ཁྲྀ་སྲོང་བཙན་གྱི་མགུར།

ཡར་མོ་ནི་ཆུ་ཐུངས་ཀྱིས།།
མདོ་ནས་ནྀ་རྩང་དུ་བསྲིང་།།
ཡར་མོ་ནྀ་ཞེང་ཆུངས་ཀྱིས།།
ལྷོ་ནས་ནྀ་བྱང་དུ་བསྐྱེད།།
འཐམ་འཐམ་ནྀ་འདུ་འདུ་ན།།
ངག་རྗེས་ནྀ་མྱིས་མྱྀ་བརྗོད།།
འགྲོ་འགྲོ་ནི་འཆམ་འཆམ་ན།།
ཆགས་ལྷམ་ནྀ་ཆུས་མྱྀ་སྣང་།།
ད་ནས་ནི་ཕན་ཆད་དུ།།
ཁྱོད་ཀྱིས་ནྀ་ང་མ་གཏང་།།
ང་འྀས་ནི་ཁྱོད་མྱྀ་གཏང་།།
ང་འྀས་ནི་ཁྱོད་བཏང་ན།།
དགུང་མཐའྀ་ནི་སྲུང་དུ་རུང་།།
ཁྱོད་ཀྱིས་ནྀ་ང་བཏང་ན།།
ངས་པོ་ནྀ་རྨད་དུ་རུང་།།
ཞེས་བཀའ་བསྩལ་ཏོ།།
ཡང་། ཀྱེ་རྗེ་འི་ནྀ་མཚན་བ་འདི།།
ཁྲྀ་འི་ནྀ་སྲོང་བརྩན་ཞིག།
བློན་གྱྀ་ནི་མྱིང་བ་འདྀ།།
སྟོང་རྩན་ནི་ཡུལ་ཟུང་ཞྀག།
ཆིབས་ཀྱྀ་ནི་མྱིང་བ་འདྀ།།
རྔུལ་བུ་ནྀ་གཙང་གཙང་ལྟ།།
གཙང་གཙང་ནི་ཡང་ཡང་ལྟ།།
ཡུ་བུ་ནྀ་རྗེ་དང་བློན།།
ཡར་མི་ནི་ཆུ་ཐུངས་ཀྱིས།།
མདོ་ནས་ནྀ་རྩང་དུ་བསྲིང་།།
ཡར་མོ་ནྀ་ཞེང་ཆུངས་ཀྱིས།།
ལྷོ་ནས་ནྀ་བྱང་དུ་བསྐྱེད།།
མ་བྲུན་ནྀ་མཐའ་བཞི་རྒྱལ།།
ཡུ་བུ་ནྀ་རྗེ་དང་བློན།།
རྗེས་འིས་ནྀ་འབངས་མ་གཏང་།།
རྗེ་འིས་ནྀ་འབངས་བཏང་ན།།
གནམ་མཐའྀ་སྲུང་དུ་རུང་།།
འབངས་ཀྱིས་ནྀ་རྗེ་མ་གཏང་།།
འབངས་ཀྱྀས་ནི་རྗེ་བཏང་ན།།
ངས་པོ་ནི་རྨད་དུ་རུང་།།
1.ཡར་མོ། ཡར་ལུངས་གཙང་པོ་ལའོ།
2.ཆུ། འདི་ནས་སྣ་དཔངས་སམ་དཀྱུས་དང་སྲིད་ལའོ།
3.འཐམ་འཐམ། འདི་ནས་འཆམ་འཆམ་སྟེ་མཐུན་པའི་དོན་ཡིན་ནོ།
4.འདུ་འདུ། རུག་རུག་གམ་འཛོམས་འཛོམས་ལའོ།
5.ངག་རྗེས། མི་རབས་ནས་མི་རབས་སུ་གཏམ་རྒྱུད་དུ་བསྒྲགས་པའི་ལོ་རྒྱུས་ལའོ།
6.འགྲོ་འགྲོ ཕྱིན་ཕྱིན་ཏེ་ག་ས་གང་དུ་རྒྱང་བསྐྱོད་བྱེད་པ་ལའོ།
7.འཆམ་འཆམ། འཁྱམ་འཁྱམ་སྟེ་ཕྱོགས་བཞི་མཚམས་བརྒྱད་དུ་སོང་བའི་དོན་ཡིན་ནོ།
8.ཆགས་ལྷམ། ཕྱགས་ལྷམ་དང་འདྲའོ། དབུས་གཙང་གི་སྐད་དུ་ཆ་དང་ཕྱ་གཉིས་གདངས་མཐུན་པས་སོ།
9.དགུང་མཐའ། གནམ་མཐའ་སྟེ་འདི་ནས་གནམ་སྔོན་པོ་ཞེས་དཔང་དུ་བཙུགས་ནས་མནའ་བསྐྱལ་བའི་དོན་ནོ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2021-01-20
གསར་སྤེལ་མཁན། :ཀླུ་བྷklumtso