སྐྱེ་ཁམས་མུ་ཁྱུད། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

སྐྱེ་ཁམས་མུ་ཁྱུད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སའི་གོ་ལའི་སྟེང་གི་སྐྱེ་ཁམས་མ་ལག་ཆེ་ཤས་དེའོ།།)

སྐྱེ་ཁམས་མུ་ཁྱུད།
སྐྱེ་ཁམས་མུ་ཁྱུད་ནི་སའི་གོ་ལའི་སྟེང་གནས་པ་དང་ཚེ་སྲོག་གི་འགུལ་སྤྱོད་ཚོར་ཐུབ་པའི་ས་ཁུལ་ལ་ཟེར་ཞིང་། ས་ངོས་སྐྱེ་ལྡན་རྫས་དང་ཁོར་ཡུག་གི་སྤྱི་མིང་དང་། རྒྱུ་སྐར་སའི་གོ་ལར་དམིགས་བསལ་དུ་ཡོད་པའི་མུ་ཁྱུད་ཡིན་པ་མ་ཟད། འགྲོ་བ་མི་འབྱུང་ས་དང་གནས་སའི་བར་སྟོང་ཆེན་མོ་དེ་དང་། སའི་གོ་ལའི་སྟེང་གི་སྐྱེ་ཁམས་མ་ལག་ཆེ་ཤས་དེའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
生态圈
ཕྱི་ཡིག་གི་མིང་།
biosphere
རིག་ཚན།
སྐྱེ་ཁམས་ཁོར་ཡུག་རིག་པ།
ནང་དོན།
སྐྱེ་དངོས་དང་འཚོ་བའི་ཁོར་ཡུག
ངོ་བོ།
སྐྱེ་ཁམས་མ་ལག
ཁྱད་ཆོས།
རྒྱུ་སྐར་གོ་ལར་དམིགས་བསལ་དུ་ཡོད་པའི་མུ་ཁྱུད།
ཁྱབ་ཁོངས།
རླུང་ཁམས་མུ་ཁྱུད་ཀྱི་ཞབས་ངོས། ཆུའི་མུ་ཁྱུད་ཀྱི་ཆ་ཤས་མང་ཆེ་བ། བྲག་རྡོའི་མུ་ཁྱུད་ཀྱི་ཕྱི་ངོས།
1 ངོ་སྤྲོད།

སྐྱེ་ཁམས་མུ་ཁྱུད་ནི་སྐྱེ་དངོས་ཕྲེང་ཡོད་དོ་ཅོག་གི་སྤྱི་མིང་དང་། དེའི་ཁོངས་སུ་སྐྱེ་དངོས་ཕྲེང་དང་སྐྱེ་དངོས་ཕྲ་རབ་ཐམས་ཅད་དང་སྐྱེ་དངོས་ཁོར་ཡུག་དང་མ་ལག་འདུ། སྐྱེ་ཁམས་མུ་ཁྱུད་ནི་སའི་གོ་ལའི་སྟེང་གི་སྐྱེ་ཁམས་དང་ཚེ་སྲོག་གི་མ་ལག་ཆེ་ཤས་དེ་ཡིན།

སྐྱེ་ཁམས་མ་ལག་ནི་སའི་གོ་ལའི་སྟེང་གི་སྐྱེ་ཁམས་མ་ལག་ཡོད་དོ་ཅོག་གི་མཉམ་འདུས་སྤྱི་ཁོག་དང་། སའི་གོ་ལའི་ཕྱི་རིམ་གྱི་མུ་ཁྱུད་ཅིག་ཡིན་ལ། ཁྱབ་ཁོངས་ཀྱི་ཐད་ནས་བཤད་ན། མཚོ་ངོས་ནས་དྲང་འཕྱང་གི་བར་ཐག་སྤྱི་ལེ10ཡིན། སྤྱིར་བཏང་དུ་སྐྱེ་ཁམས་མུ་ཁྱུད་ནི་བགྲང་བྱ་དུང་ཕྱུར35ཡི་ཡན་གྱི་ཚེ་སྲོག་བྱུང་བའི་རྗེས་རིམ་བཞིན་བྱུང་བར་འདོད།

