ཀྲུང་གོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ།
ཀྲུང་གོ་ནི་གནའ་བོའི་ཤེས་རིག་གི་རྒྱལ་ཁབ་བཞིའི་ཡ་གྱལ་ཡིན་ལ། ཧྭ་ཞ་ཤེས་རིག་དང་རྒྱ་མི་རིགས་གཙོ་བོར་བྱས་པའི་མི་རིགས་མང་བོ་འདུས་སྡོད་ཀྱི་རྒྱལ་ཁབ་ཅིག་ཡིན། དེ་ཡང་ཀྲུང་གོའི་མངའ་ཁོངས་སུ་མི་རིགས56ཡོད་པ་དང་། དེ་ལ་ཀྲུང་ཧྭ་མི་རིགས་སུ་འབོད་ཅིང་། འབྲུག་ནི་ཀྲུང་ཧྭ་མི་རིགས་ཀྱི་རྟགས་མཚན་ཡིན། ད་ལྟ་ནས་ཧ་ལམ་ལོ་ངོ5000ཡན་ཆད་དུ། དབུས་རྒྱུད་ས་ཁུལ་ལྟེ་བར་བྱས་པའི་ཚོ་ཁག་བྱུང་བའི་འགོ་བརྩམས་ཤིང་། སྤྱི་ལོའི་སྔོན་གྱི་དུས་རབས21པར། ཀྲུང་གོའི་ཆེས་ཐོག་མའི་རྒྱལ་རབས་ཏེ་ཞ་རྒྱལ་རབས་དབུ་བརྙེས་པ་ཡིན་ལ། དེའི་རྗེས་སུ་ཧྲང་དང་ཀྲོའུ། ཆིན། ཧན། ཅིན། སུའེ། ཐང་། སུང་། ཡོན། མིང་། ཆིང་སོགས་ཀྱི་རྒྱལ་རབས་རིམ་པར་བྱུང་བ་ཡིན་ཞིང་། དུས་རབས20དུས་འགོར་ལྕགས་ཕག་ལོའི་གསར་བརྗེ་ཡི་རྗེས་སུ། རྒྱལ་བོས་སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་སྲིད་དབང་སྒྲིག་གཞི་དེ་ཀྲུང་གོའི་ལོ་རྒྱུས་ཀྱི་གར་སྟེགས་ལས་བུད་པ་ན། དེའི་འཐུས་ཚབ་ནི་སྤྱི་མཐུན་གྱི་སྲིད་དབང་སྒྲིག་གཞི་དེ་ཡིན། སྤྱི་ལོ1912ལོའི་ཟླ1པའི་ཚེས1ཉིན་ཀྲུང་ཧྭ་མི་སེར་རྒྱལ་ཁབ་དབུ་བརྙེས་པ་དང་། སྤྱི་ལོ1949ལོའི་ཟླ10བའི་ཚེས1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དངོས་སུ་དབུ་བརྙེས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国
དབྱིན་ཇིའི་མིང་།
China
བསྡུས་མིང་།
ཧྭ།
གླིང་གང་ལ་གཏོགས་པ།
གླིང་ཆེན་ཨེ་ཤ་ཡ།
རྒྱལ་ས།
པེ་ཅིང་།
སྐད་རིགས།
རྒྱའི་སྤྱི་སྐད།
གྲོང་ཁྱེར་གཙོ་བོ།
པེ་ཅིང་དང་ཧྲང་ཧའེ། ཀོང་ཀྲོའུ། ཞང་ཀང་། ཨའོ་མོན། ཐའེ་བྱང་བཅས་ཡིན།
རྒྱལ་སྟོན་དུས་ཆེན་གྱི་ཉིན་མོ།
ཟླ10བའི་ཚེས1ཉིན།
རྒྱལ་ཁབ་ཀྱི་ཚབ་རྟགས།
chn
སྲིད་དབང་སྒྲིག་གཞི།
མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས།
མི་གྲངས།
དུང་ཕྱུར་བཅུ་གསུམ་དང་བྱེ་བ་དྲུག ས་ཡ་བརྒྱད་ཡོད།(སྤྱི་ལོ2014ལོར)
མི་རིགས་གཙོ་བོ།
མི་རིགས་ལྔ་བཅུ་ང་དྲུག་ཡོད་པ་དང་མི་རིགས་གཙོ་བོ་ནི་རྒྱ་མི་རིགས་ཡིན།
ཆོས་ལུགས་གཙོ་བོ།
ཆོས་ལུགས་དད་མོས་རང་དབང་ཡིན་ལ། མང་ཆེ་བ་ནང་པ་ཡིན།
རྒྱལ་ཁོངས་ཀྱི་གཞི་ཁྱོན།
སྤྱི་ལེ་གྲུ་བཞི་མ་ས་ཡ་དགུ་དང་དྲུག་འབུམ་ལྷག
རྒྱལ་སྤྱིའི་ཁ་པར་ཨང་རྟགས།
+86
བླ་དད།
འབྲུག
རིག་གནས་ཀྱི་རྟགས་མཚན།
ལྕགས་རི་རིང་བོ།
ས་བབ་ཆེས་མཐོ་ས།
ཇོ་མོ་གླང་མའི་རི་རྩེ།
ལོ་རྒྱུས་མི་སྣ།
ཆིན་ཧྲི་ཧོང་། ཁུང་ཙི། ཝུའུ་ཙེ་ཐེན་སོགས།
ཆུ་རྒྱུན་གཙོ་བོ།
རྨ་ཆུ། འབྲི་ཆུ།
ཀྲུང་གོ་པའི་མིང་གཞན།
ཧྭ་ཞ་བུ་རྒྱུད། འབྲུག་གི་མི་རྒྱུད།
1 ​ལོ་རྒྱུས།
1_1 གནའ་རབས་ལོ་རྒྱུས།
1_1_1 གདོད་མའི་སྤྱི་ཚོགས།

ཧ་ལམ་སྤྱི་ལོ་སྔོན་གྱི2070ལོར། ཡུས་ཞེས་པས་རང་རྒྱལ་གྱི་ལོ་རྒྱུས་ཐོག་གི་རྒྱལ་རབས་ཐོག་མ་སྟེ། ཞ་རྒྱལ་རབས་བཙུགས་པ་ཡིས་ཀྲུང་གོར་དུས་སྔ་མའི་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལམ་ལུགས་བྱུང་། དེ་ཡང་ཡུས་ལོ་ན་མཐོ་བའི་སྐབས་སུ། རྒྱལ་བོའི་གོ་གནས་གཞན་ལ་སྤྲོད་པའི་གོམས་སྲོལ་གྱིས་རྒྱལ་རྒྱུད་གཟུང་བའི་མི་འདེམ་སྐོ་བྱ་བ་ཡིན་མོད། འོན་ཀྱང་ཡུས་འདས་པའི་རྗེས་སུ། དེའི་བུ་ཆི་ཞེས་པས་རྒྱལ་བོའི་གོ་གནས་ཕྲོགས་པར་མ་ཟད། རྒྱལ་བོའི་གོ་གནས་ཁོ་རང་གི་བུ་རྒྱུད་ལ་སྤྲད། དེ་བཞིན་ཆབ་སྲིད་དབང་ཆ་དེ་མི་འཇོན་ཐང་ཅན་ལ་སྤྲོད་པ་ནས་རང་གི་བུ་རྒྱུད་ལ་སྤྲོད་པར་བསྒྱུར་བས། ཁྱིམ་རྒྱུད་དང་རུས་རྒྱུད་གཅིག་པའི་ནང་དུ་རྒྱལ་བོའི་གོ་གནས་ནི་གདུང་རབས་ཀྱིས་རྒྱུད་འཛིན་བྱས་ཤིང་། ལམ་ལུགས་དེས་གདོད་མའི་སྤྱི་ཚོགས་དུས་མཇུག་གི་གོ་གནས་གཞན་ལ་སྤྲོད་པའི་ལམ་ལུགས་ཀྱི་ཚབ་བྱས་ཡོད།

1_1_2 བྲན་གཡོག་སྤྱི་ཚོགས།

ཧྲང་རྒྱལ་རབས་བཙུགས་རྗེས། རྒྱལ་སྲིད་སྲས་ཀྱིས་རྒྱུད་འཛིན་བྱ་བ་ཡིན་ལ། སྐབས་རེར་ཕུ་བོ་འདས་ཚེ་ནུ་བོས་གཟུང་བ་ཡིན།

ཞ་དང་ཧྲང་རྒྱལ་རབས་ཀྱི་ཆེས་མཐོའི་དབང་སྒྱུར་མཁན་གྱིས་རང་ཉིད་ཀྱི་དབང་སྒྱུར་གོ་གནས་སྲ་བརྟན་དུ་གཏང་ཆེད། རང་ཉིད་ཀྱི་བྱ་སྤྱོད་ནི་གནམ་གྱི་འདོད་བློ་ཡིན་པར་སྐད་ལ། རྒྱལ་ཁབ་ཀྱི་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་མོ་འདེབས་པྲ་ཕབ་ལ་བརྟེན་ནས་ཐག་གཅོད་བྱ་བ་ཡིན་པས། རྒྱལ་བོའི་དབང་ཆ་ནི་ཧ་ཅང་ལྐོག་གྱུར་ཞིག་ཡིན།

ཞ་དང་ཧྲང་རྒྱལ་རབས་ཀྱི་དུས་སྐབས་སུ། ཀྲུང་དབྱང་ནས་ས་གནས་ཀྱི་བར་དུ་སྲིད་འཛིན་དོ་དམ་ལམ་ལུགས་ཆ་ཚང་ཞིག་བཙུགས་ཤིང་། ཧྲང་རྒྱལ་རབས་ཀྱི་ཀྲུང་དབྱང་དུ་སྲིད་བློན་དང་བློན་པོ། དཔོན་ཕྲན་སོགས་བསྐོས་ནས་སྲིད་དོན་གཉེར་བ་ཡིན་ལ། ས་གནས་སུ་ཧོའུ་རིམ་པ་དང་པོའི་དཔོན་གནས་བསྩལ། དེ་ཡང་ཧོའུ་རིམ་པ་དང་པོ་ནི་བློན་ཆུང་ཡིན་པས། ཧྲང་རྒྱལ་རབས་ཀྱི་ས་གནས་རྒྱལ་ཕྲན་རྒྱལ་བོར་སྲི་ཞུ་བསྒྲུབ་དགོས་པ་དང་། དུས་བཅད་ལྟར་ཧྲང་གི་རྒྱལ་བོར་རྟེན་འབུལ་གཞལ་དགོས་པར་མ་ཟད། རྒྱལ་བོའི་བཀའ་ལྟར་དྲག་འདུལ་ལ་ཞུགས་དགོས།

སྤྱི་ལོ་སྔོན་གྱི1046ལོར། གོང་མ་ཀྲོའུ་ཝུའུ་ཝང་གིས་ཀྲིག་བཏུལ་ཞིང་ཧྲང་བསྣུབས་ནས་ཀྲོའུ་རྒྱལ་རབས་བཙུགས་པ་སྟེ། ལོ་རྒྱུས་སུ་དེ་ལ་ཀྲོའུ་རྒྱལ་རབས་ནུབ་མ་ཟེར་བ་ཡིན་ལ། དབང་སྒྱུར་ནུས་པ་དང་ལྡན་པ་ཞིག་བྱ་བའི་ཆེད་དུ་ཀྲོའུ་རྒྱལ་རབས་ནུབ་མས་ས་བགོ་དབང་སྤྲོད་ལམ་ལུགས་ལག་བསྟར་བྱས་ཤིང་། ཀྲོའུ་ཝུའུ་ཝང་གིས་ཀའོ་ཅིན་དང་ལུའོ་དབྱི། དེ་མིན་མཐའ་འཁོར་གྱི་རྒྱལ་བོས་ཐད་སྐྱོང་ས་ཁུལ་ཕན་ཆད་ཀྱི་ས་ཁུལ་མང་ཆེ་བའི་མི་དམངས་རྣམས་རྒྱལ་རྒྱུད་དང་བློན་པོ་བྱས་རྗེས་ཅན། གནའ་རབས་རྒྱལ་རྒྱུད་ཀྱི་རྗེས་རབས་པ་བཅས་ལ་བསྩལ་ནས། རྒྱལ་བོ་ཚང་གི་མཐའ་བསྐོར་ནས་བསྲུངས་སུ་བཅུག  ཝུའུ་ཝང་འདས་རྗེས། ཁོའི་ནུ་བོ་ཀྲོའུ་ཀུང་ཏན་གྱིས་ས་བགོ་དབང་སྤྲོད་ལམ་ལུགས་བསྟུད་མར་ལག་བསྟར་བྱས་ནས་ཀྲོའུ་རྒྱལ་རབས་ཀྱི་དབང་ཡུལ་རྒྱ་བསྐྱེད། ཡང་ཀྲོའུ་རྒྱལ་རབས་ཀྱི་དུས་འགོར་ས་བགོ་དབང་སྤྲོད་བྱས་པའི་རྒྱལ་ཕྲན་རྒྱལ་བོ་མང་ཆེ་བ་ནི་རིགས་མཐུན་སྤུན་ཟླ་ཡིན་ཞིང་། ཁོ་ཚོ་མང་ཆེ་བར་ས་ཆ་གལ་ཆེན་ཁག་ས་བགོ་དབང་སྤྲོད་བྱས་ཡོད།

ས་བགོ་དབང་སྤྲོད་ལམ་ལུགས་སུ། རྒྱལ་ཕྲན་རྒྱལ་བོས་ངེས་པར་དུ་གནམ་སྲས་ཀྲོའུ་ཐེན་ཙིའི་བཀའ་བརྩི་དགོས་ཤིང་། རྒྱལ་ཕྲན་རྒྱལ་བོ་གནམ་སྲས་ཀྲོའུ་ཐེན་ཙིའི་ཆེད་དུ་མངའ་ཁོངས་བསྲུང་བ་དང་། ཁོའི་རྗེས་སུ་འབྲངས་ནས་དམག་འཁྲུག་རྒྱག་པ་དང་རྟེན་འབུལ་དཔྱ་ཁྲལ་གཞལ་བ། ཕོ་བྲང་དུ་སོང་ནས་ལས་འགན་སྒྲུབ་ཚུལ་ཡར་ཞུ་བྱ་བ་བཅས་ཀྱི་འོས་འགན་ཡོད་ལ། དེ་དང་ཆབས་ཅིག་ཏུ། རྒྱལ་ཕྲན་རྒྱལ་བོས་རང་ཉིད་ཀྱི་མངའ་ཁོངས་ནས་ཀྱང་ཆིང་ཏ་ཧྥུ་ལ་ས་བགོ་དབང་སྤྲོད་བྱ་དགོས་ཤིང་། ཆིང་ཏ་ཧྥུས་ཀྱང་ས་ཞིང་དང་མི་དམངས་དཔོན་ཆུང་ཧྲི་ལ་བསྩལ་ཆོག  ཆིང་ཏ་ཧྥུ་དང་ཧྲི་ལའང་གོང་རིམ་གྱི་ཆེད་དུ་དམག་འཁྲུག་ལ་ཞུགས་པའི་འོས་འགན་ཡོད་པ་གཏན་ལ་ཕབ། དེ་ལྟར་རིམ་པ་བཞིན་ས་བགོ་དབང་སྤྲོད་བྱས་ནས་དབང་སྒྱུར་གྲལ་རིམ་སྐུ་དྲག་ནང་ཁུལ་དུ་གོང་མ་དང་རྒྱལ་ཕྲན་རྒྱལ་བོ། ཆིང་ཏ་ཧྥུ། ཧྲི་བཅས་ཀྱི་ལམ་ལུགས་དེ་ཆགས།

