སྐྱེ་ཁམས་སྲུང་སྐྱོབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐྱེ་ཁམས་སྲུང་སྐྱོབ།
སྐྱེ་ཁམས་སྲུང་སྐྱོབ་ནི་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་བྱ་བར་མཐོང་ཆེན་ཆེར་བྱས་ཏེ་འཐབ་ཇུས་རབ་དང་རིམ་པ་སྤེལ་ཞིང་། གཙོ་གནས་ས་ཁུལ་འགའ་ཤས་སུ་གྲུབ་འབྲས་མངོན་པར་གསལ་བ་བླངས། འོན་ཀྱང་ཀྲུང་གོའི་མི་རེའི་ཆ་སྙོམས་ཀྱི་ཐོན་ཁུངས་ལྟོས་བཅོས་ཀྱིས་ཉུང་བའི་རྐྱེན་གྱིས་ས་ཁུལ་སོ་སོའི་བར་ཁྱད་ཅུང་ཆེ་ཞིང་། སྐྱེ་ཁམས་ཁོར་ཡུག་བཙོག་འགྱུར་གྱི་གནས་ཚོད་ལ་ཚོད་འཛིན་བྱ་ཐུབ་མེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
生态保护
ཕྱི་ཡིག་གི་མིང་།
Ecological protection
ཀྲུང་གོའི་ནགས་ཚལ་གྱི་རྒྱ་ཁྱོན།
སྤྱི་ཆིང་དུང་ཕྱུར1.75
ཀྲུང་གོའི་ཞིང་སའི་རྒྱ་ཁྱོན།
སྤྱི་ཆིང་དུང་ཕྱུར1.22
1 ​ཀྲུང་གོའི་སྐྱེ་ཁམས།

སྤྱི་ལོ2000ལོར། རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་དཔྱད་འཇོག་གི་འབྲས་བུ་ལྟར་ན། ཀྲུང་གོའི་རྒྱལ་ཁོངས་ལས་སུམ་ཆའི་གཅིག་ལ་ཉེ་བའི་ཁོར་ཡུག་གི་སྤུས་ཚད་ལེགས་པའི་ཚད་དང་། རྒྱལ་ཁོངས་ཁོར་ཡུག་ལས་སུམ་ཆའི་གཅིག་ལ་ཉེ་བའི་ཁོར་ཡུག་གི་གནས་ཚུལ་ཅུང་ཞན་པའི་ཚད་ན་ཡོད་པ་གསལ་བོར་བསྟན་འདུག རྒྱལ་ཡོངས་ནགས་ཚལ་ཐོན་ཁུངས་རྩིས་བཤེར་གྱི་འབྲས་བུ་ལྟར་ན། ཀྲུང་གོའི་ནགགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་དུང་ཕྱུར1.75དང་། ནགས་ཚལ་གྱི་ཁེབས་ཚད18.21%ཡིན། ནགས་ཚལ་གསོག་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར124.56ཡོད་ཅིང་། ནགས་ཚལ་དང་ནགས་ཚལ་གསོག་ཚད་ཀྱི་རྒྱ་ཁྱོན་ཇེ་ཆེ་ཡིན་ཞིང་སྤུས་ཚད་ཀྱང་ཇེ་མཐོར་སོང་། ཡིན་ན་ཡང་མི་རེའི་ཆ་སྙོམས་ཀྱི་ཐོབ་ཚད་ཆ་སྙོམས་མིན་པའི་གནད་དོན་སྔར་བཞིན་ཚབས་ཆེན་ཡིན། ཀྲུང་གོའི་རང་བྱུང་རྩྭ་ཐང་གི་རྒྱ་ཁྱོན་ལ་སྤྱི་ཆིང་དུང་ཕྱུར3.93དང་། རྒྱལ་ཁོངས་ཀྱི་རྒྱ་ཁྱོན་ལས41%ཟིན། ཡིན་ན་ཡང་རྒྱ་ཁྱོན90%ཟིན་པའི་རང་བྱུང་རྩྭ་ཐང་དུ་ཚད་མི་གཅིག་པའི་ཞན་འགྱུར་དང་བྱེ་འགྱུར་གྱི་གནད་དོན་བྱུང་ཞིང་། དེ་ནི་ཀྲུང་གོའི་བྱེ་རྡུལ་གྱི་འབྱུང་ཁུངས་གཙོ་བོར་གྱུར་ཡོད། ཉེ་བའི་ལོ་འགའི་རིང་ཀྲུང་གོའི་སྲིད་གཞུང་ནས་རྒྱུ་ཤུགས་མང་དུ་བཏང་སྟེ་རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཕྱོགས་ནས་རང་བྱུང་རྩྭ་ཐང་སླར་གསོ་དང་འཛུགས་སྐྲུན། ལྕགས་ར་སྐོར་བ། ཕྱུགས་སྐྱུར་རྩྭ་འདེབས། པེ་ཅིང་དང་ཐེན་ཅིན་གྱི་བྱེ་ཁུངས་བཅོས་སྐྱོང་བཅས་ཀྱི་འཛུགས་སྐྲུན་ལས་གྲྭ་སྤེལ་ཏེ། དེར་མཐུན་གྱི་གྲུབ་འབྲས་བླངས་མོད། རྩྭ་ས་ཚད་བརྒལ་གྱིས་བེད་སྤྱོད་དང་ཞན་འགྱུར་གྱི་གནད་དོན་སྔར་བཞིན་ཚབས་ཆེན་ཡིན།