1_1 མིང་གི་ཁུངས་དང་ཉེར་སྤྱོད། 

ས་གཤིས་རིག་པ་བ་ཨའེ་ཏི་ཧྭ་སུའུ་ཧེ་སིས་སྤྱི་ལོ1875ལོར་སྐྱེ་ཁམས་མུ་ཁྱུད་ཅེས་པའི་མིང་བརྡ་འདི་ཐོག་མར་བཀོལ་སྤྱོད་བྱས་ཤིང་། དེ་ནི་མ་གཞི་ནས་ས་གཤིས་རིག་པའི་ཁོངས་ཀྱི་མིང་ཞིག་ཡིན། སྤྱི་ལོ1920ལོར་སྐྱེ་ཁམས་མུ་ཁྱུད་ཞེས་པ་འདི་ལ་སྐྱེ་ཁམས་ཁོར་ཡུག་གི་དོན་དང་ལྡན་པར་གྱུར། སྤྱི་ལོ1935ལོར་སྐྱེ་ཁམས་མ་ལག་གི་ཁོངས་སུ་བསྡུས།

1_2 དོན་སྤྱི། 

སྐྱེ་ཁམས་མུ་ཁྱུད་ཅེས་པའི་དོན་སྤྱི་ནི་ཨོ་ཏི་ལི་རྒྱལ་ཁབ་ཀྱི་ས་གཤིས་སྨྲ་བ་ཞིའུ་སི་ཡིས་སྤྱི་ལོ1875ལོར་ཐོག་མར་བཏོན་ཏེ། སའི་གོ་ལའི་སྟེང་དུ་གནས་པའི་ཚེ་སྲོག་གི་འགུལ་སྤྱོད་ཁྱབ་ཁོངས་དང་ཚེ་སྲོག་འཚོ་གནས་བྱ་སའི་ཁོར་ཡུག་ཧྲིལ་བོར་གོ།

1_3 གྲུབ་ཆ།

སྐྱེ་ཁམས་མུ་ཁྱུད་ནི་ཚེ་སྲོག་དང་། སྐྱེ་དངོས་སྐྱེས་གྲུབ་རང་བཞིན་དངོས་རྫས། སྐྱེ་དངོས་ལེ་ལོ་ཅན་གྱི་དངོས་པོ་གསུམ་གྱིས་གྲུབ།

1_4 འཚོ་གནས་ཆ་རྐྱེན། 

སྐྱེ་ཁམས་མུ་ཁྱུད་ནི་རྙོག་འཛིང་དང་གོ་ལ་ཧྲིལ་བོའི་ཁྱད་ཆོས་ལྡན་པའི་སྒོ་དབྱེ་རང་བཞིན་གྱི་མ་ལག་ཅིག་དང་། ཚེ་སྲོག་དང་ཚེ་སྲོག་མིན་པའི་དངོས་པོས་རང་ངོས་ནས་སྙོམས་སྒྲིག་གཏོང་བའི་མ་ལག་ཅིག་ཡིན་ལ། དེ་ནི་ཆུའི་མུ་ཁྱུད་དང་། རླུང་ཁམས་ཆེན་པོའི་མུ་ཁྱུད། བྲག་རྡོའི་མུ་ཁྱུད་སོགས་ཡུན་རིང་བོར་ཕན་ཚུན་ཤུགས་རྐྱེན་ཐེབས་ཏེ་གྲུབ་ཅིང་། འཚོ་གནས་ཀྱི་རྩ་བའི་ཆ་རྐྱེན་ནི་གཤམ་ལྟར།

