རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ།
རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཙོ་གནད་དང་གནད་འགག་ཡིན་ལ། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡང་ཡིན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཁྲིམས་ལྟར་སྲིད་སྐྱོང་བ་ལ་ཐོག་མར་རྩ་ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
依宪治国
ཕྱི་ཡིག་གི་མིང་།
Govern the country based on constitution
རྒྱལ་ཁབ་རྩ་ཁྲིམས་ཉིན་མོ།
ལོ་རེའི་ཟླ12པའི་ཚེས4ཉིན།
1   ནང་དོན་ངོ་སྤྲོད།

རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་ལས་འགན་ཨང་དང་པོ་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན།  རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་ནི་ཏང་དང་མི་དམངས་ཀྱི་ཐུན་མོང་གི་འདོད་བློའི་དབང་གྲགས་ལ་སྲུང་སྐྱོང་བྱེད་པ་ཡིན། རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད་པ་ནི་ཏང་དང་མི་དམངས་ཀྱི་ཐུན་མོང་གི་འདོད་བློའི་ལ་རྒྱ་སྲུང་སྐྱོབ་བྱེད་པ་དེ་ཡིན། རྩ་ཁྲིམས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་པ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་པ་ཡིན། ང་ཚོས་རྩ་ཁྲིམས་ལ་བརྩི་འཇོག་ཏན་ཏིག་དང་ལག་བསྟར་ནུས་ལྡན་བྱས་ན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་ཐུབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་གཏོང་ཐུབ། དེ་ལས་ལྡོག་སྟེ་གལ་ཏེ་རྩ་ཁྲིམས་ལ་སྣང་མེད་དང་ཉམས་དམས་སུ་གཏོང་བ་དང་ཐ་ན་གཏོར་བརླག་ཐེབས་ཚེ། མི་དམངས་ཀྱི་ཁེ་དབང་དང་རང་དབང་འགན་ལེན་བྱེད་ཐབས་བྲལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་བར་ཆད་ཡོང་ངེས། དུས་ཡུན་རིང་པོའི་ལག་ལེན་ལས་བློ་སྒོ་རྩ་ཆེན་ཕྱེ་བ་དེ་དག་ལ་ངེས་པར་དུ་གཅེས་འཛིན་ལྡབ་འགྱུར་བྱ་དགོས། ང་ཚོས་སྔར་ལས་རང་རྟོགས་ཀྱི་སྒོ་ནས་རྩ་ཁྲིམས་ཀྱི་རྩ་དོན་བརྩི་སྲུང་། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ། རྩ་ཁྲིམས་ཀྱི་འགན་འཁྲི་སྒྲུབ་པ་བཅས་བྱེད་དགོས།

《ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་སྐོར་ཞིག་གི་གཏན་འབེབས》ནང་རྩ་ཁྲིམས་ལྟར་རྒྱལ་སྐྱོང་ཐད་རྒྱས་བཤད་གལ་ཆེན་བྱས་ཡོད་དེ་རྩ་ཁྲིམས་ནི་ཏང་དང་མི་དམངས་ཀྱི་འདོད་བློ་གཅིག་བསྡུས་ཀྱིས་མཚོན་པ་ཞིག་ཡིན་པ་དང་། ཚན་རིག་དང་མཐུན་པའི་དམངས་གཙོའི་གོ་རིམ་ལ་བརྟེན་ནས་གྲུབ་པའི་རྩ་བའི་བཅའ་ཁྲིམས་ཤིག་ཡིན་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པར་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་པར་ཐོག་མར་རྩ་ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་པོའི་སྟོབས་ཤུགས་མཐའ་དག སྲིད་ཏང་ཁག་དང་སྤྱི་ཚོགས་ཀྱི་ཚོགས་པ་ཁག ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས་ཁག ཚང་མས་ངེས་པར་དུ་རྩ་ཁྲིམས་དེ་བྱེད་སྒོའི་རྩ་བའི་ཚད་གཞིར་འཛིན་དགོས་པར་མ་ཟད། རྩ་ཁྲིམས་ཀྱི་ཟིལ་ཤུགས་སྲུང་འཛིན་དང་རྩ་ཁྲིམས་ལག་ལེན་དངོས་སུ་བསྟར་བར་འགན་ལེན་བྱེད་པའི་འགན་འཁྲིའང་འཁུར་དགོས་པ་དང་རྩ་ཁྲིམས་དང་འགལ་བའི་བྱ་སྤྱོད་མཐའ་དག་ངེས་པར་དུ་རྩད་གཅོད་དང་ཡོ་བསྲང་བྱ་དགོས་པའི་ཚུལ་བརྗོད་ཡོད།

རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཇི་ལྟར་ལག་བསྟར་བྱ་བ་ལ། 《གཏན་འབེབས》ལྟར་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྩ་ཁྲིམས་ཀྱི་འགྲེལ་བཤད་གོ་རིམ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་མ་ཟད། ཐོ་འགོད་ཞིབ་བཤེར་ལམ་ལུགས་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཚང་མ་ཐོ་འགོད་ཞིབ་བཤེར་བྱེད་ཁོངས་སུ་བཅུག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྲིམས་ལྟར་ཕྱིར་འཐེན་དང་ཡོ་བསྲང་བྱེད་དགོས། ས་གནས་ཀྱིས་ཁྲིམས་འཛུགས་ཀྱི་ངོ་བོ་ལྡན་པའི་ཡིག་ཆ་གཏན་འབེབས་དང་འགྲེམ་སྤེལ་བྱེད་པའི་རིགས་གཏན་འགོག་བྱེད་དགོས་པར་འདོད།

2 རྩ་ཁྲིམས་བཟོ་བཅོས། 

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ལོ2018ལོའི་ཟླ1པོའི་ཚེས18ཉིན་ནས་ཚེས19ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《ཀྲུང་གུང་ཀྲུང་དབྱང་གི་རྩ་ཁྲིམས་ཀྱི་ནང་དོན་སྐོར་ཞིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གྲོས་འགོ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཡོད་པ་དང་། རྣམ་པ་སྣ་ཚོགས་ཀྱི་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚ་རླབས་འཕྱུར་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཐོག་བཏོན་པའི་འཐབ་ཇུས་ཀྱི་ཐབས་ཇུས་ཁག་དང་ལས་ཀའི་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད་པ་མ་ཟད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློ་སྔར་བས་གཅིག་གྱུར་དང་། ཡིད་ཆེས་སྔར་བས་བརྟན་པོ། བྱ་སྤྱོད་སྔར་བས་ནུས་ལྡན་བཅས་བྱུང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བའི་རྣམ་པ་མངོན་ཡོད་པའི་གཅིག་མཐུན་གྱི་ངོས་འཛིན་ཐོབ།

ཚང་འཛོམས་གྲོས་ཚོགས་ཐོག་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན་པ་དང་། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་དང་། ཏང་དང་མི་དམངས་ཀྱི་འདོད་བློ་གཅིག་བསྡུས་ཀྱིས་མཚོན་པ་ཞིག་ཡིན་པར་གཅིག་མཐུན་གྱིས་འདོད། ད་ལྟ་སྤྱོད་བཞིན་པའི་རྩ་ཁྲིམས་ཁྱབ་བསྒྲགས་བྱས་པ་ནས་བཟུང་། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དང་། ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་ལག་ལེན་ཁྲོད་ནུས་པ་ཧ་ཅང་གལ་ཆེན་བཏོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་ནུས་ལྡན་བྱས་ཡོད་པ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་ནུས་ལྡན་བྱས་ཡོད་པ་དང་། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་རིམ་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་ནུས་ལྡན་བྱས་པ་ལག་ལེན་ཐོག་ནས་ར་འཕྲོད་བྱུང་ཡོད་པ། རང་རྒྱལ་དུ་ད་ལྟ་སྤྱོད་བཞིན་པའི་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་། དོན་དངོས། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་བཅས་དང་མཐུན་པའི་རྩ་ཁྲིམས་འཐུས་ཚང་བ་ཞིག་ཡིན་པ་དང་། མི་དམངས་ཀྱི་ཐུན་མོང་འདོད་བློ་གང་ལེགས་ཀྱིས་མཚོན་པ་དང་། མི་དམངས་ཀྱི་དམངས་གཙོའི་ཁེ་དབང་འགན་སྲུང་གང་ལེགས་བྱེད་པ། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་གང་ལེགས་བྱེད་པ་བཅས་ཀྱི་རྩ་ཁྲིམས་ཡག་པོ་ཞིག་ཡིན་པ། རྒྱལ་ཁབ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད། མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་གསར་སྐྲུན་བྱེད་པར་འགན་ལེན་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འགན་སྲུང་བཅས་བྱེད་པའི་རྩ་ཁྲིམས་བཟང་པོ་ཞིག་ཡིན་པ། ང་ཚོའི་རྒྱལ་ཁབ་དང་མི་དམངས་ཀྱིས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཀྱི་ཉམས་སད་ཐེག་ཐུབ་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དེད་ནས་མདུན་དུ་སྐྱོད་ཐུབ་པའི་རྩ་བའི་ཁྲིམས་སྐྱོང་གི་འགན་སྲུང་ཡིན་པ། རྩ་ཁྲིམས་ཀྱི་ཟིལ་ཤུགས་དང་དབང་གྲགས་སྲུང་སྐྱོང་བྱ་དགོས་པ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་། གཟི་རྔམ། དབང་གྲགས་བཅས་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་ཁག་ཐེག་བྱེད་པའི་འགན་སྲུང་གལ་ཆེན་ཡང་ཡིན་པ་གཅིག་མཐུན་གྱིས་ཁས་ལེན་བྱུང་། 