ཀྲུང་གོའི་ན་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི3848དང་། དེའི་རྒྱ་ཁྱོན་ཡ་གླིང་གི་ཨང་དང་པོ་དང་འཛམ་གླིང་གི་ཨང་བཞི་པར་གནས། ཡིན་ན་ཡང་ན་ས་གསར་སྤེལ་བྱས་པ་མང་དྲགས་པས་རང་བྱུང་ན་ས་མང་ཆེ་བ་མིས་བཟོའི་ན་སས་ཚབ་བྱས་ཡོད། ཀྲུང་གོའི་ཞིང་སའི་རྒྱ་ཁྱོན་ལ་སྤྱི་ཆིང་དུང་ཕྱུར1.22དང་། རྒྱལ་ཁོངས་ཀྱི་རྒྱ་ཁྱོན་ལས12.7%ཟིན་ཞིང་། ཀྲུང་གོའི་སྐམ་སའི་མ་ལག་གི་གྲུབ་ཆ་གལ་ཆེན་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་ཐོན་ཁུངས་ཀྱི་རྟེན་ས་གཙོ་བོ་ཡིན། འོན་ཀྱང་ཞིང་ལས་ཐོན་སྐྱེད་ཀྱི་ལག་རྩལ་ཇེ་མཐོར་ཕྱིན་པ་དང་བསྟུན་ནས་ཞིང་ལས་འདེབས་འཛུགས་གོ་རིམ་ཁྲོད་ཀྱི་རྫས་འགྱུར་སྨན་རྫས་སྣ་ཚོགས་ཀྱིས་ཞིང་སའི་ཐོན་སྐྱེད་དང་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོས། ཀྲུང་གོའི་མྱ་ངམ་ཐང་གི་སྤྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི263.6དང་། རྒྱལ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལས27.5%ཟིན། མྱ་ངམ་ཐང་ཚད་བརྒལ་གྱིས་བཀོལ་སྤྱོད་དང་སྐམ་སའི་དབུས་ཁུལ་གྱི་གཙང་བོའི་ཐོན་ཁུངས་གསར་སྤེལ་ཚད་ལས་བརྒལ་བས་མྱ་ངམ་ཐང་གི་སྐྱེ་ཁམས་ཞན་འགྱུར་གྱི་གནས་ཚུལ་ཚབས་ཆེན་ཡིན།

2 སྲུང་སྐྱོབ་ཁུལ་འཛུགས་སྐྲུན།

སྐྱེ་ཁམས་བྱེད་ནུས་ཁུལ།

ཚན་རིག་དང་མཐུན་པའི་སྒོ་ནས་ཡུལ་ཁོངས་སོ་སོའི་སྐྱེ་ཁམས་བྱེད་ནུས་ཀྱི་མཚམས་གསལ་བོར་ཕྱེ་བ་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་ཕན་ནུས་ཆེ་བའི་ཡུལ་ཁོངས་གཏན་ཁེལ་དང་། ཐོན་ཁུངས་ལུགས་མཐུན་གྱིས་གསར་སྤེལ་དང་སྲུང་སྐྱོབ་བྱ་བར་དམིགས་ནས། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་སྤྱི་ཁྱབ་ཅུའུ་ནས《རྒྱལ་ཡོངས་སྐྱེ་ཁམས་བྱེད་ནུས་དབྱེ་བགོ》སྒྲིག་རྩོམ་གནང་བཞིན་ཡོད། སྐྱེ་ཁམས་ཀྱི་གཙོ་གནད་ཡུལ་ཁོངས་དང་དམིགས་བསལ་ས་ཁུལ་ལ་དམིགས་ཏེ་སྐམ་སའི་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་བཏོན་ཞིང་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྔོན་ཐོན་ས་ཁུལ་དུ་གཏན་ཁེལ་བྱས།