གཅིག ཉི་མའི་འོད་ཕུན་སུམ་ཚོགས་པ་དགོས།

གཉིས། སྐྱེ་དངོས་ཀྱིས་སྤྱོད་དུ་རུང་བའི་ཆུ་མོད་པོ་དགོས།

གསུམ། ཚེ་སྲོག་འཚོ་གནས་ལ་འཚམ་པའི་དྲོད་ཀྱི་ཆ་རྐྱེན་དགོས།

བཞི། ཚེ་སྲོག་ལ་དགོས་མཁོ་ཆེ་བའི་འཚོ་བཅུད་གཞི་རྒྱུ་སྣ་ཚོགས་དགོས།

2 ཁྱབ་ཁོངས།

སྐྱེ་ཁམས་མུ་ཁྱུད་དུ་མཚོ་ངོས་ལས་སྨི10000ལས་མཐོ་བ་དང་མཚོ་ངོས་ནས་མར་སྨི10000ཡི་སར་ཚང་མ་སྐྱེ་ཁམས་མུ་ཁྱུད་དུ་གཏོགས་ཤིང་། དེར་རླུང་ཁམས་ཆེན་མོའི་ཞབས་ངོས་དང་བྲག་རྡོའི་ཕྱི་ངོས་བཅས་གཏོགས། སྐྱེ་ཁམས་མུ་ཁྱུད་ཀྱིས་འཚོ་གནས་ལ་བཅུད་ལྡན་དངོས་རྫས་དང་། ཉི་འོད། མཁའ་དབུགས། ཆུ། དྲོད་འཇམ་བཅས་ཀྱི་ཆ་རྐྱེན་བསྐྲུན་ཡོད་མོད། སྐྱེ་དངོས་མང་ཆེ་བ་ས་ངོས་ཀྱི་སྨི100ཡི་ཡན་དང་ཆུ་འོག་ལས་སྨི100ཡི་མན་གྱི་སར་གནས་ལ། དེ་ནི་སྐྱེ་ཁམས་མུ་ཁྱུད་ཀྱི་ལྟེ་བ་ཡིན།     སྐྱེ་ཁམས་མ་ལག་ལ་དབྱེ་ན་ནགས་ཚལ་སྐྱེ་ཁམས་མ་ལག་དང་།  རྩྭ་ཐང་སྐྱེ་ཁམས་མ་ལག ན་སའི་སྐྱེ་ཁམས་མ་ལག ཚྭ་མེད་ཆུའི་སྐྱེ་ཁམས་མ་ལག ས་ཞིང་སྐྱེ་ཁམས་མ་ལག རྒྱ་མཚོའི་སྐྱེ་ཁམས་མ་ལག གྲོང་ཁྱེར་སྐྱེ་ཁམས་མ་ལག་སོགས་ཡོད།

སྐྱེ་ཁམས་མུ་ཁྱུད་ཁྲོད་ཀྱི་སྐྱེ་དངོས་དག་གི་ནུས་པ་དང་འཁོར་སྐྱོད་ལ་གཞིགས་ཏེ་ཐོན་སྐྱེད་མཁན་དུ་དང་། འཛད་སྤྱོད་པ། དབྱེ་འབྱེད་པ་བཅས་ཡོད་ཅིང་། དེ་ལས་དང་པོ་ནི་གཙོ་བོ་ལྗང་མདོག་རྩི་ཤིང་ལ་གོ འཛད་སྤྱོད་པ་ནི་སྲོག་ཆགས་དང་དེར་མཐོ་རིམ་སྲོག་ཆགས་ཏེ་འགྲོ་བ་མི་ཡང་འདུ། དབྱེ་འབྱེད་པ་ནི་སྐྱེ་དངོས་ཕྲ་རབ་ལ་ཟེར་ཞིང་། དེས་སྐྱེ་ལྡན་རྫས་ལས་སྐྱེ་མེད་རྫས་དབྱེ་འབྱེད་ཐུབ།