ཀྲོའུ་རྒྱལ་རབས་ནུབ་མས་ས་བགོ་དབང་སྤྲོད་ལམ་ལུགས་བརྒྱུད་ནས་གནམ་སྲས་ཀྲོའུ་ཐེན་ཙིས་ས་གནས་ལ་དབང་སྒྱུར་བྱ་བར་ཤུགས་བསྣན་ཞིང་། ཀྲོའུ་རྒྱལ་རབས་ནུབ་མའི་མཐའ་འཁོར་ས་ཁུལ་གསར་སྤེལ་བྱས་ཏེ་དབང་སྒྱུར་མངའ་ཁོངས་རྒྱ་བསྐྱེད་པས། ཀྲོའུ་རྒྱལ་རབས་ནུབ་མ་དེ་ལོ་ངོ་བརྒྱ་ཕྲག་འགའི་རིང་ལ་རྒྱལ་ཁབ་སྟོབས་ལྡན་དུ་གནས་པ་ཡིན།

ས་བགོ་དབང་སྤྲོད་ལམ་ལུགས་ཀྱི་དབང་གིས། གོང་མ་ཀྲོའུ་ཐེན་ཙི་ལ་དབང་གྲགས་བླ་ན་མེད་པ་ལྡན་ཞིང་། རྒྱལ་ཁབ་ཀྱི་སྲིད་དབང་ཡང་རིམ་བཞིན་ལྷོད་པ་ནས་དམ་པོར་གྱུར་མོད། འོན་ཀྱང་ས་བགོ་དབང་སྤྲོད་ཐོབ་པའི་རྒྱལ་ཕྲན་རྒྱལ་བོ་རྣམས་ལ་རང་གི་བགོ་སྐལ་གྱི་ས་ཐོག་ཏུ་སྒེར་སྡོམ་དང་ལོངས་སྤྱོད་ཀྱི་དབང་ཆ་ཆེན་པོ་མངའ་བ་སྟེ། དཔེར་ན། དཔོན་གནས་བསྐོ་བཞག་དང་དྲག་དཔུང་གཟུགས་པ། དཔྱ་ཁྲལ་བསྡུ་བ་སོགས་ལྟ་བུ། དེ་ཡང་རྒྱལ་ཕྲན་རྒྱལ་བོའི་སྟོབས་ཤུགས་ཉིན་རེ་བཞིན་ཇེ་ཆེར་གྱུར་བ་དང་བསྟུན་ནས། ཀྲོའུ་རྒྱལ་རབས་ནུབ་མའི་དུས་མཇུག་ཏུ་བསླེབས་པ་ན། རྒྱལ་བོའི་དབང་ཆ་ཉམས་རྒུད་དུ་གྱུར་ནས་ས་བགོ་དབང་སྤྲོད་ལམ་ལུགས་མེད་པར་གྱུར།

ཀྲོའུ་ནུབ་མའི་མཇུག་ཏུ། རྒྱལ་སྲིད་ཉམས་དམས་སུ་གྱུར་བ་དང་། ནུབ་ཕྱོགས་གྲངས་ཉུང་མི་རིགས་ཀྱིས་བཙན་འཛུལ་བྱས་ཏེ་ཀྲོའུ་ཡིའུ་ཝང་བསད་ཅིང་ཀྲོའུ་ནུབ་མ་བསྣུབས། དེའི་རྗེས་སུ། སྤྱི་ལོ་སྔོན་གྱི770ལོར། ཀྲོའུ་ཕང་ཝང་ཤར་ཕྱོགས་ཀྱི་ལུའོ་དབྱི་ས་ཆར་གནས་སྤོས་ལ། ལོ་རྒྱུས་སུ་དེ་ལ་ཀྲོའུ་ཤར་མ་ཟེར།

ཁྲུན་ཆིའུ་ཡི་དུས་སྐབས་སུ། གནམ་སྲས་ཀྲོའུ་ཐེན་ཙིའི་དབང་ཆ་གཞན་ལ་ཤོར་བས། རྒྱལ་སའི་ཉེ་འཁོར་གྱི་ས་ཁུལ་མ་གཏོགས་དབང་སྒྱུར་བྱ་མི་ནུས་པར་གྱུར་ནས། ས་བགོ་དབང་སྤྲོད་ལམ་ལུགས་སོགས་ལ་གཏོར་རླག་ཐེབས་པས། རྒྱལ་ཕྲན་གྱི་རྒྱལ་བོ་དག་གིས་གནམ་སྲས་ཀྲོའུ་ཐེན་ཙི་ཡི་བཀའ་མི་བརྩི་ལ། རྒྱལ་ཕྲན་རྒྱལ་བོ་སོ་སོས་ས་ཞིང་དང་མི་དམངས་དབང་དུ་བསྡུ་ཕྱིར་ཕན་ཚུན་བར་དམག་འཁྲུག་བྱུང་།

ཀྲན་གོ་ཡི་དུས་སྐབས་སུ། སྟོབས་འབྱོར་རྒྱས་པའི་རྒྱལ་ཕྲན་རྒྱལ་བོ་ཁ་ཤས་ཤིག་ནི་རང་ལ་བསྩལ་བའི་ཆོ་ལོར་ཡིད་མ་ཚིམས་པས། རང་སྣང་གང་ཤར་སྒོས་རང་གི་ཆོ་ལོ་གང་དེ་རྒྱལ་བོའི་ཆོ་ལོར་བསྒྱུར་ཞིང་། རྒྱལ་ཕྲན་རྒྱལ་བོ་ཁ་ཤས་ཀྱིས་རྒྱལ་ཕྱུག་དམག་ཧྲག་ཏུ་གཏང་ཆེད། རྒྱལ་ཕྲན་རང་གི་ཆབ་སྲིད་དང་དམག་དོན་སོགས་ཀྱི་ཐད་ནས་ལུགས་སྒྱུར་བྱ་འགོ་བརྩམས་ཤིང་། དམག་འཁྲུག་གི་སྒོ་ནས་གནམ་འོག་གཅིག་གྱུར་བྱ་རྩིས་བྱས།

1_1_3 བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས།

ཧྲང་དབྱང་ལུགས་སྒྱུར་བརྒྱུད་རྗེས། ཆིན་རྒྱལ་རབས་གྱི་ཆབ་སྲིད་དང་དམག་དོན། དཔལ་འབྱོར་བཅས་ཀྱི་སྟོབས་ཤུགས་ཉིན་རེ་བཞིན་ཇེ་ཆེར་གྱུར་ནས། སྔ་ཕྱིར་ཧན་དང་ཀྲའོ། ཝེ། ཁྲུའུ། ཡན། ཆི་བཅས་རྒྱལ་ཕྲན་དྲུག་བསྣུབས་ཤིང་། སྤྱི་ལོ་སྔོན་གྱི221ལོར། ཆིན་རྒྱལ་ཡིང་ཀྲེང་གིས་དུས་ཡུན་རིང་བོར་རྒྱལ་ཕྲན་རྒྱལ་བོས་ཡུལ་གྲུ་བཅད་བཟུང་གི་རྣམ་པ་དེ་མཇུག་བསྒྲིལ་ནས། ཀྲུང་གོའི་ལོ་རྒྱུས་སྟེང་ཐོག་དང་པོར་ཀྲུང་དབྱང་གིས་དབང་ཆ་གཅིག་སྡུད་བྱ་བའི་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་རབས་ཏེ། ཆིན་རྒྱལ་རབས་དངོས་སུ་བཙུགས་ཤིང་། ཞན་དབྱང་གྲོང་ཁྱེར་རྒྱལ་སར་གཏན་ཁེལ་བྱས།

གནམ་འོག་གཅིག་གྱུར་བྱས་པའི་རྗེས་སུ། ཆིན་གྱི་གོང་མ་ཡུང་ཀྲེང་གིས་རང་ཉིད་ནི་སྤྱོད་པ་ཧོང་གསུམ་ལས་བཟང་ཞིང་། ཕྱག་རྗེས་ཏི་ལྔ་ལས་བརྒལ་བས། རྒྱལ་བོ་ཞེས་པའི་མཚན་སྙན་ཙམ་གྱིས་རང་ཉིད་ཀྱི་དབང་ཤུགས་མཚོན་མི་ནུས་པར་སྙམ་སྟབས། ཁོས་ཧོང་གསུམ་དང་ཏི་ལྔའི་མིང་ཧོང་ཏི་ཞེས་པར་བསྡུས་ཏེ། རང་ཉིད་ཀྱི་མིང་གི་ཞེ་སར་གཏན་ཁེལ་བྱས་ལ། རང་ཉིད་གོང་མ་ཐོག་མ་ཡིན་པར་བརྗོད་པ་དང་། རང་ཉིད་ནས་བཟུང་ཕ་ཚ་བུ་རྒྱུད་ཀྱིས་གདུང་རབས་བསྐྱངས་ནས། དུས་གཏན་དུ་སྲིད་བསྐྱང་བའི་རེ་བ་བཅངས་པས། སྐབས་དེ་ནས་བཟུང་། ཧོང་ཏི་ནི་ཀྲུང་གོའི་གནའ་རབས་ཀྱི་ཆེས་མཐོའི་དབང་སྒྱུར་མཁན་གྱི་མིང་དུ་གྱུར་ནས། བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་རབས་རིམ་བྱུང་གིས་མུ་མཐུད་དུ་བེད་སྤྱད་པ་རེད།  དེ་ཡང་ཆིན་རྒྱལ་རབས་ཀྱི་སྐབས་སུ་ཀྲུང་དབྱང་གི་དབང་ཆ་གཅིག་སྡུད་ལམ་ལུགས་དེས། ཀྲུང་གོའི་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་ཆབ་སྲིད་ལམ་ལུགས་ཀྱི་གཞི་རྩའི་སྒྲིག་སྲོལ་ལ་རྨང་གཞི་བཏིངས་ཤིང་། རྒྱལ་རབས་རིམ་བྱོན་གྱིས་དེ་ལག་བསྟར་བྱས་པར་མ་ཟད། མུ་མཐུད་དུ་སྲ་བརྟན་དང་འཐུས་ཚང་དུ་བཏང་།

ཧན་དང་ཡོན་རྒྱལ་རབས་ཀྱི་སྐབས་སུ། ཀྲུང་དབྱང་གི་གཅིག་སྡུད་དབང་ཆ་དང་ས་གནས་ཀྱི་དབང་ཆ་བགོ་བའི་བར་གྱི་འགལ་བ་དེ་རེ་དྲག་རེ་འཇགས་ཡིན་པས། ཆབ་སྲིད་ལམ་ལུགས་རིམ་འགྱུར་བྱུང་བར་ཤུགས་རྐྱེན་ངེས་ཅན་ཐེབས།

ཐང་རྒྱལ་རབས་ཀྱི་དུས་སྐབས་སུ། གོང་མའི་སྲིད་གཞུང་གིས་ས་གནས་ཁག་ཏུ་མཐའ་སྲུང་སྤྱི་དཔོན་ཟེར་བ་ཞིག་མངགས་ཡོད་ནའང་། དོན་དངོས་སུ་ཆབ་སྲིད་ཐད་རང་ཚུགས་ཀྱི་དབང་ཆ་ཅུང་ཆེན་པོ་ལོངས་སུ་སྤྱད་ཆོག་པ་དང་། དཔལ་འབྱོར་ཐད་རྒྱུ་ནོར་གྱི་དབང་ཆ་བཟུང་ཡོད་ལ། དམག་དོན་ཐད་དམག་དཔུང་གོ་ཧྲག་མཆིས་པས། མངའ་ཁོངས་བཅད་བཟུང་བྱ་བའི་སྟོབས་ཤུགས་སུ་གྱུར་ཞིང་། ཐང་རྒྱལ་རབས་དུས་དཀྱིལ་ཀྱི་ཨན་ཧྲི་ཟིང་འཁྲུག་གི་རྗེས་སུ་གྲུབ་པའི་མཐའ་སྲུང་སྤྱི་དཔོན་གྱིས་མངའ་ཁོངས་བཅད་བཟུང་གི་རྣམ་པ་དེ་ལོ་ངོ་བརྒྱ་ལྷག་གི་རིང་ལ་རྒྱུན་བསྐྱངས་ནས། ཀྲུང་དབྱང་གི་གཅིག་སྡུད་དབང་ཆ་ཉམས་དམས་སུ་བཏང་།

སུང་བྱང་མའི་དུས་འགོར། གོང་མ་སུང་ཐའེ་ཙུའུ་ཡིས་ཀྲུང་དབྱང་གི་གཅིག་སྡུད་དབང་ཆར་ཤུགས་སྣོན་བྱ་བའི་ཆེད་དུ། དམག་དཔོན་གཙོ་བོའི་དམག་དབང་དེ་ཀྲུང་དབྱང་དུ་ཕྱིར་བསྡུས་ཤིང་། ས་གནས་ཀྱི་དམག་དཔུང་གོ་ཧྲག་ཀྱང་སྐོང་འཐེན་བྱས་ཏེ། ཀྲུང་དབྱང་གི་གོང་མའི་སྲུང་དམག་ཏུ་ཁ་སྣོན་བྱས། སྲིད་འཛིན་ཐད་ཀྲུང་དབྱང་གིས་ཞི་དཔོན་མངགས་ཏེ་ས་གནས་ཀྱི་དཔོན་གནས་ཀྱི་དཔོན་གནས་ཁུར་བ་དང་ཆབས་ཅིག་ཏུ་ཡུལ་དཔོན་རམ་འདེགས་པ་བསྐོ་བཞག་བྱས་ནས་ལྟ་སྐུལ་བྱས་ཤིང་། ནོར་སྲིད་ཐད་ས་གནས་ཀྱི་དཔྱ་ཁྲལ་ལས་ཉུང་ཤས་ཙམ་ས་གནས་དེ་གའི་འགྲོ་གྲོན་ཏུ་བཀོལ་ཞིང་། ལྷག་མ་ཐམས་ཅད་ཀྲུང་དབྱང་ལ་སྤྲད་དགོས་ལ། བྱེད་ཐབས་དེ་དག་ལག་བསྟར་བྱས་པས། ཐང་རྒྱལ་རབས་དུས་མཇུག་གི་དུས་རབས5བ་ནས་བཟུང་མཐའ་སྲུང་སྤྱི་དཔོན་གྱིས་མངའ་ཁོངས་བཅད་བཟུང་བྱ་བའི་རྣམ་པ་བསྒྱུར་ནས། ཀྲུང་དབྱང་གི་གཅིག་སྡུད་དབང་ཆར་ཤུགས་བསྣན།