2_1 རང་བྱུང་སྲུང་སྐྱོབ་ས་ཁུལ།

རང་བྱུང་སྲུང་སྐྱོབ་ས་ཁུལ་སྐྱེ་ཁམས་ཁོར་ཡུག་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན། རང་བྱུང་ཐོན་ཁུངས་བཅས་ལ་སྲུང་སྐྱོབ་བྱེད་པའི་ཆེས་ཕན་ནུས་ལྡན་པའི་བྱ་ཐབས་དེ་ཡིན། མིག་སྔར་རྒྱལ་ཡོངས་ན་རིམ་པ་དང་རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ2349བཙུགས་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ150ཡོད། སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་བྱ་བར་ཤུགས་སྣོན་པ་དང་སྲུང་སྐྱོབ་ཐད་གནས་པའི་གནད་དོན་ཐག་གཅོད་ལེགས་པོ་བྱ་བའི་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འབྲེལ་ཡོད་སྡེ་ཁག་གིས《རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་བྱ་བར་ཤུགས་སྣོན་པའི་བརྡ་ཐོ》དང་། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་སྤྱི་ཁྱབ་ཅུའུ་སོགས་སྡེ་ཁག་བདུན་མཉམ་འབྲེལ་གྱིས《རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་པའི་བརྡ་ཐོ》དཔར་འགྲེམ་གནང་སྟེ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་བྱ་བའི་དོ་དམ་དང་ལྟ་སྐུལ་ལ་ཤུགས་བསྣན།

2_2 སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ།

རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་འཛུགས་པ་ནི་ཀྲུང་གོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱེད་ཐབས་གསར་བ་ཞིག་ཡིན། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་གཙོ་གནད་ཁུལ་དུ་ཡུལ་ཁོངས་ཀྱི་སྣེ་ཁྲིད་སྐྱེ་ཁམས་བྱེད་ནུས་ལ་སྲུང་སྐྱོབ་བྱེད་པ་དམིགས་ཡུལ་དུ་བྱས་ནས་ཚད་ཡོད་པའི་གསར་སྤེལ་ཐབས་ལམ་ལག་བསྟར་དང་། ཡུལ་ཁོངས་དཔལ་འབྱོར་ཡང་སྤེལ་བའི་ཐབས་ལ་བརྟེན་ནས། དོ་དམ་ཚད་ལྡན་དང་། དོ་དམ་གྱིས་བཅོས་སྐྱོང་ལ་སྐུལ་འདེད། ཡུལ་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་བཅས་ཀྱི་ཐབས་ལམ་སྣ་ཚོགས་སྤྱད་པས། འགྲོ་བ་མིའི་བྱ་འགུལ་གྱིས་སྐྱེ་ཁམས་མ་ལག་ལ་བཟོས་པའི་གནོད་འཚེ་ཇེ་ཉུང་དང་། སྐྱེ་ཁམས་བྱེད་ནུས་ཞན་འགྱུར་སྔོན་འགོག་ལ་ཕན་ནུས་མི་དམན་པ་ཐོན། སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གྱིས་རང་བྱུང་གནོད་འཚེ་ཇེ་ཉུང་དང་། དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས། རྒྱལ་ཁབ་དང་ས་གནས་ཀྱི་སྐྱེ་ཁམས་བདེ་འཇགས་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།                                        