སྐྱེ་ཁམས་མུ་ཁྱུད་ནི་གཅིག་གྱུར་གྱི་སྐྱེ་ཁམས་མ་ལག་ཆེན་པོ་ཞིག་ཡིན་ལ། སྐྱེ་དངོས་ཡོད་དོ་ཅོག་གི་ཐུན་མོང་གི་ཁྱིམ་གཞིས་ཡིན། འགྲོ་བ་མིས་ཀྱང་དེའི་ཁྲོད་དུ་འགྲོ་བ་མི་ཡང་འཛད་སྤྱོད་པའི་གྲས་ཀྱི་གཅིག་ཡིན་ལ། མིའི་འཚོ་གནས་དང་འཕེག་རྒྱས་ཀྱང་སྐྱེ་ཁམས་མུ་ཁྱུད་དང་དམ་པོར་འབྲེལ་ཡོད་པས། སྐྱེ་ཁམས་མུ་ཁྱུད་ལ་སྲུང་སྐྱོབ་བྱེད་པ་ནི་རང་ཉིད་སྲུང་སྐྱོབ་བྱེད་པ་ཡིན་པས། ད་ནས་བཟུང་སྐྱེ་ཁམས་མུ་ཁྱུད་ལ་སྲུང་སྐྱོབ་བགྱིས་ཏེ་ལྗང་མདོག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས།

3 གྲུབ་ལུགས།

སའི་གོ་ལའི་ཕྱི་ངོས་ནི་རླུང་ཁམས་ཆེན་མོ་དང་། ཆུ། བྲག་རྡོ་བཅས་ཀྱི་མུ་ཁྱུད་ཀྱིས་གྲུབ་ཅིང་། ཆུའི་མུ་ཁྱུད་དུ་སྐྱེ་དངོས་ཀྱིས་ཁྱབ་ཡོད་ལ། གཙོ་ཆེ་བ་ཕྱི་ངོས་དང་ཆུ་ཁུངས་སྲབ་མོའི་ཞབས་ངོས་ན་གནས་ཡོད། 

4 འཕེལ་འགྱུར།

སའི་གོ་ལ་ནི་སྐྱེ་དངོས་ཀྱི་འབྱུང་ཁུངས་དང་འཕེལ་འགྱུར་བྱ་སའི་ཁོར་ཡུག་ཆེས་ལེགས་ཤས་དེ་ཡིན། ཚེ་སྲོག་ཡོད་དོ་ཅོག་ཆུ་དང་ཁ་བྲལ་ཐབས་མེད། སའི་གོ་ལ་དང་ཉི་མའི་བར་ཐག་དེ་མིན་སའི་གོ་ལའི་རང་འཁོར་བཅས་ཀྱིས་ས་ངོས་ཀྱི་དྲོད་ཚད་ཀྱིས་ཆུ་སྲུང་འཛིན་བྱ་ཐུབ་པ་བྱུང་བས། སའི་གོ་ལའི་འགུག་ཤུགས་ཀྱིས་རླུང་རྣམ་ཆ་རྡུལ་མང་ཆེ་བ་མཁའ་དབྱིངས་སུ་མི་ཁྱབ་པར་ཁག་ཐེག་བྱས་ཡོད། སའི་གོ་ལའི་སྡུས་རས་འཕྲོ་ཐིག་སྐོར་ཞིག་སྒྲིབ་པས་ས་ངོས་ཀྱི་སྐྱེ་དངོས་མང་བོ་ཞིག་ལ་འཚོ་གནས་ཀྱི་ཆ་རྐྱེན་བསྐྲུན། ད་ཆ་སའི་གོ་ལའི་སྟེང་གི་སྐྱེ་དངོས་ཚང་མ་ཡང་སྐྱེ་དངོས་རིམ་གྱིས་འཕེལ་འགྱུར་བྱུང་སྟེ་གྲུབ་པ་སྟེ། སྐྱེ་དངོས་དང་ཁོར་ཡུག་ཕན་ཚུན་ཤུགས་རྐྱེན་ཞེབས་ཏེ་བྱུང་བ་ཡིན།