ཚང་འཛོམས་གྲོས་ཚོགས་ཐོག་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པ་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དང་། ཏང་ཀྲུང་དབྱང་གིས་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པར་བསྟན། ཐེངས་དེའི་རྩ་ཁྲིམས་བཟོ་བཅོས་བྱེད་པའི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་སློབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཐོག་གཏན་ལ་ཕབ་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་སྤྱི་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ནང་བཀོད་དེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སུ་ཕྱིན་པའི་གྲུབ་འབྲས་གསར་བ་དང་། ཉམས་མྱོང་གསར་བ། བླང་བྱ་གསར་བ་བཅས་མཚོན་པར་བྱེད་པ། རང་རྒྱལ་གྱི་རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་བརླིང་རང་བཞིན། དབང་གྲགས་རང་བཞིན་བཅས་སྤྱིའི་ཆ་ནས་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་རྩ་ཁྲིམས་དུས་བསྟུན་མདུན་སྐྱོད་དང་འཐུས་ཚང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པ། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྩ་ཁྲིམས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས་པ་བཅས་ལ་གཅིག་མཐུན་གྱི་ངོས་འཛིན་ཐོབ།

ཚང་འཛོམས་གྲོས་ཚོགས་ཐོག་ཐེངས་དེའི་ཀྱི་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པར་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་མཐའ་འཁྱོངས་དང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཁྲིམས་ལྟར་གོ་རིམ་ལྟར་ནན་པོར་བསྒྲུབ་པ། དམངས་གཙོ་དར་སྤེལ་གང་ལེགས་དང་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་གོང་བུར་བསྒྲིལ་ནས་མི་དམངས་ཀྱི་འདོད་བློ་མཚོན་པ་དང་མི་དམངས་ཀྱི་བརྩི་བཀུར་ཐོབ་པར་འགན་ལེན་ཏན་ཏིག་བྱ་བ། རྩ་ཁྲིམས་ལ་བཟོ་བཅོས་ཕྲན་ཙམ་རྒྱག་པ་དང་བཟོ་བཅོས་ཆེན་པོ་མི་རྒྱག་པའི་རྩ་དོན་མཐའ་འཁྱོངས་བྱེད་པ། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་བླང་བྱ་དང་མཐུན་པ་མ་ཟད། རྩ་ཁྲིམས་དང་བཅའ་ཁྲིམས་འཕེལ་རྒྱས་གཏོང་བའི་ཆོས་ཉིད་ལ་བརྩི་སྲུང་ཡང་ཞུ་ཐུབ་པ། རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན། བརྟན་བརླིང་རང་བཞིན། དབང་གྲགས་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་པའི་རྩ་དོན་ངེས་པར་དུ་ལག་ལེན་མཐར་ཕྱིན་བསྟར་དགོས་ཚུལ་གྱི་ལྟ་བ་ཡང་བཏོན། 

ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་ཆེས་གསར་ཤོས་ཏེ། དུས་རབས21པའི་མར་ཁེ་སི་རིང་ལུགས་དང་ཀྲུང་གོ་གུང་ཁྲན་ཏང་གིས་ངེས་པར་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པའི་བསམ་བློའི་མཛུབ་སྟོན་ཡིན་པ་ནན་གྱིས་བསྟན། དེ་མིན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་ཤིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ཡིན་པས། ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་དགོས་པ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བཅས་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ། གསར་གཏོད། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ། སྤྱི་ལོ2020ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་། སྤྱི་ལོ2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཐུབ་པ་བཅས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་དགོས་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་སློང་དང་ཁྲིད་སྟོན་བྱེད་པར་སྣེ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་དང་། ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་བགྲོད་ལམ་མཐའ་འཁྱོངས་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་མཐའ་འཁྱོངས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་མིའི་རིགས་ཀྱི་ཞི་བདེ་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་བྱ་རྒྱུ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་སྒྲིག་སྲོལ་བསྒྱུར་བཅོས་གལ་ཆེན་ཞིག་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱིས་རང་གིས་རང་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཡིན་པས། ཏང་གིས་གཅིག་གྱུར་འགོ་ཁྲིད་བྱེད་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་སྒྲིག་གཞི་ཁྲིམས་ལྟར་འཛུགས་དགོས་པ། གཅིག་སྡུད་གཅིག་གྱུར་དང་དབང་གྲགས་ནུས་ལྡན་རྒྱལ་ཁབ་ཀྱི་ལྟ་ཞིབ་མ་ལག་བཙུགས་ནས་སྤྱི་དོན་དབང་ཆ་སྤྱོད་མཁན་གཞུང་ལས་མི་སྣར་ལྟ་ཞིབ་བྱ་རྒྱུ་ཡོངས་སུ་ཁྱབ་པར་བྱེད་དགོས་ཚུལ། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅའ་ཁྲིམས།  ཁྲིམས་སྲོལ་ཁག་གི་སྤྱིའི་གཞི་འཛིན་ས་ཡིན་པ་མ་ཟད། རྩ་ཁྲིམས་ཀྱི་ལམ་ལུགས་དང་གཏན་འབེབས་གལ་ཆེན་ཕུན་སུམ་ཇེ་ཚོགས་སུ་བཏང་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བར་ནུས་པ་གལ་ཆེན་ལྡན་པ་ནན་བཤད་མཛད།