ཝེ་ཅིན་ལྷོ་བྱང་རྒྱལ་རབས་ཀྱི་དུས་སྐབས་སུ། དབང་ཆ་ངོ་མ་འཛིན་མཁན་ཐོག་མ་ནི་བཀའ་སྲིད་ཕྱག་བསྟར་ཁག་ཡིན་ལ། དེར་མཐུད་ནས་བཀའ་སྲིད་སྒྲོག་སྤེལ་ཁག་དང་བཀའ་སྲིད་ཞིབ་བཤེར་ཁག་བྱུང་ནས། རིམ་གྱིས་ཁག་གསུམ་གྱི་སྒྲིག་སྲོལ་ཆགས་ཤིང་། ཐང་རྒྱལ་རབས་སྐབས་ཀྱི་ཀྲུང་དབྱང་གི་ཁག་གསུམ་སྟེ། བཀའ་སྲིད་ཕྱག་བསྟར་ཁག་དང་། བཀའ་སྲིད་སྒྲོག་སྤེལ་ཁག བཀའ་སྲིད་ཞིབ་བཤེར་ཁག་བཅས་སོ་སོས་ཇུས་ཐག་གཅོད་པ་དང་ཞིབ་བཤེར། ཕྱག་བསྟར་བཅས་ཀྱི་འགན་ཁུར་ཡོད། ཁག་གསུམ་གྱི་འགོ་དཔོན་ཚང་མ་བློན་ཆེན་ཡིན་པས། བློན་དབང་བཀྲམ་ཡོད་པ་རེད། ཁག་གསུམ་གྱིས་ཕན་ཚུན་ལ་ཚོད་འཛིན་དང་ལྟ་སྐུལ་བྱ་དགོས་ཕྱིར། བློན་པོའི་དབང་ཆ་ཇེ་ཆུང་དུ་བཏང་སྟེ་གོང་མའི་དབང་ཆ་ཁོ་ནར་བཀུར་བར་ཁག་ཐེག་བྱས།

སུའེ་ཐང་རྒྱལ་རབས་ཀྱི་སྐབས་སུ་བཀའ་སྲིད་ཕྱག་བསྟར་ཁག་གི་འོག་ཏུ་བློན་སྡེ་དང་མཛོད་སྡེ། ལུགས་སྡེ། དམག་སྡེ། ཁྲིམས་སྡེ། བཟོ་སྡེ་བཅས་སྡེ་དྲུག་བཙུགས་ནས། ཁག་གསུམ་སྡེ་དྲུག་གི་དོ་དམ་སྒྲིག་གཞི་གཏན་ཁེལ་དང་འཐུས་ཚང་དུ་བཏང་། ཁག་གསུམ་དང་སྡེ་དྲུག་གི་ལམ་ལུགས་ནི་ཀྲུང་གོའི་གནའ་རབས་ཀྱི་ཆབ་སྲིད་ལམ་ལུགས་ཐད་ཀྱི་གསར་གཏོད་གལ་ཆེན་ཞིག་ཡིན་པ་དང་། དེ་ནས་བཟུང་རྒྱལ་རབས་རིམ་བྱོན་གྱིས་ཕལ་ཆེར་སྔར་སྲོལ་རྒྱུན་འཛིན་བྱས།

མིང་རྒྱལ་རབས་ཀྱི་དུས་འགོར་ཡོན་རྒྱལ་རབས་ཀྱི་ལམ་ལུགས་སྔར་སྲོལ་བཞིན་རྒྱུན་འཛིན་བྱས་ཏེ། ཀྲུང་དབྱང་དུ་བཀའ་སྲིད་སྒྲོག་སྤེལ་ཁག་བཙུགས་ཤིང་། གཡས་གཡོན་ཕྱིང་སང་བློན་ཆེན་གྱི་ཁོངས་གཏོགས་སྡེ་དྲུག་གིས་རྒྱལ་ཡོངས་ཀྱི་སྲིད་འཛིན་ལས་དོན་ལ་དོ་དམ་བྱེད་བཞིན་ཡོད་ཅིང་། ཡོན་རྒྱལ་རབས་ཀྱི་ཕྱིང་སང་བློན་ཆེན་གྱི་དབང་ཤུགས་ཆེ་དྲགས་པས། གོང་མའི་དབང་ཆ་གཏན་འཇགས་མིན་ཞིང་། ནང་འཁྲུག་མང་བོ་བྱུང་བར་གཞིགས་ནས། མིང་ཐའེ་ཙུའུ་ཀྲུའུ་ཡོན་ཀྲང་གིས་ཕྱིང་སང་བློན་ཆེན་བཀོལ་སྤྱོད་བྱ་བར་ཐོག་མ་ནས་དོགས་ཟོན་བྱས་ལ། ཁོའི་བསམ་པར། ལམ་ལུགས་དེས་གོང་མའི་དབང་ཆ་གཅིག་སྡུད་བྱ་བར་བར་ཆད་བྱུང་ནས་སྤྱི་ཚོགས་ལ་ཟིང་ཆ་བཟོ་སྲིད་པར་སྙམ། སྤྱི་ལོ1380ལོར། མིང་ཐའེ་ཙུའུ་ཀྲུའུ་ཡོན་ཀྲང་གིས་ངོ་ལོག་ཇུས་འགོད་ཀྱི་ནག་ཉེས་ལ་ཁ་གཡར་ནས་ཧུའུ་ཝེ་ཡུང་བསད་པ་དང་། དུས་མཚུངས་སུ་བཀའ་སྲིད་སྒྲོག་སྤེལ་ཁག་དང་བློན་ཆེན་ཁུ་བསྡུ་བྱས་ཏེ། སྡེ་དྲུག་གིས་རྒྱལ་ཡོངས་ཀྱི་སྲིད་དོན་སོ་སོར་གཉེར་ནས། ཐད་ཀར་གོང་མར་འགན་འཁུར་དགོས་པ་དང་། ད་དུང་རྗེས་སུ་བློན་ཆེན་བསྐོ་བཞག་བྱ་མི་ཆོག་པའི་བཀའ་ཕབ།

ཆིང་རྒྱལ་རབས་ཀྱི་དུས་འགོར། མིང་རྒྱལ་རབས་ཀྱི་ལམ་ལུགས་ལ་ལད་ཟློས་བྱས་ཏེ་རྒྱལ་སྲིད་ལས་ཁུངས་དང་སྡེ་དྲུག་བཙུགས་ཤིང་། རྒྱལ་སྲིད་ལས་ཁུངས་ཀྱིས་ཞུ་ཡིག་ལ་ཆོག་མཆན་དགོད་པའི་འགན་ཁུར་མོད། འོན་ཀྱང་དམག་རྒྱལ་གསང་དོན་ནི་མཉྫུའི་སྐུ་དྲག་གིས་གྲུབ་པའི་སྲིད་གྲོས་ཝང་གི་བློན་ཆེན་གྲོས་ཚོགས་ཀྱིས་ཐག་གཅོད་བྱ་་བ་ཡིན་ལ། སྲིད་གྲོས་ཝང་གི་བློན་ཆེན་གྱིས་ཐག་བཅད་པའི་དོན་དེ་གོང་མས་ཀྱང་བསྒྱུར་དཀའ་བས། གོང་མའི་དབང་ཆར་ཚོད་འཛིན་ཐེབས།

གོང་མ་ཁང་ཞིས་རྒྱལ་སྲིད་དངོས་སུ་བསྐྱངས་རྗེས། གོང་མའི་དབང་ཆ་ཇེ་ཆེར་གཏང་བའི་ཆེད་དུ། ཕོ་བྲང་ནང་དུ་སྤྱན་འབེབས་ཞུ་གྲྭ་བཙུགས་ཤིང་། གོང་མའི་ཡིག་གྲྭའི་བློན་ཆེན་བདམས་ནས་བཅའ་སྡོད་བྱས། བཅའ་སྡོད་བྱ་བའི་གོང་མའི་ཡིག་གྲྭའི་བློན་ཆེན་ནི་མིང་ཐོག་ནས་གོང་མ་དང་ལྷན་དུ་དཔེ་ཀློག་དང་ཡི་གེ་འབྲི་བ། སྙན་ངག་འབྲི་བ། རི་མོ་འབྲི་བ་བཅས་ཀྱི་ལས་གཉེར་བ་ཡིན་མོད། དོན་དངོས་སུ་གསང་དོན་གལ་ཆེན་ཐག་གཅད་པར་ཞུགས་པ་དང་། གོང་མའི་ཚབ་བྱས་ནས་བཀའ་ཤོག་འབྲི་བཞིན་ཡོད། ལྟེ་གནས་ལས་ཁུངས་གཅིག་ཁག་གསུམ་དུ་བགོས་པ་སྟེ། རྒྱལ་སྲིད་ལས་ཁུངས་དང་། སྲིད་གྲོས་ཝང་གི་བློན་ཆེན་གྲོས་ཚོགས། སྤྱན་འབེབས་ཞུ་གྲྭ་བཅས་ཕྱོགས་གསུམ་གྱི་དབང་ཆ་བཅད་བཟུང་བྱས་པའི་གནས་སུ་གྱུར་ནས། ཕན་ཚུན་བར་ཚོད་འཛིན་བྱ་ལ། མཇུག་མཐར་དབང་ཆ་ཡོད་ཚད་གོང་མས་གཅིག་སྡུད་བྱ་བ་རེད།

གོང་མ་གཡང་ཊིང་གིས་ཀྱང་ནུབ་བྱང་གི་དམག་དོན་བསྒྲུབ་པའི་ཆེད་དུ། ཕོ་བྲང་ནང་ནས་དམག་སྲིད་གསང་དོན་ཁང་བཙུགས། ལས་ཁུངས་དེ་སྟབས་བདེ་ཡིན་ལ་དཔོན་ཐོབ་ཡོད་ཀྱང་དབང་ཆ་མེད་པ་དང་། གཞུང་སྒྲུབ་ཁང་ལ་ལས་རེས་ཁང་མིག་འགའ་མ་གཏོགས་མེད། ཡང་དམག་སྲིད་གསང་དོན་ཁང་གི་བློན་ཆེན་གྱི་གོ་གནས་མཐོ་རྒྱུ་མེད་མོད། འོན་ཀྱང་ཚང་མ་གོང་མས་གཏན་འབེབས་བྱས་པ་ཡིན་ལ། ཁོ་ཚོས་ཉིན་རེ་བཞིན་གོང་མའི་མཇལ་ཁ་དང་ལེན་བྱས་ནས། པུས་མོ་སར་བཙུགས་ནས་ཟིན་ཐོ་དགོད་དགོས་པ་དང་། དམག་རྒྱལ་དོན་ཆེན་ཡོད་ཚད་གོང་མ་གཅིག་པུས་ཁྲུན་ཐག་གཅད་པ་ཡིན་ཞིང་། དམག་སྲིད་གསང་དོན་ཁང་གི་བློན་པོས་གོང་མའི་དགོངས་གཞི་ལྟར་བཀའ་ཤོག་རིགས་སྣ་ཚོགས་བྲིས་ཏེ་གོང་མས་ཆོག་མཆན་བཀོད་རྗེས། ཀྲུང་དབྱང་གི་སྡེ་ཁག་སོ་སོ་དང་ས་གནས་ཀྱི་དཔོན་པོར་སྤྲད་དེ་ལག་བསྟར་བྱ་བ་ཡིན། དེ་ལྟར་ཡིན་ན་དམག་སྲིད་གསང་དོན་བྱ་ཐུབ་ལ། ད་དུང་རྒྱལ་ཡོངས་ཀྱི་དམག་སྲིད་དབང་ཆ་ཆེན་པོ་དེ་གོང་མས་ཡོངས་སུ་གཅིག་སྡུད་བྱས་ཤིང་། རྒྱལ་བོས་སྲིད་དབང་སྒེར་གཅོད་བྱ་བར་ཤུགས་བསྣན་ཏེ། ཀྲུང་དབྱང་གི་གཅིག་སྡུད་དབང་ཆ་སྔར་ལས་སྲ་བརྟན་དུ་བཏང་།

1_2 ཉེ་རབས་ལོ་རྒྱུས།
1_2_1 ཉལ་ཐའི་དམག་འཁྲུག

སྤྱི་ལོ1840ལོར། དབྱིན་ཇིའི་དམག་གྲུ་རུ་ཁག་གིས་ཀོང་ཏུང་མཚོ་ངོས་སུ་བཙན་འཛུལ་བྱས་ནས་འཁྲུག་རྐྱེན་བཟོས་པས་ཉལ་ཐའི་དམག་འཁྲུག་བསླངས་ཤིང་། ཀོང་ཏུང་གི་འགོག་སྲུང་ནན་མོ་ཡིན་པས། དབྱིན་དམག་གིས་གླགས་རྙེད་དཀའ་བར་གྱུར་ནས། མཚོ་རྒྱུད་དེད་ནས་བྱང་ཕྱོགས་སུ་བསྐྱོད་དེ་ཞ་མོན་ལ་དཔུང་འཇུག་བྱས་ལ།  ཞ་མོན་སྲུང་དམག་གིས་དཔའ་མཛངས་རྟུལ་ཕོད་ཀྱི་སྒོ་ནས་རྒོལ་ལན་སྤྲད་ནས་དབྱིན་དམག་ཕྱིར་བསྐྲད་མོད། དབྱིན་དམག་མུ་མཐུད་དུ་བྱང་ཕྱོགས་སུ་བསྐྱོད་དེ། རེ་ཞིག་ལ་ཀྲེ་ཅང་གི་ཏེང་ཧའེ་བཙན་བཟུང་བྱས་ཤིང་། མཇུག་མཐར་ཐེན་ཅིན་གྱི་པའེ་ཧོ་ཆུ་མདོར་བསླེབས་ནས་པེ་ཅིང་ལ་འཇིགས་སྣང་བསྐུལ་བ་ཡིས། ཆིང་སྲིད་གཞུང་དངངས་སྐྲག་ཆེན་པོ་སྐྱེས་ནས་དབྱིན་དམག་དང་གྲོས་མོལ་བྱས་ཤིང་། དབྱིན་དམག་ཀོང་ཏུང་ལ་ཕྱིར་འཐེན་བྱས་ན་ལིན་ཙེ་ཞུས་ལ་ཉེས་ཆད་གཅད་རྒྱུའི་ཚུལ་བསྟན། དེ་བས་དབྱིན་དམག་ལྷོ་ཕྱོགས་ཀྱི་ཀོང་ཏུང་དུ་བསྐྱོད། གཞན་གོང་མ་ཏའོ་ཀོང་གིས་ལིན་ཙེ་ཞུས་སོགས་གནས་དབྱུང་ཞིབ་གཅོད་བྱས་ཏེ། ཆི་ཧྲན་ཨམ་བན་ཆེན་མོར་བསྐོས་ནས་ཀོང་ཏུང་དུ་དབྱིན་ཇི་དང་འདུམ་འགྲིག་བྱ་བར་ཆས། སྤྱི་ལོ1842ལོའི་ཟླ8པར། དབྱིན་ཇིའི་མཚོ་དམག་གི་དམག་གྲུ་རུ་ཁག་ནན་ཅིན་གྱི་འགག་ཞོལ་མའི་གཙང་བོའི་ངོས་སུ་བསྐྱོད་དེ། མེ་སྒྱོགས་བཙུགས་ནས་གྲོང་ཁྱེར་ལ་དཔུང་འཇུག་བྱ་རྒྱུའི་འུད་གཏམ་བསྒྲགས་པས། ཆིང་སྲིད་གཞུང་གིས་མགོ་སྒུར་ནས་འདུམ་འགྲིག་མི་བྱ་ཐབས་མེད་བྱུང་།

