རྟེའུ་ལོ།མ་ལོ་གྲོ་རིལ། སྤྲེའུ། རི་བོང་།སྲེ་མོང་། བྱི་ལོང་། ཨ་བྲ། ཙི་གུ་སོགས་ཡོད་པ་དང་རྨིག་ཆགས་ཀྱི་རིགས་ལ་གནའ་བ་དང་།ཤ་བ།ཤ་རྒྱ།གླ།ཁ་ཤ།རྒོ་བ།ཕག་རྒོད་སོགས་ཡོད།འདབ་ཆགས་ཀྱི་རིགས་ལ་རྒོད། གོ་བོ། གླག། ཁྲུང་ཁྲུང་། འོལ་བ། ནེའུ་ལེ། བྱ་ཝང་། ངང་བ། ཕོ་རོག། ཆུ་བྱ། སྐྱུང་ཀ། འུག་པ། ཁྲ། གོང་མོ། འུག་འུ་ཆུང་། སྲེག་པ། པུ་ཤུད་ལྟག་ར། ཁུ་བྱུག། སྐྱ་ཀ། ཁ་ཏྭ། ཕ་ཝང་སྐྱི་མོ། ཕུག་རོན། ཐང་རིལ། ན་བྱེའུ།རྐང་འཇིབ། ཁང་བྱེའུ་སོགས་མིང་ཡོད་མང་ལ་ད་དུང་མིང་མི་ཤེས་པའི་བྱེའུ་རིགས་ཀྱང་མང་པོ་ཞིག་ཡོད་པ་རེད།ཆུ་གནས་ཀྱི་རིགས་ལ་སྲམ་སྦྲུལ་སྦལ་པ་དང་ཉ་རིགས་འགའ་རེ་ཡོད། གནའ་སྔ་མོ་སྨར་ཆུ་དང་རྡོ་ཆུའི་ཆུ་རྒྱུད་ཀྱི་མཚོ་ནང་དུ་མཚོ་གླང་ཤིན་ཏུ་མང་པོ་ཡོད་པ་འཁྲུལ་མེད་དུ་འདུག་མོད། དེང་སང་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་མི་སྣང་ངོ།། གཞན་ཡང་གསེར་ཉ་ཆེན་པོ་ཡོད་ཟེར་སྲོལ་འདུག་ལ་དེ་ནི་ལོ་བཅུ་ཕྲག་ཞིག་གི་ཡར་སྔོན་དུ་སྨར་ཆུའི་ནང་ནས་མི་ཞིག་གིས་ཉ་ཆེན་པོ་ཡོད་ཟེར་སྲོལ་འདུག་ལ་དེ་ནི་ལོ་བཅུ་ཕྲག་ཞིག་གི་ཡར་སྔོན་དུ་སྨར་ཆུའི་ནང་ནས་མི་ཞིག་གིས་ཉ་ཆེན་པོ་མིའི་ཚད་ཙམ་ཞིག་ཟིན་པ་དེ་ལས་ཡོད་པ་བདེན་དཔང་བྱེད་ཐུབ།གཞན་ཡང་ཁ་ནང་དུ་མཆེ་བ་མང་བའི་ཉ་རྩ་ཆེན་ཤིན་ཏུ་དཀོན་པ་ཞིག་ཀྱང་རི་རྒྱུད་འདིའི་ཆུ་ལ་གནས་པ་རེད།སྨན་ལྡུམ་གྱི་རིགས་ལ་དབྱར་རྩྭ་དགུན་འབུ་དང་།ལྩུམ།པུས་མོ།སྲི་ནག། ཤུལ་ཐང་། ཏིང་ཁུ། མེ་ཏོག་གངས་ལྷ། སྲོ་ལོ་དམར་པོ་བཅས་སྨན་སྣ་མང་ཞིང་རྩི་ཤིང་མེ་ཏོག་གི་རིགས་དེ་ལས་ཀྱང་འདྲ་མིན་སྣ་ཚོགས་ཡོད། དེའི་ཕྱིར་སྨར་ཁམས་རི་རྒྱུད་ཀྱི་ལྗོངས་འདི་རུ་གནམ་ཨ་སྔོན་གྱི་ཁེབས་རྒྱ་ཆེ་ཞིང་ས་དོག་མོ་ཡི་ལྟོ་བ་ཡངས་པ།ནམ་ཚའི་བསིལ་དྲོད་སྙོམས་ཤིང་ཆར་ཆུ་དུས་སུ་འབབ་པའི་ཞིང་ཁམས་དངོས་ཤིག་ཡིན་ལ།ས་འདིའི་མི་རྣམས་ནི་ཁམས་པའི་མི་རྒྱུད་དང་རྒྱལ་རོང་གི་མི་རྒྱུད་ཡིན་ཕྱིར་དཔའ་སྙིང་ཆེ་ཞིང་ལས་ལ་བརྩོན་པ།ཨ་གསར་ཆུང་ཞིང་ཕྱི་ཐག་རིང་བ།མནའ་ལ་བརྩི་ཞིང་མི་གཞི་བརྟན་པ་བཅས་ཀྱི་ཁྱད་ཆོས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-27

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།