དངོས་པོ་ཐམས་ཅད་དང་པོ་སྐམ་སར་ཐོན་དུས་བྲག་རྡོ་དང་རླུང་འགྱུར་གྱི་བྲག་རྡོ་དུམ་བུར་ཆད་པ་དག་ལ་འཕྲད་ཅིང་། མཐོ་རིམ་རྩི་ཤིང་མང་ཆེ་བ་དམའ་རིམ་རྩི་ཤིང་དང་སྐྱེ་དངོས་ཕྲ་རབ་ཀྱི་བྱེད་ནུས་བཏོན་པས་གཤིན་ས་གྲུབ་པ་ཡིན། དུས་ཡུན་རིང་བོའི་སྐྱེ་དངོས་ཀྱི་འཕེལ་འགྱུར་གོ་རིམ་བརྒྱུད་དེ་སྐྱེ་ཁམས་མུ་ཁྱུད་གྲུབ་པ་ཡིན།

5  མི་དང་སྐྱེ་ཁམས་མུ་ཁྱུད།
5_1 མདོར་བསྟན།

འགྲོ་བ་མིས་སྐྱེ་ཁམས་མུ་ཁྱུད་ཁྲོད་ན་དབང་སྒྱུར་གྱི་གོ་གནས་བཟུང་ཡོད་ལ། གཞི་རྒྱ་ཆེ་བའི་སྒོ་ནས་སྐྱེ་ཁམས་མུ་ཁྱུད་ལ་འགྱུར་བ་གཏོང་ནུས་ཏེ། སྐྱེ་ཁམས་མུ་ཁྱུད་ཀྱིས་ཕྱིར་མི་ལ་ཞབས་ཞུ་སྒྲུབ་ཏུ་འཇུག་ཐུབ། ཡིན་ན་ཡང་མི་ནི་དེའི་ཁོངས་མི་གཅིག་ཡིན་པས་སྐྱེ་ཁམས་མུ་ཁྱུད་ཀྱིས་མཁོ་འདོན་བྱས་པའི་ཆ་རྐྱེན་ལ་ངེས་པར་དུ་བརྟེན་དགོས། འགྲོ་བ་མིས་སྐྱེ་ཁམས་མུ་ཁྱུད་ལ་འགྱུར་བ་གཏོང་བར་ཚད་ཅིག་དགོས་ཤིང་། ཚད་ལས་བརྒལ་ན་སྐྱེ་ཁམས་མུ་ཁྱུད་ཀྱི་འགུལ་རྣམ་དོ་མཉམ་ལ་གཏོར་བརླག་བཟོས་ཏེ་གནོད་འཚེ་ཚབས་ཆེན་བསྐྱལ་ཡོང་།

སའི་གོ་ལའི་སྟེང་འགྲོ་བ་མི་བྱུང་རྗེས་ཀྱི་བགྲང་བྱ་བྱེ་བ3གྱི་རིང་འགྲོ་བ་མི་དང་ཉེ་འཁོར་གྱི་སྐྱེ་དངོས་ཁོར་ཡུག་བར་གྱི་འབྲེལ་བ་ཕན་ཚུན་དོ་མཉམ་པའི་ཚུལ་དུ་གནས། འགྲོ་བ་མིས་སྐྱེ་ཁམས་མུ་ཁྱུད་ཁྲོད་དུ་བཟུང་བའི་གོ་གནས་ཀྱིས་ཕར་ཤུགས་རྐྱེན་བཟོ་བཞིན་མེད་ཅིང་། འབྲུ་རིགས་ཆད་པ་དང་ནད་རིགས་སྣ་ཚོགས་ཀྱི་གནད་དོན་བྱུང་བས་མིའི་ཁ་གྲངས་ལ་ཚོད་འཛིན་ཐེབས་ཡོད།