ཉལ་ཐའི་དམག་འཁྲུག་གིས་ཀྲུང་གོར་བརྙས་བཅོས་དང་གནོད་འཚེ་ཚབས་ཆེན་བཟོས་ཤིང་། དེ་ནས་བཟུང་། ཀྲུང་གོའི་སྒོ་མོ་དེ་འུ་ཐུག་གིས་དབྱེ་དགོས་བྱུང་ཞིང་། ཕྱི་ཕྱོགས་ཀྱི་གནོད་འཚེ་གཅིག་རྗེས་གཉིས་མཐུད་དུ་བྱུང་ནས། བདག་དབང་དང་མངའ་ཁོངས་ལ་བཙན་འཛུལ་ཐེབས་པས། ཀྲུང་གོ་ནི་རང་བཙན་རང་བདག་གི་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་ཁབ་ཅིག་ནས་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་རྒྱལ་ཁབ་ཏུ་གྱུར།

སྤྱི་ལོ1856ལོར། དབྱིན་དམག་གིས་ཀོང་ཀྲོའུ་ལ་དཔུང་འཇུག་བྱས་ནས། ཉལ་ཐའི་དམག་འཁྲུག་ཐེངས་གཉིས་པ་བསླངས་པའི་རྗེས་སུ། ཧྥ་རན་སེ་ཡང་ཀྲུང་གོ་བཙན་འཛུལ་གྱི་དམག་འཁྲུག་ཏུ་ཞུགས་ཏེ། དབྱིན་ཧྥ་མཉམ་འབྲེལ་དམག་གིས་ཀོང་ཀྲོའུ་བླངས་ཤིང་། དེར་མཐུད་ནས་བྱང་ཕྱོགས་སུ་བསྐྱོད་དེ་ཐེན་ཅིན་དུ་བཅར། ཡང་སྤྱི་ལོ1858ལོར། དབྱིན་ཧྥ་རྒྱལ་ཁབ་གཉིས་ལ་ཆིངས་ཡིག་བཞག་པས། ཀྲུང་གོའི་མངའ་ཁོངས་ཀྱི་ས་རྒྱ་ཆེན་པོ་ཕྱི་ལ་ཤོར་བ་དང་། བདག་དབང་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཤིང་། དེ་ནས་བཟུང་སྟོབས་ལྡན་རྒྱལ་ཁབ་དག་གིས་ཆིང་སྲིད་གཞུང་དབང་འོག་ཏུ་བསྡུས་ཏེ། རྒྱལ་ཁབ་ཕྱི་ནང་གི་ལོག་སྤྱོད་སྟོབས་ཤུགས་དག་ལ་ངན་འབྲེལ་བྱས་ནས། མཉམ་གཅིག་ཏུ་ཀྲུང་གོ་མི་དམངས་ཀྱི་འགོག་རྒོལ་ལ་དྲག་གནོན་བྱས་པས། ཀྲུང་གོ་ནི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་དུ་གྱུར་བ་ཚབས་ཇེ་ཆེར་སོང་།

1_2_2 ཞི་བདེ་གནམ་རྒྱལ་ལས་འགུལ།

སྤྱི་ལོ1851ལོའི་ཟླ1པོར། ཧུང་ཞིའུ་ཆོན་གྱིས་གནམ་བདག་ལ་བཀུར་བའི་ཆོས་དད་མང་ཚོགས་བསྡུས་ནས། ཀོང་ཞི་ཞིང་ཆེན་ཀུའེ་ཕིང་རྫོང་ཅིན་ཐེན་གྲོང་གསེབ་ཏུ་འོས་ལངས་བྱས་ཤིང་། མིང་ལ་ཞི་བདེ་རྣམ་རྒྱལ་ཞེས་བཏགས་པ་དང་། འོས་ལངས་དམག་ལ་ཞི་བདེ་དམག་ཞེས་ཟེར་ལ། མི་རིང་བར་ཧུང་ཞིའུ་ཆོན་ལ་གནམ་གྱི་རྒྱལ་བོ་ཞེས་ཐོགས། དེ་ཡང་ཁོས་ཞི་བདེ་དམག་ལ་བཀོད་འདོམས་བྱས་ཤིང་། ཞི་བདེ་དམག་གི་སྒྲིག་གཞི་ལེགས་བཅོས་བྱས་པ་དང་། རྒྱལ་ཕྲན་རྣམས་ལ་བགོ་སྐལ་སྤྲད་དེ་ཐོག་མའི་སྲིད་དབང་བཙུགས།   

སྤྱི་ལོ1852ལོའི་དཔྱིད་ཀར། ཞི་བདེ་དམག་གིས་ཡུང་ཨན་ནས་དཔུང་གཏོར་ལམ་གཤགས་ཀྱིས་བྱང་ཕྱོགས་སུ་བསྐྱོད་ད་འཐབ་རིམ་རེ་རེ་ལས་རྣམ་པར་རྒྱལ། ཡང་སྤྱི་ལོ1853ལོར། ཞི་བདེ་དམག་གིས་ནན་ཅིན་བླངས་ཤིང་། ནན་ཅིན་གྱི་མིང་ཐེན་ཅིན་དུ་བསྒྱུར་ནས་རྒྱལ་སར་གཏན་ཁེལ་བྱས་པ་དང་། ཆིང་སྲིད་གཞུང་དང་ཁ་གཏད་དུ་ལངས།   

1_2_3 ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག

སྤྱི་ལོ1894ལོར། འཇའ་ཕན་གྱི་དམག་གྲུ་རུ་ཁག་གིས་ཀོ་རི་ཡའི་ཧྥེང་ཏོ་གླིང་ཕྲན་གྱི་མཚོ་ངོས་ནས་ཆིང་དམག་གི་དམག་སྐྱེལ་གྲུ་གཟིངས་ལ་འཇབ་རྒོལ་བྱས་ནས་དམག་འཁྲུག་གི་འགོ་བརྩམས་ཤིང་། ཟླ8པར། ཆིང་སྲིད་གཞུང་གིས་དམག་འཁྲུག་གི་གདོང་བསུས་ལ། ལོ་དེ་ནི་ལུགས་རྙིང་གི་ཤིང་རྟ་ལོ་ཡིན་པས། ལོ་རྒྱུས་སུ་ཐེངས་དེའི་དམག་འཁྲུག་ལ་ཤིང་རྟ་ལོའི་དམག་འཁྲུག་ཟེར།

1_2_4 རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་དཔུང་གིས་ཀྲུང་གོར་བཙན་འཛུལ་བྱས་ཚུལ།

ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག་གི་རྗེས་སུ། སྟོབས་ལྡན་རྒྱལ་ཁབ་དག་གིས་ཀྲུང་གོ་སིལ་བུར་བགོ་བའི་སྨྱོ་རླབས་ཤིག་འཕྱུར་བ་སྟེ། མི་རིགས་ཀྱི་ཉམས་ཉེན་ཇེ་ཆེར་གྱུར་བ་དང་བསྟུན་ནས། ཀྲུང་གོ་མི་དམངས་ཀྱིས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་གྱི་འཐབ་རྩོད་ཉིན་རེ་བཞིན་ཇེ་དྲག་ཏུ་གྱུར་བ་དང་། དམངས་ཁྲོད་ཀྱི་རྩ་འཛུགས་དབྱི་ཧོ་ཐོན་གྱིས་བཙན་རྒོལ་རྒྱལ་གཅེས་ལས་འགུལ་སྤེལ་ནས། ཆིང་སྐྱོང་ཕྱི་འཇོམས་ཞེས་པའི་དར་ཆ་བསྒྲེངས།

སྤྱི་ལོ1900ལོའི་ཟླ6པར། དབྱིན་ཇི་དང་ཨ་རི། ཨུ་རུ་སུ། འཇའ་ཕན། ཧྥ་རན་སེ། འཇར་མན། དབྱི་ཐ་ལི། ཨོ་ཧང་གོང་མའི་རྒྱལ་ཁབ་བཅས་རྒྱལ་ཁབ་བརྒྱད་ཀྱིས་དབྱི་ཧོ་ཐོན་ལ་དྲག་གནོན་བྱ་བར་ཁ་གཡར་ནས། མཉམ་འབྲེལ་གྱིས་ཀྲུང་གོར་བཙན་འཛུལ་གྱི་དམག་འཁྲུག་བསླངས་ཤིང་། རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་གིས་ཐེན་ཅིན་ནས་པེ་ཅིང་ལ་ཚུར་རྒོལ་བྱས་པ་དང་། ལང་ཧྥང་ས་ཆའི་ཉེ་འདབས་སུ་དབྱི་ཧོ་ཐོན་དང་ཆིང་དམག་གི་རྒྱལ་གཅེས་དཔོན་དམག་རྣམས་ཀྱིས་དཔའ་མཛངས་རྟུལ་ཕོད་ངང་འགོག་རྒོལ་བྱས་མཐར། ཐེན་ཅིན་ལ་ཕྱིར་འཐེན་མི་བྱ་ཀ་མེད་བྱུང་། ཡིན་ན་ཡང་རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་གིས་དཔུང་གནོན་བྱས་ནས། ཟླ7པར་ཐེན་ཅིན་བླངས། དེའི་རྗེས་སུ་པེ་ཅིང་ལ་ཡང་བསྐྱར་ཚུར་རྒོལ་བྱས་ཤིང་། ཟླ8པར། པེ་ཅིང་རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་གི་ལག་ཏུ་ཤོར།

1_2_5 ལྕགས་ཕག་ལོའི་གསར་བརྗེ།

སྤྱི་ལོ1894ལོར། སུན་ཀྲུང་ཧྲན་གྱིས་རི་བོ་ཐན་ཞང་དུ་ཀྲུང་གོའི་འབྱོར་ལྡན་གྲལ་རིམ་དམངས་གཙོའི་གསར་བརྗེ་ཚོགས་པ་དང་པོ་སྟེ། ཀྲུང་ཧྭ་དར་རྒྱས་ཚོགས་པ་ཞེས་པ་བཙུགས་ནས། མཉྫུ་མཐར་སྐྲོད་དང་ཀྲུང་ཧྭ་སླར་གསོ་བྱས་ཏེ། མཉམ་འབྲེལ་སྲིད་གཞུང་གསར་འཛུགས་བྱ་བའི་སེམས་ཐག་བཅད། དེའི་རྗེས་སུ། དམངས་གཙོ་གསར་བརྗེ་ཚོགས་པ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་གཅིག་རྗེས་གཉིས་མཐུད་དུ་བྱུང་།

སུན་ཀྲུང་ཧྲན་གྱི་སྐུལ་འདེད་ལ་བརྟེན་ནས། སྤྱི་ལོ1905ལོའི་ཟླ8པར། ཀྲུང་ཧྭ་དར་རྒྱས་ཚོགས་པ་དང་ཀྲུང་ཧྭ་དར་རྒྱས་ལྷན་ཚོགས། མངའ་ཁོངས་ཚུར་ལེན་ཚོགས་པ་བཅས་ཀྱི་རྐང་འཛིན་མི་སྣ་འཇའ་ཕན་གྱི་ཏུང་ཅིན་ལ་མཉམ་དུ་འདུས་ཏེ། ཀྲུང་གོའི་མནའ་མཐུན་ཚོགས་པ་འཛུགས་པའི་ཚོགས་ཆེན་བསྡུས་ལ། ཚོགས་ཐོག་ཏུ་མནའ་མཐུན་ཚོགས་པའི་སྒྲིག་ཡིག་ལ་གྲོས་འཆམ་བྱུང་ཞིང་། སུན་ཀྲུང་ཧྲན་གྱིས་བཏོན་པའི་མཉྫུ་མཐར་སྐྲོད་དང་ཀྲུང་ཧྭ་སླར་གསོ། ཀྲུང་ཧྭ་མི་སེར་རྒྱལ་ཁབ་གསར་འཛུགས། ས་དབང་ཆ་སྙོམས་ཞེས་པ་བཅས་ཆབ་སྲིད་ཀྱི་རྩ་དོན་དུ་བྱས་ནས། སུན་ཀྲུང་ཧྲན་ཙུང་ལི་དང་ཧོང་ཞིན་ལག་བསྟར་པུའུ་ཡི་ལས་ཀ་བཀོད་སྒྲིག་བྱེད་མཁན་དུ་འདེམ་བསྐོ་བྱས་ཤིང་། ཀྲུང་གོའི་མནའ་མཐུན་ཚོགས་པ་ནི་ཀྲུང་གོའི་ཉེ་རབས་ཀྱི་གཅིག་གྱུར་ཡིན་པའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ཐོག་མ་ཡིན།

སྤྱི་ལོ1911ལོའི་ཟླ10བའི་ཚེས10ཉིན། ཝུའུ་ཁྲང་མཁར་ནང་གི་དམག་གསར་བཟོ་བཀོད་དབྱིན་ཤོག་གི་གསར་བརྗེ་མིས་ཐོག་མར་འོས་ལངས་བྱས་ནས། ཁྲུའུ་ཝང་ཐའི་དམག་ཆས་མཛོད་ཁང་བླངས་ཤིང་། དམག་གསར་གྱི་སྒྱོགས་དམག་དང་རྐང་དམག་གིས་དེ་ཐོས་མ་ཐག་དང་ལེན་བྱས་ལ། ཉིན་ཞག་གཅིག་རིང་གི་དྲ་འཐབ་བརྒྱུད་དེ། གསར་བརྗེ་དམག་གིས་ཝུའུ་ཁྲང་བླངས་པ་དང་། ཚེས12ཉིན། ཝུའུ་ཧན་གྱི་གྲོང་རྡལ་གསུམ་བླངས།

སྤྱི་ལོ1911ལོའི་ལོ་མཇུག་ཏུ། སུན་ཀྲུང་ཧྲན་ཕྱི་རྒྱལ་ནས་ཕྱིར་རྒྱལ་ནང་དུ་ལོག་ཅིང་། ཞིང་ཆེན་སོ་སོའི་འཐུས་མི་ནན་ཅིན་དུ་འདུས་ནས་སུན་ཀྲུང་ཧྲན་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་གནས་སྐབས་ཙུང་ཐུང་ཆེན་མོར་འདེམ་བསྐོ་བྱས། ཡང་སྤྱི་ལོ1912ལོའི་ལོ་སར་ཚེས1ཉིན། ཀྲུང་ཧྭ་མི་སེར་རྒྱལ་ཁབ་དབུ་བརྙེས་པ་དང་རྒྱལ་ས་ནན་ཅིན་དུ་གཏན་ཁེལ་བྱས་ཤིང་། ཁ་དོག་སྣ་ལྔ་ཅན་གྱི་དར་ཆ་དེ་རྒྱལ་དར་ཡིན་པར་ཁྱབ་སྒྲོག་བྱས།  དེ་ནས་ལོ་དེའི་དཔྱིད་ཀར། སུན་ཀྲུང་ཧྲན་གྱིས་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྡོམ་ཁྲིམས་ཞེས་པ་ཞིག་བསྒྲགས་པ་དང་། སྡོམ་ཁྲིམས་དེ་ནི་ཀྲུང་གོའི་ཉེ་རབས་ལོ་རྒྱུས་སུ་འབྱོར་ལྡན་གྲལ་རིམ་གྱི་ངོ་བོ་ལྡན་པའི་དམངས་གཙོའི་རྩ་ཁྲིམས་ཐོག་མ་ཡིན་ཞིང་། བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་སྒེར་གཅོད་ལམ་ལུགས་འགོ་རྟིང་བསློགས་པ་དེའང་ཡིན།