3  གསར་སྤེལ་དང་སྲུང་སྐྱོབ།
3_1 ཆུའི་ཐོན་ཁུངས་གསར་སྤེལ།

ཆུའི་ཐོན་ཁུངས་བཀོལ་སྤྱོད་ཀྱི་ལས་ཆོད་ཇེ་མཐོར་བཏང་སྟེ་གྲོན་ཆུང་རང་བཞིན་གྱི་སྤྱི་ཚོགས་འཛུགས་པ། རྒྱལ་ཡོངས་སུ་ཞིང་ཆེན་དང་། རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར17ནས་ཆུ་བཀོལ་སྤྱོད་ཀྱི་ཚད་ཐིག་གཏན་ཁེལ་གྱིས་འཆར་གཞི་ལྟར་བེད་སྤྱོད་བྱས་པ་དང་། ཞིང་ཆུ་གྲོན་ཆུང་གིས་བེད་སྤྱོད་གཏོང་བའི་རྒྱ་ཁྱོན་མུའུ་དུང་ཕྱུར3.2ལ་སླེབས་ཡོད། གཙང་བོའི་འབབ་ཡུལ་གསར་སྤེལ་བེད་སྤྱོད་ཀྱི་ཁོར་ཡུག་ཤུགས་རྐྱེན་དཔྱད་འཇོག་སྤེལ་ཏེ་ཆུ་གློག་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་འཕེལ་ཞིང་། རྒྱལ་ཁབ་ཀྱི་ནུས་ཁུངས་འཕེལ་རྒྱས་འཐབ་ཇུས་དང་གློག་ཤུགས་འཕེལ་རྒྱས་བྱེད་ཕྱོགས་གཉིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པ་བྱུང་། སྤྱི་ལོ2013ལོའི་ཟླ12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོའི་གཏེར་ཁའི་ཐོན་ཁུངས་ཀྱི་སྲིད་ཇུས》ཞེས་པའི་ཤུབས་དཀར་དཔེ་དེབ་འགྲེམ་སྤེལ་བྱས་ཤིང་། གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་ཁོར་ཡུག་སྲུང་སྐྱོབ་མཐུན་སྦྱོར་འཕེལ་རྒྱས་ཀྱི་བླང་བྱ་བཏོན། སྤྱི་ལོ2004ལོར་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་སྤྱི་ཁྱབ་ཅུའུ་དང་། རྒྱལ་ཁོངས་ཐོན་ཁུངས་པུའུ། རྒྱལ་ཁབ་ཐོན་སྐྱེད་བདེ་འཇགས་ལྟ་སྐུལ་དོ་དམ་ཅུའུ་བཅས་མཉམ་འབྲེལ་གྱིས་རྒྱལ་ཡོངས་གཏེར་རི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་སྤེལ་ཞིང་། གཏེར་ཁའི་ཁེ་ལས52414ལ་ཞིབ་བཤེར་དང་། ཁེ་ལས16413གྱི་སྒོ་གཏན་དུ་བཅུག

3_2 ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་སྲུང་སྐྱོབ།

སྤྱི་ལོ2001ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཡུལ་སྐོར་ལས་རིགས་འཕེལ་རྒྱས་སྐོར་གྱི་གོམ་སྟོབས་ཇེ་མགྱོགས་སུ་གཏོང་བའི་བརྡ་ཐོ》བཏང་ཞིང་། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་དེ་ཡུལ་སྐོར་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་མཛུབ་སྟོན་བསམ་བློར་གཏན་ཁེལ་བྱས། འབྲེལ་ཡོད་སྡེ་ཁག་དང་རིམ་པ་སོ་སོའི་སྲིད་གཞུང་གིས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཤུགས་བསྣན།

3_3 སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ།

ཀྲུང་གོ་རྒྱལ་ཁབ་སྤྱི་ལོ1933ལོར《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིང》ཞེས་པར་ཞུགས་ཤིང་། ད་བར་དུ་རྒྱལ་ཁབ་ཀྱི་ཁ་ཆད་ལག་བསྟར་སྙན་ཞུ་ཐེངས་གསུམ3ལ་ཕུལ་ཡོད། དེ་མིན《ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་འགུལ་འཆར་གཞི》དང་། 《ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་རྒྱལ་བབ་ཞིབ་འཇུག་སྙན་ཞུ》 《རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་སྒྲོམ་གཞི》སོགས་ཀྱི་འཐབ་ཇུས་གཏན་ཁེལ་བྱས། སྤྱི་ལོ2005ལོའི་ཟླ9པའི་ཚེས6ཉིན། ཀྲུང་གོ་དངོས་སུ《ཁཱ་ཐཱ་ཧུ་ནཱ་སྐྱེ་དངོས་བདེ་འཇགས་གྲོས་ཡིག》ཅེས་པའི་ཆིང་འཇོག་རྒྱལ་ཁབ་ཏུ་གྱུར།