5_2 འབྲུ་རིགས་ཀྱི་གནད་དོན།

ཧ་ལམ་བགྲང་བྱ་ཁྲི1གི་སྔོན་དུ་འགྲོ་བ་མིས་རྩི་ཤིང་འདེབས་འཛུགས་བྱ་ཐབས་ཤེས་པ་རེད། ཞིང་ལས་ལག་རྩལ་དང་གསོག་ཉར་གྱི་ཐབས་ལམ་ཇེ་རྒྱས་སུ་སོང་བས། འགྲོ་བ་མིས་སྔར་གྱི་ཚད་ལས་བརྒལ་ཏེ་གསར་གཏོད་དང་ལྡན་པའི་སྒོ་ནས་འཚོ་གནས་ཀྱི་བྱ་འགུལ་སྤེལ་ཐུབ་པ་བྱུང་། ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་དང་། མི་རྣམས་གྲོང་ཁྱེར་དུ་འདུས་སྡོད་བྱས་པ་དང་། ལག་ཤེས་འཕེལ་རྒྱས་སུ་ཕྱིན་པ་སོགས་ཀྱི་དབང་གིས་མིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཀྱང་ཉིན་རེ་བཞིན་ཇེ་ཆེར་གྱུར། ས་རྒོད་སློག་པ་དང་། ཕྱུགས་འཚོ་ཚད་བརྒལ། སྡོང་བོ་གཅོད་པ་སོགས་ཀྱི་བྱ་འགུལ་བྱུང་རྒྱལ་དུ་སྤེལ་བ་ཉིན་རེ་བཞིན་ཚབས་ཆེན་དང་། འཛུགས་སྐྲུན་རྒྱ་ཆེར་དུ་བྱས་པ་སོགས་ཀྱི་དབང་གིས་སའི་གོ་ལའི་སྔོ་ཁེབས་དེར་བསྟུན་གྱིས་ཇེ་ཉུང་དུ་སོང་བ་དང་། དེ་དང་དུས་མཚུངས་སུ་ས་ཆུ་ཤོར་བ་མང་དུ་བྱུང་སྟེ་ཞིང་ས་བྱེ་འགྱུར་གྱི་གནད་དོན་བྱུང་ཞིང་། སྔོ་ཁེབས་ཀྱིས་དྲོད་ཚད་སྙོམས་སྒྲིག་གི་ནུས་པ་འདོན་མ་ཐུབ་པས་དྲོད་གྲང་གི་འགྱུར་ལྡོག་ཆེ་བ་དང་། རང་བྱུང་གནོད་འཚེ་སོགས་ཀྱི་གནད་དོན་ཉིོན་རེ་བཞིན་ཚབས་ཆེན་དུ་གྱུར་ཡོད།

གོ་ལ་ཆེན་མོའི་ཞིང་སའི་ཐོན་ཁུངས་ལ་ཚད་ཡོད་པའི་ཁར་འཛམ་གླིང་གི་མི་གྲངས་ལ་སྔར་གྱི་ལོ་ངོ35ཡི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཅིག་བྱུང་བས། འཛམ་གླིང་རང་བཞིན་གྱི་འབྲུ་རིགས་གིས་མི་འདང་བའི་གནད་དོན་འབྱུང་ངེས་པ་ཐག་ཆོད་ཡིན། བཟོ་གྲྭའི་འཁོར་སྐྱོད་འགྱུར་རྡོའི་འབར་རྫས་ལ་བརྟེན་ཡོད་མོད། དེའི་ཐོན་ཁུངས་ལ་ཡང་ཚད་ཡོད་པས་འབར་རྫས་ཀྱིས་མི་འདང་བའི་གནད་དོན་ཡང་ཉིན་རེ་ལྷང་ལ་བུད་ཡོད།