1_2_6 ལྔ་བཞིའི་ལས་འགུལ།

སྤྱི་ལོ1919ལོའི་ཟླ5བའི་ཚེས4ཉིན། པེ་ཅིང་སློབ་གྲྭ་ཆེན་མོ་སོགས་ཀྱི་སློབ་མ3000ལྷག  གནམ་བདེ་སྒོ་མོ་ཆེའི་མདུན་དུ་འཛོམས་ནས་རྔམ་སྟོན་ཁྲོམ་སྐོར་བྱས་ལ། ཚའོ་རུའུ་ལིན་དང་ལུའུ་ཙུང་ཡུས། ཀྲང་ཙུང་ཞང་བཅས་རྒྱལ་འཚོང་ཆོམ་རྐུན་གསུམ་པོར་ཁྲིམས་ཆད་ནན་མོ་གཅད་དགོས་པའི་རེ་བ་བཏོན་ཞིང་། པེ་ཅིང་གི་སློབ་མའི་རྒྱལ་གཅེས་བྱ་སྤྱོད་ལ་སྲིད་གཞུང་གིས་བསྟུད་མར་དྲག་གནོན་བྱས་མོད། འོན་ཀྱང་སློབ་མ་རྣམས་ཀྱི་རྒྱལ་གཅེས་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་ཆེད། ཟླ6པའི་ཚེས5ཉིན་ནས་བཟུང་། ཧྲང་ཧའེ་ཡི་བཟོ་བ་ཡོངས་ཀྱིས་ལས་མཚམས་བཞག་ལ། སྐབས་དེ་ནས་བཟུང་ཀྲུང་གོའི་བཟོ་བའི་གྲལ་རིམ་ཆབ་སྲིད་ཀྱི་གར་སྟེགས་སུ་བུད། དེའི་རྗེས་སུ་བཟོ་བས་ལས་མཚམས་འཇོག་པ་དང་ཚོང་བས་ཚོང་མཚམས་འཇོག་པ། སློབ་མས་སློབ་མཚམས་འཇོག་པ་བཅས་ཀྱི་ཚ་རླབས་ཤིག་འཕྱུར་ཞིང་། མི་དམངས་མང་ཚོགས་ཀྱི་གནོན་ཤུགས་འོག  སྲིད་གཞུང་གིས་འཛིན་བཟུང་བྱས་པའི་སློབ་མ་རྣམས་ཕྱིར་བཏང་བ་དང་། ཚའོ་རུའུ་ལིན་དང་ལུའུ་ཙུང་ཡུས། ཀྲང་ཙུང་ཞང་བཅས་ཀྱི་གོ་གནས་ཕབ། ཡང་ཕ་རི་སིའི་ཞི་ཚོགས་སུ་ཞུགས་པའི་ཀྲུང་གོའི་འཐུས་མིས་ཀྱང་ཞི་ཆིངས་སྟེང་མིང་རྟགས་མ་བཀོད་སྟབས། ལྔ་བཞིའི་ལས་འགུལ་ལ་ཐོག་མའི་རྒྱལ་ཁ་ཐོབ།

1_2_7 ཀྲུང་གོ་གུང་ཁྲན་ཏང་།

སྤྱི་ལོ1921ལོའི་ཟླ7པའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཧྲང་ཧའེ་རུ་གསང་བའི་ངང་བསྡུས་ཤིང་། ཚོགས་འདུར་ཞུགས་མཁན་ནི་མའོ་ཙེ་ཏུང་དང་ཏུང་པུ་ཝུའུ་སོགས་མི13ནི་རྒྱལ་ཡོངས་ཀྱི་ཏང་ཡོན50ལྷག་གི་སྐུ་ཚབ་ཡིན་ལ། ཚོགས་ཆེན་ཀྱི་མཇུག་མཐའི་ཉིན་མོ་ནི་ཀྲེ་ཅང་ཅ་ཞིན་གྱི་ནན་ཧུའུ་མཚེའུ་ཡི་སྤྲོ་གསེང་གཏོང་བྱེད་གྲུ་གཟིངས་ཤིག་གི་སྟེང་དུ་བསྡུས་པ་དང་། ཚོགས་ཆེན་སྟེང་ཏང་གི་རྩ་འཛིན་ལ་གྲོས་འཆམ་བྱུང་སྟེ། ཏང་མིང་ལ་ཀྲུང་གོ་གུང་ཁྲན་ཏང་ཞེས་བཏགས།

ཚོགས་ཆེན་ཐོག་ཏུ་རྗེས་ཕྱོགས་ཀྱི་ཏང་གི་བྱ་བའི་ལྟེ་གནས་ནི་བཟོ་བའི་གྲལ་རིམ་རྩ་འཛུགས་དང་། བཟོ་བའི་ལས་འགུལ་ལ་འགོ་ཁྲིད་བྱ་རྒྱུ་ཡིན་པ་ཐག་བཅད་པར་མ་ཟད། ཏང་གི་ཀྲུང་དབྱང་ལས་ཁུངས་སམ་ཀྲུང་དབྱང་ཅུས་བཙུགས་ནས། ཁྲེན་ཏུའུ་ཞིའུ་ཧྲུའུ་ཅི་ལ་འདེམ་བསྐོ་བྱས། དེ་ཡང་ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་ནས་བཟུང་། ཀྲུང་གོའི་གསར་བརྗེ་ནི་རྣམ་པ་གསར་བ་ཞིག་ཏུ་གྱུར།

1_2_8 གོ་གུང་མཉམ་འབྲེལ།

ཀྲུང་གོ་གུང་ཁྲན་ཏང་གིས་བཟོ་བའི་ལས་འགུལ་ཤུགས་ཆེན་པོའི་སྒོ་ནས་སྤེལ་བའི་ཁྲོད། སྟོབས་ཤུགས་ཅན་གྱི་དགྲ་སྡེ་ལས་རྣམ་པར་རྒྱལ་དགོས་ཚེ། ངེས་པར་དུ་གསར་བརྗེའི་ཐབས་ཕྱོགས་གཅིག་གྱུར་གཟུག་དགོས་པའི་མྱོང་ཚོར་ཟབ་མོ་སྐྱེས། དེ་ཡང་སྤྱི་ལོ1923ལོར། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པའི་སྟེང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་གོ་མིན་ཏང་མཉམ་འབྲེལ་བྱ་བའི་ཐག་གཅོད་ལ་གྲོས་འཆམ་བྱུང་། ཡང་སྤྱི་ལོ1924ལོར། སུན་ཀྲུང་ཧྲན་གྱིས་ཀོང་ཀྲོའུ་རུ་གུང་ཁྲན་ཏང་ཡོན་ཡང་ནང་དུ་ཞུགས་པའི། ཀྲུང་གོ་གོ་མིན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་བསྡུས་པར་འགོ་འཛིན་བྱས་ཤིང་། དེ་ཡིས་གོ་གུང་གཉིས་ཀྱི་མཉམ་འབྲེལ་མཚོན།

1_2_9 ནན་ཁྲང་འོས་ལངས།

སྤྱི་ལོ1927ལོའི་ཟླ8པའི་ཚེས1ཉིན། ཀྲོའུ་ཨེན་ལེ་དང་ཧོ་ལུང་སོགས་ཀྱིས་གསར་བརྗེའི་དམག་དཔུང་གི་སྣེ་ཁྲིད་ནས་ནན་ཁྲང་དུ་འོས་ལངས་བྱས་པ་སྟེ། འོས་ལངས་དམག་ཉིས་ཁྲི་ལྷག་གིས་ཆུ་ཚོད་འགའི་རིང་གི་འཐབ་འཛིང་བརྒྱུད། མཁར་སྲུང་དམག་དཔུང་ཡོངས་རྫོགས་ཚར་བཅད་ནས་ནན་ཁྲང་མཁར་བླངས། དེ་ཡང་འོས་ལངས་ལེགས་འགྲུབ་བྱུང་རྗེས། དམག་དཔུང་བཅོས་སྒྲིག་བྱས་ནས་སྔོན་གྱི་འཆར་གཞི་ལྟར་ལྷོ་ཕྱོགས་སུ་བསྐྱོད་པ་དང་། ཀུང་ཀྲོའུ་ལ་ཕྱིར་ལོག་རྗེས་སྟོབས་ཤུགས་བསྐྱར་སྒྲིག་བྱས་ནས་ཡང་བསྐྱར་བྱང་འདུལ་བྱ་བའི་སྟ་གོན་བགྱིས་ལ། འོས་ལངས་དམག་ལྷོ་ཕྱོགས་སུ་སྐྱོད་སྐབས་ལམ་བར་དུ་དགྲ་སྡེས་བཀག་མཐར་གྱོང་གུད་ཚབས་ཆེན་ཐེབས་ཤིང་། ཀྲོའུ་ཏེ་དང་ཁྲིན་དབྱི་གཉིས་ཀྱིས་རང་སོར་གནས་པའི་དམག་དཔུང་ལས་ཁག་ཅིག་གི་སྣེ་ཁྲིད་དེ། ཧུའུ་ནན་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་བསྐྱོད་ནས་འཐབ་རྩོད་རྒྱུན་འཁྱོངས་བྱས་པ་དང་། ཁག་གཞན་ཞིག་ཧའེ་ལུའུ་ཧྥུན་ཞེས་པའི་ས་ཆར་བསྐྱོད་ནས། ས་གནས་དེ་གའི་ཞིང་བའི་དམག་དཔུང་དང་ལྷན་འཛོམས་བྱས།

ནན་ཁྲང་འོས་ལངས་ཀྱིས་དྲག་ཤུགས་ལ་བརྟེན་ནས་གོ་མིན་ཏང་གི་ལོག་སྤྱོད་དབང་སྒྱུར་ལ་འགོག་རྒོལ་གྱི་མེ་མདའ་ཐོག་མ་བརྒྱབ་པ་དང་། དེས་ཀྲུང་གོ་གུང་ཁྲན་ཏང་གིས་རང་ཚུགས་ཐུབ་པའི་སྒོ་ནས་དྲག་ཤུགས་འཐབ་རྩོད་ལ་འགོ་ཁྲིད་བྱས་ཏེ། མི་དམངས་དམག་དཔུང་གསར་འཛུགས་དང་། དྲག་ཤུགས་ལ་བརྟེན་ནས་སྲིད་དབང་ལེན་པའི་འགོ་ཚུགས་པ་མཚོན།

1_2_10 ས་ཞིང་གསར་བརྗེ།

སྤྱི་ལོ1927ལོའི་ཟླ8པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཧན་ཁོའུ་རུ་གསང་བའི་ངང་བརྒྱད་བདུན་གྲོས་ཚོགས་བསྡུས་ཤིང་། གྲོས་ཚོསག་སྟེང་ཁྲེན་ཏུའུ་ཞིའུ་ཡི་གཡས་ལྷུང་ནོར་འཁྲུལ་གཙང་སེལ་བྱས་པ་དང་། ས་ཞིང་གསར་བརྗེ་དང་དྲག་ཤུགས་ལ་བརྟེན་ནས། གོ་མིན་ཏང་གི་འགོག་རྒོལ་ལ་དབང་སྒྱུར་བྱ་བའི་སྤྱིའི་བྱེད་ཕྱོགས་གཏན་ཁེལ་བྱས་ལ། སྟོན་སྡུད་ཀྱི་དུས་ཚིགས་སུ་དྲག་པོའི་འོས་ལངས་བྱ་རྒྱུའི་ཐག་བཅད། དེ་ཡང་ཐེངས་དེས་གྲོས་ཚོགས་ཀྱི་བསམ་བློ་རྙོག་འཛིང་ཆེ་བ་དང་། རྩ་འཛུགས་ཐར་ཐོར་དུ་གནས་པའི་ཀྲུང་གོ་གུང་ཁྲན་ཏང་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན།

སྤྱི་ལོ1927ལོའི་ཟླ9བར། མའོ་ཙེ་ཏུང་གིས་ཧུའུ་ནན་དང་ཅང་ཞི་མཐའ་མཚམས་ཀྱི་སྟོན་སྡུད་འོས་ལངས་ལ་འགོ་ཁྲིད་མཛད་ཅིང་། འོས་ལངས་དམག་གིས་ལྟེ་གནས་གྲོང་ཁྱེར་ཁྲང་ཧྲར་ཕར་རྒོལ་གྱི་བྱ་བར་བར་ཆད་ཐེབས་པས། མའོ་ཙེ་ཏུང་གིས་ཁྲང་ཧྲར་ཕལ་རྒོལ་བྱ་བའི་འཆར་གཞི་བསྐྱུར་ནས། དགྲ་བོའི་འགོག་སྲུང་ཞན་པའི་རི་ཁུལ་དུ་དཔུང་སྐྱོད་བྱ་རྒྱུའི་ཐག་བཅད། ཡང་ཟླ10བར། མའོ་ཙེ་ཏུང་གིས་དམག་དཔུང་གི་སྣེ་ཁྲིད་ནས་རི་བོ་ཅིན་ཀང་ཧྲན་དུ་སླེབས་ཤིང་། ཀྲུང་གོའི་གྲོང་གསེབ་ཀྱི་གསར་བརྗེའི་གནས་གཞི་ས་ཁུལ་ཐོག་མ་སྟེ། རི་བོ་ཅིན་ཀང་ཧྲན་གྱི་གསར་བརྗེའི་གནས་གཞི་ས་ཁུལ་བཙུགས།

གསར་བརྗེའི་གནས་གཞི་ས་ཁུལ་དུ། མའོ་ཙེ་ཏུང་གིས་མང་ཚོགས་སྐུལ་སློང་བྱས་ནས། ཡུལ་གྱི་གཤེད་མ་ཚར་གཅོད་དང་ས་ཞིང་བགོས་པ། བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་དོར་བ་བཅས་བྱས་ཏེ། ས་ཞིང་གསར་བརྗེ་སྤེལ་བ་ཡིན།

1_2_11 འཇའ་འགོག་དམག་འཁྲུག

སྤྱི་ལོ1937ལོའི་ཟླ7པའི་ཚེས7ཉིན་གྱི་དགོང་མོར། འཇའ་དམག་གིས་འཐབ་མོ་བ་ཞིག་བོར་བར་ཁ་གཡར་ནས། ཝན་ཕིང་མཁར་ལ་སྔོག་བཤེར་གྱི་རེ་བ་བཏོན་མོད། ཀྲུང་གོའི་སྲུང་དམག་གིས་ཁས་མ་བླངས་པས། འཇའ་དམག་གིས་དེ་མུར་ཝན་ཕིང་མཁར་དང་ལུའུ་ཀོའུ་ཟམ་པར་དཔུང་འཇུག་བྱས་ལ། ཀྲུང་གོའི་དམག་དཔུང་གིས་སྤོབས་པ་ཆེར་སྐྱེད་ཀྱིས་རྒོལ་ལན་སྤྲད། ལུའུ་ཀོའུ་ཟམ་པའི་དུས་འགྱུར་དེ་རྒྱལ་ཡོངས་ཀྱི་འཇའ་འགོག་དམག་འཁྲུག་གི་འགོ་ཚུགས་སར་གྱུར། དེའི་རྗེས་སུ་འཇའ་ཕན་གྱིས་སྐམ་དམག100000ལྷག་དྲངས་ནས་ཀྲུང་གོར་བཙན་འཛུལ་བྱས་པས། པེ་ཕིང་དང་ཐེན་ཅིན་གཉིས་སྔ་ཕྱིར་དགྲ་ལག་ཏུ་ཤོར།