སྤྱི་ལོ2003ལོར་རྒྱལ་ཁབ་ཁོར་ཡུག་སྲོང་སྐྱོབ་སྤྱི་ཁྱབ་ཅུའུ་དང་ཚན་རིག་གླིང་གིས་མཉམ་འབྲེལ་གྱིས་ཕྱི་ཡོང་བཙན་འཛུལ་སྐྱེ་དངོས་སྐོར་ཁག་དང་པོའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་།  ལྷན་གཅིག་ཏུ་ཕྱི་ཡོང་གནོད་ཅན་སྐྱེ་དངོས་ལ་ཁ་གཏད་པའི་ཇུས་གཞི་གཏན་འབེབས་བྱས་པ་མ་ཟད། དེ་རྨང་གཞི་བྱས་ཏེ་སྐྱེ་དངོས་རིགས་ཀྱིས་ཉེན་ཁ་ལས་འཕྲལ་དུ་གཡོལ་བའི་གྲ་སྒྲིག་ཇུས་གཞི་གྲུབ།

4 སྐྱེ་ཁམས་དཔེ་ལེགས་ཆུས།

སྐྱེ་ཁམས་དཔེ་ལེགས་ཆུས་ནི་སྐྱེ་ཁམས་དཔལ་འབྱོར་གྱི་རྩ་བའི་རིགས་པ་ཁྲིད་སྟོན་དུ་བྱས་ཤིང་། དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་བཅས་དོ་མཉམ་གྱིས་འཕེལ་རྒྱས་ཡོང་བ་དམིགས་འབེན་དུ་བྱས་པའི་སྲིད་འཛིན་ཡུལ་ཁོངས་ལ་བྱ། སྤྱི་ལོ1995ལོ་ནས་བཟུང་སྔ་གཞུག་ཏུ་ཆུས་དང་ལས་ཁུངས528དུ་སྐྱེ་ཁམས་དཔེ་ལེགས་ཆུས་བཙུགས་པ་ལས། ཆུས233ལ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔེ་ལེགས་ཆུས་ཀྱི་མཚན་སྙན་ཐོབ།

4_1 ཞིང་ཆེན་དང་། གྲོང་ཁྱེར། རྫོང་།

སྐྱེ་ཁམས་ཞིང་ཆེན(གྲོང་ཁྱེར་དང་རྫོང)འཛུགས་སྐྲུན་ནི་སྐྱེ་ཁམས་དཔེ་ལེགས་ཆུས་འཛུགས་སྐྲུན་གཏིང་ཟབ་དང་འཕེལ་རྒྱས་སུ་ཕྱིན་པའི་རྟགས་མཚན་ཞིག་ཡིན།

4_2 ཞང་དང་གྲོང་རྡལ།

ཞིང་ལས་དཔལ་འབྱོར་ལ་སྐུལ་འདེད་དང་ཞིང་གྲོང་གི་ཁོར་ཡུག་ལེགས་བཅོས། ཞིང་གྲོང་གི་སྐྱེ་ཁམས་རིག་གནས་ཀྱི་ཆུ་ཚད་མཐོར་འདེགས་བཅས་ལ་དམིགས་ནས་མཛེས་སྡུག་ལྡན་པའི་ཞང་དང་གྲོང་རྡལ་འཛུགས་སྐྲུན་གྱི་བྱ་འགུལ་ཧུར་ཐག་གིས་སྤེལ་ཞིང་དེར་བསྟུན་གྱི་གྲུབ་འབྲས་བླངས།

4_3 དཔལ་ཡོན་ཞིང་སྡེ།

དཔལ་ཡོན་ཞིང་སྡེ་འཛུགས་སྐྲུན་ནི་སྐྱེ་ཁམས་ཞིང་ཆེན(གྲོང་ཁྱེར་དང་རྫོང)འཛུགས་སྐྲུན་དང་། མཛེས་པའི་ཞང་དང་གྲོང་རྡལ་འཛུགས་སྐྲུན་གྱི་རྨང་གཞིའི་ལས་གྲྭ་ལྟ་བུ་ཞིག་ཡིན།  ཀྲེ་ཅང་ཞིང་ཆེན་གྱི་དཔེ་ལེགས་ཅན་སྟོང་སྡེ་དང་ཞང་སྡེ་ཁྲིའི་བཅོས་སྐྱོང་གི་ལས་གྲྭ་དང་། ཨན་ཧའེ་ཞིང་ཆེན་གྱི་གྲོང་རྡལ་བརྒྱ་དང་སྡེ་བ་སྟོང་དུད་ཁྱིམ་ཁྲི་ཞེས་པའི་སྐྱེ་ཁམས་དཔེ་ལེགས་ཅན་གྱི་ལས་གྲྭ་སོགས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་རྒྱ་ཆེར་དུ་སྤེལ་ཞིང་གྲུབ་འབྲས་མངོན་དུ་གསལ་བ་བླངས།