5_3 ཁོར་ཡུག་འབག་བཙོག

ཁོར་ཡུག་འབག་བཙོག་གི་གནད་དོན་དེ་འཛམ་གླིང་རང་བཞིན་གྱི་གནད་དོན་ཆེ་ཤས་ཞིག་ཏུ་གྱུར་ཡོད། བཟོ་གྲྭ་ལས་ཕྱིར་ཕུད་པའི་ཟིའི་དབྱང་འགྱུར་རྫས་དང་ཏན་དབྱང་འགྱུར་རྫས་དང་འདྲེས་པའི་དུད་སྨུག་གིས་སྐྱུར་ཆར་བསྐྱེད་པ་ག་ས་གང་དུ་བབས་པ་དང་། འབར་རྫས་སྣ་ཚོགས་ལས་བྱུང་བའི་གཞི་རྒྱུ་ཀུའུ་མཁའ་རླུང་ཁྲོད་ཁྱབ་ན་དྲོད་ཚད་ཇེ་མཐོར་འགྲོ་ངེས་པ་དང་། ཏན་དབྱང་འགྱུར་རྫས་ཀྱིས་མཁའ་དབྱིངས་ཀྱི་དཀུ་དབྱང་ཇེ་ཉུང་དུ་བཏང་ནས་སྨིག་ཕྱིའི་འོད་སྒྲིབ་པའི་ནུས་པ་ཇེ་ཞན་སོགས་ཀྱི་གནད་དོན་རབ་དང་རིམ་པ་འབྱུང་བ་ཡིན། དེང་གི་དུས་སུ་ནད་ཡམས་སྣ་ཚོགས་འབྱུང་བཞིན་ཡོད་པ་ཡང་ཁོར་ཡུག་འབགག་བཙོག་དང་འབྲེལ་བ་ངེས་ཅན་ཡོད་སྲིད།  

5_4 རང་བྱུང་སྐྱེ་ཁམས་མ་ལག

རང་བྱུང་སྐྱེ་ཁམས་མ་ལག་སྨིན་ཐག་ཆོད་པའི་སྐབས་སུ་དེའི་ནུས་པ་དང་དངོས་པོའི་ཕྱིར་གཏོང་དང་ནང་བསྡུའི་ཐད་དུ་ཅུང་དོ་མཉམ་པའི་ཚུལ་དུ་གནས་ཤིང་། མ་ལག་ཁྲོད་ཀྱི་དངོས་པོའི་གྲངས་ཀ་དང་རིགས་དབྱེ་ཡང་ཅུང་གཏན་འཇགས་ཡིན། སྐྱེ་ཁམས་མ་ལག་གི་ཁྱད་ཆོས་འདི་ལས་སྐྱེ་ཁམས་སྨྲ་བ་ཚོར་བློ་སྐྱེད་ཅིག་ཐོབ་ཡོད་དེ། འགྲོ་བ་མིས་ནུས་ཁུངས་བེད་སྤྱོད་ཀྱི་ལས་ཆོད་བརྩོན་ལེན་བྱ་དགོས་པ་མ་ཟད། དངོས་པོའི་འབྱུང་ཁུངས་ཟམ་མི་ཆད་པར་གནས་པའི་ཐད་དུ་ཡང་བརྩོན་དགོས། དེ་ལས་གཞན་གྱི་གནད་དོན་ཞིག་ཡོད་པ་ནི་སྐྱེ་ཁམས་མ་ལག་ཁྲོད་ཀྱི་མིའི་དངོས་པོའི་དགོས་མཁོ་དང་ཁོར་ཡུག་གི་འདོན་སྤྲོད་བར་གྱི་གཏན་འཇགས་ཀྱི་འབྲེལ་བ་མངོན་འགྱུར་བྱ་རྒྱུ་དེ་ཡིན།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-24

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།