འཇའ་དམག་གིས་ཕིང་ཅིན་བཙན་བཟུང་བྱས་རྗེས། མུ་མཐུད་དུ་ཧྭ་བྱང་དང་ཧྭ་དབུས་ལ་དཔུང་འཇུག་བྱས་ནས། ཟླ་བ་གསུམ་གྱི་ནང་དུ་ཀྲུང་གོ་བསྣུབ་པའི་རེ་ངན་བཅངས། དེ་བས་རྒྱལ་དམངས་སྲིད་གཞུང་གིས་མདུན་ཕྱོགས་གཡུལ་ས་ནས་སུང་ཧུའུ་མཉམ་རུབ་དམག་འཐབ་དང་ཐའེ་ཡོན་མཉམ་རུབ་དམག་འཐབ། ཞུས་ཀྲོའུ་མཉམ་རུབ་དམག་འཐབ། ཝུའུ་ཧན་མཉམ་རུབ་དམག་འཐབ་སོགས་གཡུལ་འགྱེད་ཐེངས་མང་བོར་བྱས་ཤིང་། རྒྱ་ཆེའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་སྒོས་འཇའ་དམག་གི་བཙན་འཛུལ་ལ་འགོག་རྒོལ་བྱས།

1_2_12 བཅིངས་འགྲོལ་དམག་འཁྲུག

སྤྱི་ལོ1945ལོའི་ཟླ8པའི་ཟླ་མཇུག་ཏུ། མའོ་ཙེ་ཏུང་དང་བཅས་པ་ཁྲུང་ཆིང་དུ་ཕེབས་ནས་གྲོས་མོལ་བྱས་པ་དང་། གྲོས་མོལ་བྱས་པ་བརྒྱུད་ནས་གོ་གུང་ཕྱོགས་གཉིས་ཀྱིས་ཟླ10བའི་ཚེས10ཉིན། གྲོས་མོལ་ཟིན་བྲིས་གནད་བསྡུས་སྟེང་མིང་རྟགས་བཀོད་ཅིང་། དེ་ནི་བཅུ་བའི་ཚེས་བཅུའི་ཆོད་ཡིག་ཞེས་པ་དེ་ཡིན་ལ། ཆོད་ཡིག་གི་ནང་དུ་ཞི་བདེའི་ངང་རྒྱལ་ཁབ་གཟུག་པ་དང་ནང་འཁྲུག་གཏན་ནས་མི་འབྱུང་བར་བྱ་བ། ཆབ་སྲིད་གྲོས་མོལ་ཚོགས་འདུ་བསྡུ་བ། མི་དམངས་ཀྱི་ཁེ་དབང་ཁག་ཐེག་བྱ་བ་སོགས་གཏན་ཁེལ་བྱས་མོད། འོན་ཀྱང་མི་དམངས་དམག་དཔུང་དང་བཅིངས་འགྲོལ་ས་ཁུལ་གྱི་སྲིད་དབང་གི་ཁྲིམས་མཐུན་གོ་གནས་ཀྱི་གནད་དོན་ལ་གྲོས་འཆམ་མ་བྱུང་།

སྤྱི་ལོ1946ལོའི་ལོ་འགོར། ཆབ་སྲིད་གྲོས་མོལ་ཚོགས་འདུ་ཁྲུང་ཆིང་དུ་བསྡུས་པ་དང་། གྲོས་ཚོགས་ཐོག་མི་དམངས་ལ་ཕན་པའི་སྲིད་གྲོས་ཀྱི་གྲོས་དོན་ལ་གྲོས་འཆམ་བྱུང་མོད། འོན་ཀྱང་སྲིད་གྲོས་གྲོས་དོན་དེ་གོ་མིན་ཏང་གིས་མྱུར་བར་རྩིས་མེད་དུ་བཏང་། ཟླ6པར། གོ་མིན་ཏང་གི་དམག་དཔུང་གིས་ཀྲུང་ཡོན་ས་ཁུལ་གྱི་བཅིངས་འགྲོལ་ས་ཁུལ་ལ་དཔུང་གི་སྦྱོར་བ་བཤམས་ནས། ཕྱོགས་ཡོངས་ནས་ནང་འཁྲུག་ལངས། མི་དམངས་བཅིངས་འགྲོལ་དམག་གིས་སྐོར་སྐྱོད་དམག་འཐབ་བྱེད་སྟངས་སྤྱད་པ་དང་། སྟོབས་ཤུགས་ཆེ་བའི་དམག་ཤུགས་གཅིག་བསྡུས་ཀྱིས་ཚར་གཅོད་དམག་འཐབ་བཀོལ་ཞིང་། ཟླ8ཀྱི་རིང་ལ་དགྲ་བོ་700000ལྷག་ཚར་བཅད་པས། གོ་མིན་ཏང་གི་དམག་དཔུང་འུ་ཐུག་ནས་ཕྱོགས་ཡོངས་ནས་དཔུང་འཇུག་བྱས་པ་ནས་གནད་ཆེ་སར་དཔུང་འཇུག་བྱ་བར་བསྒྱུར།

སྤྱི་ལོ1947ལོའི་དཔྱིད་ཀ་ནས་བཟུང་། གོ་མིན་ཏང་གི་དམག་དཔུང་གིས་ཧྲན་ཞིའི་བྱང་རྒྱུད་དང་། ཧྲན་ཏུང་གི་བཅིངས་འགྲོལ་ས་ཁུལ་གྱི་གནད་སར་དཔུང་འཇུག་བྱས་ལ། ཟླ་འགའ་སོང་རྗེས་མི་དམངས་བཅིངས་འགྲོལ་དམག་གིས་རྡུལ་དུ་བརླགས།

སྤྱི་ལོ1946ལོའི་ཟླ6པར། ལིའུ་པོ་ཁྲང་དང་ཏིང་ཞོ་ཕིང་གཉིས་ཀྱིས་ཧྲན་ཞི་དང་ཧོ་པེ། ཧྲན་ཏུང་། ཧོ་ནན་བཅས་ཀྱི་བཅིངས་འགྲོལ་དམག་གི་གཙོ་ཤུགས་དམག་དཔུང་ཁྲིད་ནས་རྨ་ཆུར་བརྒལ་ཞིང་། རི་བོ་ཏ་པེ་ཧྲན་དུ་བསྐྱོད་དེ་འཐབ་ཇུས་ཐོག་ཕར་རྒོལ་གྱི་སྦྱོར་བ་བཤམས།

སྤྱི་ལོ1948ལོའི་སྟོན་ཁར། དགྲ་བོ་དང་རང་ཕྱོགས་ཀྱི་སྟོབས་ཤུགས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཀྲུང་གུང་ཀྲུང་དབྱང་གིས་ཐག་གཅོད་རང་བཞིན་གྱི་དམག་འཐབ་བྱེད་པའི་དུས་སུ་སླེབས་བྱུང་སྙམ་ནས། གཅིག་རྗེས་གཉིས་མཐུད་དུ་ལིའོ་ཧྲེང་དང་ཧུའེ་ཧའེ། ཕིང་ཅིན་བཅས་ཀྱི་གཡུལ་འགྱེད་ཆེན་པོ་གསུམ་བསླངས།

སྤྱི་ལོ1949ལོའི་ཟླ4བའི་ཚེས21ཉིན། ཀྲུའུ་ཞི་མའོ་ཙེ་ཏུང་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་རྣམ་གཉིས་ཀྱིས་རྒྱལ་ཡོངས་སུ་དཔུང་སྐྱོད་བྱ་བའི་བཀའ་ཕབ། མི་དམངས་བཅིངས་འགྲོལ་དམག་གིས་དགྲ་བོའི་སྒྱོགས་མདེལ་གྱི་གདོང་བསུས་ཤིང་། གྲུ་གཟིངས་མང་བོར་བརྟེན་ནས་འབྲི་ཆུར་བརྒལ་ཏེ། གོ་མིན་ཏང་གི་འབྲི་ཆུའི་འགོག་སྲུང་འཛིང་རགས་དེ་མ་ཐག་ཏུ་སྲན་ཕུང་གཏོར་བ་བཞིན་དུ་གྱུར། ཡང་ཚེས23ཉིན། བཅིངས་འགྲོལ་དམག་གིས་ནན་ཅིན་བླངས་ནས་ལོ་ངོ22ཀྱི་རིང་ལ་ཀྲུང་གོར་དབང་སྒྱུར་བྱས་པའི་རྒྱལ་དམངས་སྲིད་གཞུང་རྩ་གཏོར་བྱས། དེའི་རྗེས་སུ། མི་དམངས་བཅིངས་འགྲོལ་དམག་རྒྱལ་ཡོངས་སུ་དཔུང་སྐྱོད་བྱས་ཏེ། གོ་མིན་ཏང་གི་དམག་དཔུང་ལྷག་ལུས་རྣམས་འདེད་བཅོམ་བྱས་པས། དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེར་གཞི་རྩའི་སྟེང་རྒྱལ་ཁ་ཐོབ།

1_3 དེང་རབས་ལོ་རྒྱུས།

སྤྱི་ལོ1949ལོའི་ཟླ10བའི་ཚེས1ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་བསྡུས་པ་སྟེ། མའོ་ཙེ་ཏུང་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་དུ་བཞེངས་ནས། བརྗིད་ཉམས་དང་ལྡན་པའི་ངང་ནས་འཛམ་གླིང་ཡོངས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་དབུ་བརྙེས་པར་བསྒྲགས་མ་ཐག  གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མང་ཚོགས300000ལྷག་གི་དགའ་སྤྲོའི་འབོད་སྒྲ་འབྲུག་སྒྲ་ལྡིར་བ་བཞིན་གྲགས་ཤིང་། རྒྱལ་གླུའི་རྔམ་བརྗིད་ལྡན་པའི་དབྱངས་རྟ་དང་བསྡོངས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་རམ་སྐར་ལྔའི་དར་དམར་དལ་གྱིས་བསྒྲེངས་པ་ན། པེ་ཅིང་ནི་འུར་ཆིལ་ལེར་གྱུར་བ་དང་། ཀྲུང་གོ་པ་རྣམས་དུས་དེ་ནས་བཟུང་ཡར་ལངས་བྱུང་ལ། ཀྲུང་གོ་གུང་ཁྲན་ཏང་མིས་རྒྱལ་ཡོངས་ཀྱི་སྲིད་དབང་བླངས་རྗེས། རང་ཉིད་ཀྱི་ཕུགས་བསམ་བཞིན་རྣམ་པ་གསར་རྐྱང་གི་སྤྱི་ཚོགས་ཆབ་སྲིད་ལམ་ལུགས་འཛུགས་སྐྲུན་བྱ་འགོ་བརྩམས་ནས། དུས་རབས་གསར་བ་ཞིག་གི་སྐྱ་རེངས་བསུས།

སྤྱི་ལོ1954ལོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་རྗེས། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་ནུས་ཚབ་སྒྲུབ་ཀྱི་མཚམས་བཞག་མོད། འོན་ཀྱང་སྲིད་གྲོས་ཚོགས་འདུ་དེ་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཤིག་ཡིན་པའི་ཆ་ནས་མུ་མཐུད་དུ་གནས་ཤིང་། དམངས་གཙོའི་ཏང་ཤོག་སོ་སོ་དང་རྒྱལ་གཅེས་དམངས་གཙོའི་མི་སྣ་སྲིད་དོན་དུ་ཞུགས་པའམ། སྲིད་དོན་གྲོས་མོལ་གྱི་གར་སྟེགས་སུ་གྱུར་ལ། དེའི་འགན་ནུས་གཙོ་བོ་ནི་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལ་ལྟ་སྐུལ་བྱ་རྒྱུ་དེ་ཡིན།

2 ཀྲུང་གོའི་གནས་ཡུལ།

སའི་གོ་ལ་འདི་ཤར་ནུབ་ཀྱི་གོ་ལ་གཉིས་སུ་དབྱེ་ན་ཀྲུང་གོ་ནི་གོ་ལ་ཤར་མར་གནས་པ་དང་། ལྷོ་བྱང་གི་གོ་ལ་ཕྱེད་མ་གཉིས་སུ་དབྱེ་ན་ཀྲུང་གོ་ནི་གོ་ལ་བྱང་མར་གནས། འཛམ་གླིང་གི་གླིང་ཆེན་དང་རྒྱ་མཚོ་ཆེན་མོའི་གནས་ཕྱོགས་ཀྱི་འབྲེལ་བ་ཐད་ནས་བལྟས་ན་ཀྲུང་གོ་ནི་ཨེ་ཤ་ཡ་གླིང་ཆེན་གྱི་ཤར་ཕྱོགས་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ནུབ་འགྲམ་དུ་གནས་པའི་རྒྱལ་ཁབ་ཅིག་ཡིན།

ཀྲུང་གོ་ཆགས་སའི་གནས་ཡུལ་ཧ་ཅང་ཡག་པོ་ཡོད། འཕྲེད་ཚད་ཀྱི་གནས་སྟངས་ནས་བལྟས་ན་ཀྲུང་གོའི་མངའ་ཁོངས་ཀྱི་ལྷོ་བྱང་དབར་གྱི་འཕྲེད་ཚད་ཆེན་པོ་ཞིག་བགོམས་ཡོད་པ་དང་། ས་ཁུལ་མང་ཆེ་བ་འཕྲེད་ཚད་བར་མའི་ཁུལ་དུ་གནས་ཤིང་དྲོད་རྒྱུད་བྱང་མའི་ཁོངས་སུ་གཏོགས་ཡོད། ལྷོ་ཕྱོགས་ཀྱི་ས་ཁུལ་ཉུང་ཤས་ཤིག་བྱང་ཉི་ལྡོག་ཐིག་གི་ལྷོ་ཕྱོགས་ཀྱི་ཚ་རྒྱུད་ཁོངས་སུ་གནས་པ་ཕུད་གྲང་རྒྱུད་ཁོངས་ཀྱི་ས་ཁུལ་མེད་དེ། མཐོ་རི་ས་ཁུལ་ཁོ་ནར་གྲང་རྒྱུད་བཞིན་གྱི་ལོ་ཧྲིལ་པོ་གངས་འཁྱགས་ཀྱིས་འགེབས་པའི་མངའ་ཁུལ་ཡིན།

རྒྱ་མཚོ་དང་སྐམ་སའི་གནས་ཕྱོགས་ནས་བལྟས་ན་ཀྲུང་གོ་ནི་འཛམ་གླིང་ཐོག་གི་སྐམ་ས་ཆེ་ཤོས་ཨེ་ཡོབ་སྐམ་ས་ཆེན་པོའི་ཤར་ཕྱོགས་སུ་གནས་པ་དང་། མངའ་ཁོངས་ཀྱི་ནུབ་མཐའ་ཨེ་ཡོབ་སྐམ་ས་ཆེན་པོའི་ཕུགས་སུ་ཡོད་ཅིང་རྒྱལ་ཁབ་མང་པོ་ཞིག་དང་ས་འབྲེལ་ཡིན། ཤར་ཕྱོགས་སུ་འཛམ་གླིང་ཐོག་གི་རྒྱ་ཁྱོན་ཆེ་ཤོས་ཞི་བདེ་རྒྱ་མཚོ་ཆེན་པོ་དང་མུ་འབྲེལ་ཞིང་གླིང་ཕྲན་དང་གྲུ་ཁ། མཚོ་ཁུག་སོགས་མང་པོ་ཡོད་པས་རྒྱ་མཚོ་དང་སྐམ་ས་གཉིས་ལྡན་གྱི་རྒྱལ་ཁབ་ཅིག་ཡིན།