ཚང་འཛོམས་གྲོས་ཚོགས་ཐོག་ཐེངས་དེའི་རྩ་ཁྲིམས་བཟོ་བཅོས་བྱེད་པ་གོ་སྐབས་སུ་བཟུང་སྟེ། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། ཁྲིམས་བསྟར་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པ་དང་། ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་བྱེད་པ། ཁྲིམས་འཛིན་དུས་ངེས་པར་དུ་གཟབ་ནན་བྱེད་པ། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བྱེད་པ་བཅས་རྒྱུན་འཁྱོངས་བྱ་དགོས་ཚུལ་ནན་གྱིས་བཤད། དེ་མིན་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཆུ་ཚད་གསར་པ་ཞིག་ཏུ་མཐོ་རུ་གཏོང་དགོས་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ལ་གོང་བཀུར་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་བརྩི་སྲུང་། རྩ་ཁྲིམས་སྲུང་སྐྱོང་། རྩ་ཁྲིམས་བེད་སྤྱོད་བཅས་བྱེད་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་མི་དམངས་མང་ཚོགས་ཀྱི་རྩ་ཁྲིམས་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་དགོས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས་པ། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་རིམ་པ་ཁག་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་རྩ་ཁྲིམས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་འགན་དབང་སྤྱོད་པ་དང་། འགན་འཁྲི་སྒྲུབ་པ། ལས་ཀ་སྒྲུབ་པ་བཅས་བྱས་ཏེ་རང་འགན་ནན་སྒྲུབ། སྤྱོད་གཙང་སྤྱི་གཞོལ་དང་རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་ལེན། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་པར་བྱས་རྗེས་འཇོག་དགོས་པ་ལས་གཏམ་གྱིས་ཁྲིམས་ཚབ་བྱེད་པ་དང་། དབང་གིས་ཁྲིམས་གནོན་པ། ཁེ་གཉེར་ཁྲིམས་འགལ། ཉེར་ཕྱོགས་ཁྲིམས་འགལ་བཅས་གཏན་ནས་བྱས་མི་ཆོག་པ་ཡང་བསྟན། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་པོའི་སྟོབས་ཤུགས་མཐའ་དག  སྲིད་ཏང་ཁག་དང་སྤྱི་ཚོགས་ཀྱི་ཚོགས་པ་ཁག  ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས་ཁག་བཅས་ཀྱིས་ངེས་པར་དུ་རྩ་ཁྲིམས་ཀྱི་གཏན་འཁེལ་བྱ་བྱེད་ཀུན་གྱི་རྩ་བའི་ཚད་གཞིར་འཛིན་དགོས་པ་དང་། ཚང་མར་རྩ་ཁྲིམས་ཀྱི་ཟིལ་ཤུགས་སྲུང་སྐྱོང་དང་རྩ་ཁྲིམས་ལག་ལེན་བསྟར་བར་འགན་ལེན་བྱེད་པའི་འགན་འཁྲི་ཡོད་པས། རྩ་འཛུགས་དང་མི་སྒེར་སུ་ཞིག་ལའང་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་བའི་ཁྱད་དབང་མེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་མཐའ་དག་ངེས་པར་དུ་རྩད་གཅོད་བྱེད་དགོས་ཚུལ་ཡང་ནན་གྱིས་བསྟན།

ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་སྤྱི་ལོ2018ལོའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་པ། ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོར་འཛུགས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་དགོས་པ། རང་རྟོགས་ངང་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་དང་རྩ་ཁྲིམས་ལག་བསྟར་འགན་ལེན་བྱས་ཏེ་དུས་རབས་གསར་བར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་བཏང་། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-20

གསར་སྤེལ་མཁན། :མིང་གསང་tNNy81462

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།