4_4 ཞིང་སྡེའི་སྐྱེ་ཁམས་སྲུང་སྐྱོབ།  

ཞིང་སྡེའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེས་ཞིང་གྲོང་གི་ཁོར་ཡུག་ལེགས་བཅོས་དང་། མི་དམངས་ཀྱི་བདེ་ཐང་ལ་འགན་ཁུར་བ། ཞིང་གྲོང་གི་དཔལ་འབྱོར་སྐུལ་སྤེལ་བཅས་ལ་ནུས་པ་གལ་ཆེན་ལྡན་པ་མ་ཟད། ཞིང་གསུམ་གནད་དོན་ཐག་གཅོད་པའི་བྱེ་བྲག་གི་ལག་ལེན་དང་། ཞིང་གྲོང་ས་ཁུལ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་བའི་དགོས་ངེས་ཀྱི་བླང་བྱ་ཡིན།

5 གནད་དོན་དང་ཐག་གཅོད་ཐབས།
5_1 གནད་དོན་གཙོ་བོ།

གཅིག སྐྱེ་ཁམས་ཁོར་ཡུག་ཞན་པ།

གཉིས། སྐྱེ་ཁམས་ཁོར་ཡུག་གི་གནོན་ཤུགས་ཆེ་བ།

གསུམ། སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་སྲིད་ཇུས་དང་། སྒྲི་ཁྲིམས། ཚད་གཞི་བཅས་འཐུས་ཚང་མིན་པ།

བཞི། སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་ལ་དཔལ་འབྱོར་མ་དངུལ་བཏང་བ་ཉུང་དྲགས་པ།

ལྔ། སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་ཆ་འཕྲིན་དང་ལག་རྩལ་ཞན་པ།

5_2 ཐག་གཅོད་པའི་ཐབས་གཙོ་བོ།

གཅིག  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་སྒྲིག་ཁྲིམས་དང་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ།

གཉིས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དཔལ་འབྱོར་སྲིད་ཇུས་གཏན་འབེབ་དང་འཐུས་ཚང་དུ་གཏོང་བ།

གསུམ། སྐྱེ་ཁམས་མ་ལག་ཞིབ་དཔྱད་ཚད་ལེན་གྱི་མ་ལག་འཛུགས་པ།

བཞི། སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་ལ་དཔལ་འབྱོར་མ་དངུལ་མང་དུ་གཏོང་བ།

ལྔ། སྐྱེ་ཁམས་སྲུང་སྐྱོབ་སློབ་གསོའི་དྲིལ་བསྒྲགས་ཤུགས་ཆེར་གྱིས་སྤེལ་བ།

དྲུག རྒྱལ་སྤྱིའི་བར་སྐྱེ་ཁམས་སྲུང་སྐྱོབ་ཐད་ཉམས་མྱོང་དང་བསམ་བློ་བརྗེ་རེས་རྒྱ་ཁྱབ་ཏུ་སྤེལ་བ།

6 ལྟ་ཞིབ་བྱ་བ། 

སྤྱི་ལོ2019ལོའི་ཟླ8པའི་ཚེས20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་ནོང་ཧྥ་ཧྲན་ཏན་རྟ་ར་ཚད་ཡོད་འགན་ལེན་ཀུང་སིར་ཕེབས་ཤིང་རྟ་རའི་ལས་གཉེར་ཡུལ་དངོས་ལ་རྟོག་ཞིབ་མཛད་ཅིང་མདོ་ལ་རི་བོའི་སྐྱེ་ཁམས་སླར་གསོའི་ཐད་ཀྱི་བྱ་བའི་སྙན་ཞུའི་སྐོར་ལ་གསན་བཞེས་གནང་།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-20

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།