3 ས་ཁམས།
3_1 ས་ཁམས་ཁོར་ཡུག

ཀྲུང་གོའི་ས་བབ་ནི་ནུབ་རྒྱུད་མཐོ་ལ་ཤར་རྒྱུད་དམའ་བ་ཡིན་ཞིང་། རི་ཁུལ་དང་མཐོ་སྒང་། དེའུ་འབུར་བཅས་ཀྱིས་སྐམ་སའི་གཞི་ཁྱོན་གྱི67%ཟིན་པ་དང་། གཤོངས་ས་དང་བདེ་ཐང་གིས་སྐམ་སའི་གཞི་ཁྱོན་གྱི33%ཟིན་ཡོད་ལ། རི་རྒྱུད་མང་ཆེ་བ་ནི་ཤར་ནུབ་དང་བྱང་ཤར་ནས་ལྷོ་ནུབ་ཕྱོགས་སུ་བསྐྱོད་པ་དང་། རི་རྒྱུད་གཙོ་བོ་ནི་ཨ་ཨེར་ཐའེ་རི་རྒྱུད་དང་ཐེན་ཧྲན་རི་རྒྱུད། ཁུ་ནུ་རི་རྒྱུད། ཁ་ལ་ཁུ་ནུ་རི་རྒྱུད། ཧི་མ་ལ་ཡའི་རི་རྒྱུད། དབྱིན་ཧྲན་རི་རྒྱུད། ཆིན་ལིང་རི་རྒྱུད། ནན་ལིང་རི་རྒྱུད། ཏ་ཞིང་ཨན་ལིང་རི་རྒྱུད། རི་བོ་ཁྲང་པེའི་རི་རྒྱུད། ཐའེ་ཧང་ཧྲན་རི་རྒྱུད། ཝུའུ་དབྱི་ཧྲན་རི་རྒྱུད། ཐའེ་ཝན་རི་རྒྱུད་སོགས་རི་རྒྱུད་ཧ་ཅང་མང་བོ་ཡོད་པ་ཡིན།

ནུབ་རྒྱུད་དུ་འཛམ་གླིང་ན་མིང་དུ་གྲགས་པའི་མདོ་དབུས་མཐོ་སྒང་ཡོད་ལ། ཆ་སྙོམས་ཀྱི་མཚོ་འཕགས་ནི་སྨི4000ཡན་ལ་སོན་པ་དང་། འཛམ་གླིང་གི་ཡང་རྩེ་ཞེས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་ཡོད། དེ་ཡང་ཇོ་མོ་གླང་མའི་དབུ་རྩེའི་མཚོའཕགས་ནི་སྨི་8844.43ཡིན་ལ། འཛམ་གླིང་གི་དབུ་རྩེ་དང་པོ་རུ་བགྲངས་པ་ཡིན་ཞིང་། དེའི་བྱང་ཕྱོགས་དང་ཤར་ཕྱོགས་སུ་ཡོད་པའི་ནང་སོག་དང་ཞིན་ཅང་ས་ཁུལ། ས་སེར་མཐོ་སྒང་། སི་ཁྲོན་གཤོངས་ས། ཡུན་ཀུའེ་མཐོ་སྒང་བཅས་ནི་ཀྲུང་གོའི་ས་བབ་ཀྱི་སྐས་རིམ་གཉིས་པ་ཡིན། ཡང་ཏ་ཞིང་ཨན་ལིང་ནས་ཐའེ་ཧང་ཧྲན། ཐའེ་ཧང་ཧྲན་ནས་ཝུའ་ཧྲན། ཝུའ་ཧྲན་ནས་ཝུའུ་ལིང་ཧྲན། ཝུའུ་ལིང་ཧྲན་ནས་ཞུའེ་ཧྥེང་ཧྲན་བཅས་ཀྱི་ཤར་ཕྱོགས་ནས་མཚོ་འགྲམ་རྒྱུད་མང་ཆེ་བ་ནི་བདེ་ཐང་དང་དེའི་འབུར་ཡིན་ཞིང་། ཀྲུང་གོའི་ས་བབ་ཀྱི་སྐས་རིམ་གསུམ་པ་ཡིན། གཞན་མཚོ་འགྲམ་རྒྱུད་ཀྱི་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་སྐམ་ས་ཆེན་པོ་རུ་མཚོ་ཞབས་ཀྱི་ནུས་ཁུངས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད།

ས་ངོས་ཀྱི་རྣམ་པ་ནི་སའི་གོ་ལའི་ཕྱི་ངོས་ཀྱི་སྒང་གཤོང་རྣམ་པ་སྟེ། ང་ཚོས་མཐོང་མི་ཐུབ་པའི་སའི་གོ་ལའི་ཕྱི་ངོས་ཀྱི་ཁྱད་ཆོས་དེ་ཡིན་ཞིང་། ནང་ཤུགས་དང་ཕྱི་ཤུགས་ནི་ས་ངོས་ཀྱི་རྣམ་པ་འགྲུབ་བྱའི་ནུས་ཤུགས་གཙོ་བོ་ཡིན་ལ། གཉིས་ཀ་རང་བྱུང་གི་ནུས་པའི་ཁོངས་སུ་གཏོགས། ཡང་ས་ངོས་ཀྱི་རྣམ་པ་དང་མིའི་རིགས་ཀྱི་འཚོ་བ། ཐོན་སྐྱེད་འབྲེལ་བ་བཅས་ལ་འབྲེལ་བ་དམ་ཟབ་མཆིས།

ལོ་ངོ་ས་ཡ་འགའི་ཡར་སྔོན་དུ་མདོ་དབུས་མཐོ་སྒང་འཕྱུར་བ་ནས། སའི་གོ་ལའི་ལོ་རྒྱུས་སྟེང་ཐེངས་དེའི་ས་ཤུན་འགུལ་སྐྱོད་ཀྱིས་ཀྲུང་གོའི་ས་ངོས་ཆགས་ཚུལ་གྲུབ་པ་ཡིན་ལ། བར་སྣང་ནས་མར་བལྟས་ཚེ། དེའི་ས་བབ་ནི་སྐས་རིམ་ཞིག་དང་འདྲ་ལ། ནུབ་ནས་ཤར་དུ་རིམ་པར་ཇེ་དམར་སོང་ཡོད། དེ་ཡང་ཧུན་རྡུའི་བྲག་ལེབ་དང་ཨོ་ཡ་བྲག་ལེབ་ཀྱི་རྡེབ་ཤུགས་ཀྱིས། མདོ་དབུས་མཐོ་སྒང་མུ་ནས་མུ་རུ་འཕྱུར་བ་ཡིན་ལ། ཆ་སྙོམས་ཀྱི་མཚོ་འཕགས་ནི་སྨི4000ཡན་ལ་སོན་པ་དང་། ཀྲུང་གོའི་ས་བབ་ཀྱི་སྐས་རིམ་དང་པོར་བགྲངས་པ་ཡིན།

3_1_1 ས་བབ་རིགས་འདྲ་མིན་སྣ་ཚོགས།

ཡངས་ཤིང་རྒྱ་ཆེ་བའི་ཀྲུང་གོའི་འཛིན་མ་རུ། བརྗིད་ཆགས་ལྷུན་སྡུག་གི་མཐོ་སྒང་དང་ལངས་འཇགས་ཀྱི་རི་བོའི་མུ་ཁྱུད། མཐའ་ཡས་པའི་བདེ་ཐང་། དེའུ་འབུར། གཤོངས་ས་ཆེ་ཆུང་ཅི་རིགས་བཅས་རྣམ་པ་སྣ་ཚོགས་ཡོད་ལ། སྐམ་སའི་སྟེང་གི་ས་དབྱིབས་རིགས་ལྔ་བོ་ནི་ཀྲུང་གོར་ཁྱབ་ཡོད་ཅིང་། དེ་ཡིས་ཀྲུང་གོའི་ཞིང་ལས་འཕེལ་རྒྱས་ཀྱི་ཐད་ལ་ཆ་རྐྱེན་མི་དམན་པ་བསྐྲུན་ཡོད།

3_1_2 རི་ཁུལ་གྱི་གཞི་ཁྱོན་ཆེ་བ།

མི་རྣམས་ཀྱི་རྒྱུན་པར་རི་ཁུལ་དང་དེའུ་འབུར། མཐོ་སྒང་བཅས་ཀྱི་སྤྱི་མིང་ལ་རི་ཁུལ་ཞེས་ཟེར་བ་ཡིན་ལ། ཀྲུང་གོའི་རི་ཁུལ་གྱི་གཞི་ཁྱོན་ནི་རྒྱལ་ཡོངས་ཀྱི་སྤྱིའི་གཞི་ཁྱོན་གྱི་2/3ཡིན་པ་དང་། དེ་ནི་ཀྲུང་གོའི་ས་བབ་ཀྱི་ཁྱད་ཆོས་གཞན་ཞིག་རེད། དེ་ཡང་རི་ཁུལ་གྱི་གཞི་ཁྱོན་ཆེ་ཞིང་། འགྲིམ་འགྲུལ་དང་ཞིང་ལས་འཕེལ་རྒྱས་ཐད་ལ་དཀའ་ཁག་མི་ཉུང་བ་བཟོས་ཡོད་མོད། འོན་ཀྱང་རུ་ཁུལ་དུ་ནགས་ལས་ཐོན་རྫས་དང་གཏེར་ཁའི་ཐོན་རྫས། ཆུའི་ཐོན་ཁུངས། ཡུལ་སྐོར་ལྗོངས་རྒྱུའི་ཐོན་ཁུངས་བཅས་འདོན་སྤྲོད་བྱ་ཐུབ་པས། རི་ཁུལ་གྱི་རྣམ་པ་བསྒྱུར་བ་དང་རི་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཐོན་ཁུངས་ཀྱི་ཁག་ཐེག་ཐོབ་པ་ཡིན།

3_1_3 ས་བབ་ནི་ནུབ་མཐོ་ལ་ཤར་དམའ་བ།

སྐས་དབྱིབས་ནི་ས་ངོས་མཐོ་དམན་འབུར་གཤོང་གི་སྤྱིའི་ཁྱད་ཆོས་ཡིན་ལ། ཀྲུང་གོའི་ས་བབ་ནི་ནུབ་ཕྱོགས་མཐོ་ལ་ཤར་ཕྱོགས་དམའ་བ་ཞིག་ཡིན་ཞིང་། བདེ་ཐང་དང་མཐོ་སྒང་། གཤོངས་ས། དེའུ་འབུར་སོགས་མང་ཆེ་བ་ནི་སྐས་དབྱིབས་ཡིན།

3_2 གནམ་གཤིས།
3_2_1 དགུན་དུས་ཀྱི་དྲོད་གྲང་།

ཧོའེ་ཧོ་ནས་ཆིན་ལིང་། ཆིན་ལིང་ནས་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་མཐའ་མཚམས་ཀྱི་དྲོད་ཚད་ནི0℃ཡིན་ཞིང་། དེའི་བྱང་ཕྱོགས་ཀྱི་དྲོད་ཚད་ནི0℃མན་ཡིན་ལ། དེའི་ཁྲོད་ཀྱི་ཧེ་ལུང་ཅང་མོ་ཧོའི་དྲོད་ཚད་ནི-30℃མན་ཡིན། ཡང་དེའི་ལྷོ་ཕྱོགས་ཀྱི་དྲོད་ཚད་ནི0℃ཡན་ཡིན་ལ། དེའི་ཁྲོད་ཀྱི་ཧའེ་ནན་སན་ཡའི་དྲོད་ཚད་ནི20℃ཡན་ལ་སོན་ཡོད། དེའི་རྐྱེན་གྱིས་ལྷོ་ཕྱོགས་དྲོ་བ་དང་བྱང་ཕྱོགས་ནི་གྲང་ངར་ཆེ་བ་ཡིན། དེ་ཡང་ལྷོ་བྱང་གི་དྲོད་གྲང་ལ་བར་ཁྱད་ཆེ་བ་ནི་ཀྲུང་གོའི་དགུན་དུས་ཀྱི་དྲོད་གྲང་གི་ཁྱད་ཆོས་གཙོ་བོ་ཡིན།

3_2_2 དབྱར་དུས་ཀྱི་དྲོད་གྲང་།

ས་བབ་མཐོ་བའི་མདོ་དབུས་མཐོ་སྒང་དང་རི་བོ་ཐེན་ཧྲན་སོགས་ལས་གཞན། ས་ཁུལ་མང་ཆེ་བའི་དྲོད་ཚད་ནི20℃ཡན་ལ་སོན་པ་དང་། ལྷོ་ཕྱོགས་ཀྱི་ས་ཆ་མང་ཆེ་བའི་དྲོ་ཚད་ནི28℃ཀྱི་ཡན་ལ་སོན་ཡོད། ཡང་ཞིན་ཅང་ཐུའུ་ལུའུ་ཧྥན་གཤོངས་སའི་ཟླ་བ་བདུན་པའི་ ཆ་སྙོམས་ཀྱི་དྲོད་ཚད་ནི32℃ཀྱི་ཡན་ལ་སོན་ཡོད་ཅིང་། ཚ་བ་ཧ་ཅང་ཆེ་བའི་ས་ཁུལ་ཡིན། དེའི་རྒྱུ་མཚན་གྱིས་མདོ་དབུས་མཐོ་སྒང་སོགས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་ཁ་ཤས་ལས་གཞན། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བ་ནི་དྲོད་ཚད་ཅུང་མཐོ་བའི་གནས་ཡིན་ཞིང་། ལྷོ་བྱང་གི་དྲོད་གྲང་ལ་བར་ཁྱད་ཆེན་པོ་མེད་པ་དེ་ནི་ཀྲུང་གོའི་དབྱར་དུས་ཀྱི་དྲོད་གྲང་གི་ཁྱད་ཆོས་གཙོ་བོ་ཡིན།

3_2_3 ཀྲུང་གོའི་དྲོད་ཚད་ས་ཁུལ།

ཀྲུང་གོས་ནི་སྡོམ་དྲོད་ལ་བརྟེན་ནས་དྲོད་ཚད་ས་ཁུལ་གྱི་དབྱེ་བ་འབྱེད་པ་ཡིན་ལ། ཉིན་མོ་གང་དེའི་ཆ་སྙོམས་ཀྱི་དྲོད་ཚད་གཏན་འཇགས་ཀྱིས10℃ཡན་ལ་སོན་པའི་སྐབས་སུ། ལོ་ཏོག་མང་ཆེ་བ་ནི་རང་བཞིན་གྱིས་འཚར་སྐྱེ་བྱ་བ་ཡིན་པས། རྒྱུན་པར་ཉིན་མོ་གང་དེའི་ཆ་སྙོམས་ཀྱི་དྲོད་ཚད་ནི། ཉིན་གྲངས་མང་བོའི་རིང་ལ10℃ལས་ཆེ་བའམ་འདྲ་མཚུངས་ཡིན་པའི་དུས་དེ་ལ་འཚར་སྐྱེའི་དུས་སྐབས་ཟེར་བ་ཡིན། དེ་ཡང་འཚར་སྐྱེའི་དུས་སྐབས་ཀྱི་ཉིན་རེ་རེའི་ཆ་སྙོམས་ཀྱི་དྲོད་ཚད་མཉམ་དུ་བསྣན་པའི་སྡོམ་གྲངས་ལ་སྡོམ་དྲོད་ཟེར་ལ། ས་ཁུལ་གང་དེའི་སྡོམ་དྲོད་ཀྱིས་ས་ཁུལ་གང་དེའི་ཚ་ནུས་ཀྱི་གནས་ཚུལ་རྟོགས་པ་ཡིན་ཞིང་། སྡོམ་དྲོད་ཀྱི་ཁྱབ་ཁོངས་ལྟར། ཀྲུང་གོར་དྲོད་ཚད་ས་ཁུལ་ལྔ་དང་དམིགས་བསལ་རང་བཞིན་གྱི་མདོ་དབུས་མཐོ་སྒང་བཅས་སུ་བགོས་ཡོད།  གཞན་དྲོད་ཚད་ས་ཁུལ་མི་འདྲ་བའི་ནང་གི་ཚ་ནུས་མི་འདྲ་བ་དང་། འཚར་སྐྱེའི་དུས་སྐབས་ཀྱི་དུས་ཡུན་གྱི་རིང་ཐུང་ཡང་མི་འདྲ་བ་ཡིན། ཡང་རྨོ་འདེབས་ལམ་ལུགས་དང་ལོ་ཏོག་གི་རིགས་ལ་ཡང་ཁྱད་པར་ཆེན་པོ་ཡོད།

4 མངའ་ཁོངས།

ཀྲུང་གོའི་མངའ་ཁོངས་རྒྱ་ཆེ་ཞིང་སྐམ་སའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་ཧ་ལམ་སྟོང་སྨི་གྲུ་བཞི་མ་ཁྲི960ཙམ་ཡོད་པ་དེ་ཡོ་རབ་གླིང་ཧྲིལ་པོའི་རྒྱ་ཁྱོན་དང་ཧ་ཅང་མཚུངས་ལ། འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ཨུ་རུ་སུ་དང་ཁ་ན་ཏ་ཕུད་པའི་ས་རྒྱ་ཆེ་ཤོས་ཡིན་པས་འཛམ་གླིང་དུ་ཨང་གསུམ་པ་ཡིན། ཀྲུང་གོའི་མཐའ་མཚམས་ཧ་ཅང་རིང་པོ་ཡོད་དེ། སྐམ་སའི་ཐོག་གི་རྒྱལ་མཚམས་ལ་སྟོང་སྨི20000ལྷག་ཙམ་ཡོད་པ་དང་ཁྱིམ་མཚེས་རྒྱལ་ཁབ14ཡོད། 

ཀྲུང་གོ་ལ་གཞི་རྒྱ་ཆེ་བའི་སྐམ་སའི་མངའ་ཁོངས་ཡོད་ལ་མཐའ་ཡས་པའི་རྒྱ་མཚོའི་མངའ་ཁོངས་ཀྱང་ཡོད། ཀྲུང་གོ་སྐམ་ས་དང་འབྲེལ་བའི་རྒྱ་མཚོ་བྱང་ནས་ལྷོ་རུ་པའོ་ཧེ་རྒྱ་མཚོ་དང་། རྒྱ་མཚོ་སེར་པོ། ཤར་རྒྱ་མཚོ། ལྷོ་རྒྱ་མཚོ་བཅས་ཡིན། དེ་དག་ཚང་མ་ཞི་བདེ་རྒྱ་མཚོ་ཆེན་པོ་དང་ཡུག་གཅིག་ཏུ་འབྲེལ་ཡོད། ཐའེ་ཝན་གླིང་ཕྲན་གྱི་ཤར་འགྲམ་ཐད་ཀར་ཞི་བདེ་རྒྱ་མཚོ་ཆེན་པོ་དང་འབྲེལ་ཡོད། ཀྲུང་གོའི་མངའ་ཁོངས་རྒྱ་མཚོ་དང་ནང་ཆུའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི37ཡོད་པ་དང་། བདག་ཁོངས་སུ་ཡོད་པའི་རྒྱ་མཚོའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི300ཙམ་ཡོད་པས་འཛམ་གླིང་ཐོག་མངའ་ཁོངས་རྒྱ་མཚོ་རྒྱ་ཆེ་བའི་རྒྱལ་ཁབ་ཉུང་ཤས་ཀྱི་གྲས་ཤིག་ཡིན། 


5 མི་རིགས།

ཀྲུང་གོ་ནི་རྒྱ་མི་རིགས་གཙོ་བོར་བྱས་པའི་མི་རིགས་མང་བོས་གྲུབ་པའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་ལ། ཀྲུང་ཧྭ་མི་རིགས་ལ་ནི་ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་བོ་ཡོད། དེ་ཡང་གནའ་བོའི་དུས་སྐབས་ནས་བཟུང་། མི་རིགས་སོ་སོའི་ཡབ་མེས་དག་ནི་ཀྲུང་ཧྭའི་འཛིན་མ་ཆེན་མོ་རུ་འཚོ་བ་རོལ་བ་དང་ལས་ལ་བརྩོན་པ། སྐྱེ་འཕེལ་བྱུང་བ་བཅས་ཀྱིས་ཐུན་མོང་གི་སྟོབས་ཤུགས་གཅིག་སྒྲིལ་སྒོས། ཀྲུང་ཧྭ་དར་རྒྱས་ཀྱི་བྱ་བཞག་རླབས་པོ་ཆེའི་སླད་དུ་རང་ཉིད་ཀྱི་སྟོབས་ཤུགས་ཡོད་རྒུ་ཕུལ་བ་ཡིན།

རྒྱ་རིགས།   སོག་རིགས།
ཧུའེ་རིགས།
བོད་རིགས།  ཡུ་གུར་རིགས།  མིའོ་རིགས།
དབྱིས་རིགས།
 ཀྲོང་རིགས།  པུའུ་དབྱི་རིགས།   ཁྲའོ་ཞན་རིགས།
 མན་ཇུ་རིགས།
ཏུང་རིགས།
ཡའོ་རིགས།  པའེ་རིགས།
 ཐུའུ་ཅ་རིགས།
 ཧ་སག་རིགས།
 ཧ་ཉི་རིགས།  ཏའེ་རིགས།
ལི་རིགས།
 ལི་སུའུ་རིགས།   དབའ་རིགས།
 ཧྲེ་རིགས།
 ཀའོ་ཧྲན་རིགས།
 ལ་ཧུའུ་རིགས།
ཧྲུའེ་རིགས།  ཏུང་ཞང་རིགས།   འཇང་རིགས།  ཅིང་ཕོ་རིགས།
 ཁོར་ཁེ་ཙི་རིགས།
 ཧོར་རིགས།
ཏ་ཝོར་རིགས།  མུའུ་ལའོ་རིགས།
ཆང་རིགས།
  པུའུ་ལང་རིགས།  མའོ་ནན་རིགས།
ས་ལར་རིགས།
ཀེ་ལའོ་རིགས།  ཞི་པོ་རིགས།  ཨ་ཁྲང་རིགས།   ཕུའུ་སྨི་རིགས།
 ཐ་ཅི་ཁེ་རིགས།  ནུའུ་རིགས།
ཝུའུ་ཙི་པིའེ་ཁེ་རིགས།
 ཨུ་རུ་སུ་རིགས།
 ཨོ་ཝུན་ཁེ་རིགས།
 ཏེ་ཨང་རིགས།  པའོ་ཨན་རིགས།  ཡུས་ཀུའུ་རིགས།
ཅིང་རིགས།
 ཐ་ཐར་རིགས།  ཏུའུ་ལུང་རིགས། ཨོ་ལུན་ཁྲུན་རིགས།  ཧོ་ཀྲེ་རིགས།  མོན་པ་རིགས།
ལྷོ་པ་རིགས།  ཅི་ནུའོ་རིགས། ———— ———— ———— ————
6 ཆབ་སྲིད།

ཡུས་སྲིད་ཁྲིར་བཞུགས་པའི་སྐབས་སུ། ཁོང་གི་བུ་ཆི་བྱ་བར་སྟོབས་ཤུགས་ཆེན་པོ་ལྡན། ཡུས་འདས་རྗེས། ཆི་ཡིས་ཕའི་གོ་གནས་རྒྱུད་འཛིན་བྱས་ནས། ཞ་རྒྱལ་རབས་ཀྱི་རྒྱལ་བོ་རབས་གཉིས་པར་གྱུར་ལ། དེ་ནས་བཟུང་རྒྱུད་འཛིན་ལམ་ལུགས་ཀྱིས་གོ་གནས་གཞན་སྤྲོད་ལམ་ལུགས་ཀྱི་ཚབ་བྱས་ཏེ། སྲིད་དབང་ནི་སྤྱི་ལ་དབང་བ་ནས་རུས་རྒྱུད་ལ་དབང་བར་གྱུར།

ཞ་རྒྱལ་རབས་དང་ཧྲང་རྒྱལ་རབས། ཀྲུའུ་རྒྱལ་རབས་བཅས་ཀྱི་སྐབས་སུ་ས་བགོ་དབང་སྤྲོད་ལམ་ལུགས་ལག་བསྟར་བྱས་ཤིང་། སྐུ་དྲག་དག་གི་དབང་ཆ་ཧ་ཅང་ཆེ་བ་ཡིན།

ཆིན་རྒྱལ་རབས་ཀྱིས་བཀས་བཀོད་རྒྱུད་འཛིན་སྲིད་དབང་སྒེར་གཅོད་རིང་ལུགས་ཀྱི་ཀྲུང་དབྱང་གིས་དབང་ཆ་གཅིག་སྡུད་བྱ་བའི་ལམ་ལུགས་ཤིག་གསར་འཛུགས་བྱས་པ་སྟེ། ཆེས་མཐོའི་དབང་སྒྱུར་བར་གོང་མ་ཟེར་ཞིང་། དེ་ནི་བླ་ན་མེད་པ་ཞིག་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་དམག་སྲིད་དབང་ཆ་ཚོད་འཛིན་བྱེད་མཁན་གཙོ་བོ་ཡིན། ཡང་རྒྱུན་ལྡན་གྱི་གནས་ཚུལ་འོག་ཏུ། རྒྱལ་རབས་གང་ཞིག་ཐོག་མར་ཚུགས་པའི་དུས་སྐབས་སུ། རྒྱལ་ཁབ་དར་རྒྱས་ཆེ་བ་ཡིན་མོད། འོན་ཀྱང་སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་པ་ཡིས། རྒྱལ་རབས་འཇིག་པའི་དུས་སྐབས་ལ་ཐོན་པ་ན། རྒྱལ་ཁབ་ཀྱི་ཆབ་སྲིད་རུལ་སུངས་སུ་གྱུར་ནས། སྤྱི་ཚོགས་ཀྱི་འགལ་བ་ཛ་དྲག་ཏུ་གྱུར་ནས། ཆེས་མཐའ་མཇུག་གཞི་རྒྱ་ཆེ་བའི་དམག་འཁྲུག་གིས་རྒྱལ་རབས་ཀྱི་མཇུག་རྫོགས་པར་བྱ་བ་ཡིན། གཞན་ཀྲུང་དབྱང་སྲིད་གཞུང་དུ་ཕྱིང་སང་སྤྱི་ཁྱབ་བློན་ཆེན་དང་དྲག་བློན་ཆེན་མོ། ཁྲིམས་འཛིན་ཧྲི་ཏ་ཧྥུ་བཅས་བཙུགས་ནས། སྲིད་འཛིན་དང་དམག་དོན། ལྟ་ཞིབ་བཅས་སོ་སོར་གཉེར་བ་ཡིན།

ཧན་རྒྱལ་རབས་ཀྱི་དུས་འགོར། རིག་གཞུང་གྲུབ་མཐའ་ཁག་གི་མི་སྣའི་བྱེད་སྒོར་འཁྲུག་ཆ་དོད་ཅིང་། རྒྱལ་ཕྲན་རྒྱལ་བོའི་སྒོ་མདུན་དུ་ཕྱོགས་ཀྱི་མགྲོན་པོ་མང་བོ་འདུས་ནས། རྒྱུན་པར་གོང་མའི་སྲིད་ཇུས་ལ་སུན་འབྱིན་དང་ཀྲུང་དབྱང་ལ་སྐྱོན་བརྗོད་བྱ་བ་ཡིན་པས། ཀྲུང་དབྱང་གི་གཅིག་སྡུད་དབང་ཆར་ཉེན་ཁ་ཤིན་ཏུ་ཆེན་པོ་ཡོད། གོང་མ་ཧན་ཝུའུ་ཏིས་གནས་བབ་དེ་བསྒྱུར་ཆེད། ཏུང་ཀྲུང་ཧྲུའུ་ཡི་གྲུབ་མཐའ་གཞན་དག་རྩྭ་བཞིན་དོར། རུའུ་ལུགས་ཁོ་ན་གཙུག་ཏུ་བཀུར་ཞེས་པའི་གྲོས་གཞི་དང་དུ་བླངས།

ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ། མན་ཇུའི་དབང་སྒྱུར་པ་ནི་ཕྱོགས་ཡར་མར་གྱི་གནོན་ཤུགས་ཀྱི་དབང་གིས། ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་སྲིད་དབང་མཇུག་བསྒྲིལ་བར་བྱས་པ་དང་། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་གནས་སྐབས་སྲིད་གཞུང་ཚུགས་པ་ན། སྤྱི་མཐུན་གྱི་སྒོ་འཕར་ཡངས་པོར་ཕྱེས་པ་རེད། དེ་ཡང་མིང་གོའི་དུས་འགོར་བྱང་འདུལ་མཇུག་རྫོགས་རྗེས། སྐབས་དེའི་འགོ་གཙོ་ཡིས་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ནི་རྣམ་པའི་ཐོག་ནས་གཅིག་གྱུར་བྱུང་བར་ཁྱབ་སྒྲོག་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གིས་ས་ཁུལ་ཁ་ཤས་ལ་ཚོད་འཛིན་བྱས་ནས། སུའུ་ཝེ་ཨའེ་སྲིད་གཞུང་བཙུགས། ཡང་གོ་གུང་ནང་འཁྲུག་གི་རྗེས་སུ། ཀྲུང་གོ་གུང་ཁྲན་ཏང་ལ་ཆེས་མཐའ་མཇུག་གི་རྒྱལ་ཁ་ཐོབ་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་དུ་བཙུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱས།

7 དམག་དོན།

ཀྲུང་གོར་དུས་ཡུན་ཧ་ཅང་རིང་བོའི་དམག་དོན་ལོ་རྒྱུས་ཡོད་ལ། ཀྲུང་གོའི་ལོ་རྒྱུས་སྟེང་གི་རྒྱལ་རབས་རིམ་བྱུང་གི་བརྗེ་སྤོར་མང་ཆེ་བ་ནི་གཞི་རྒྱ་ཆེ་བའི་དམག་འཁྲུག་གིས་བསྐྱེད་པ་ཡིན་ཞིང་། ཆིང་རྒྱལ་རབས་ཀྱི་ཡར་སྔོན་དུ། ཀྲུང་ཧྭ་བཙན་རྒྱལ་གྱིས་བསྟུད་མར་ལོ་ངོ3000ལྷག་གི་རིང་ལ་འཛམ་གླིང་གི་དཔུང་ཁག་ཆེས་ཆེ་བའི་གོ་གནས་བཟུང་བ་ཡིན། དེ་ཡང་ཧྲང་རྒྱལ་རབས་རྩ་གཏོར་དུ་འགྲོ་ཁ་མར་ཡང་དམག་མི300000ལྷག་ཡོད་པའི་དཔུང་ཁག་ཆེན་པོ་ཡོད་པ་ཡིན།

ཀྲན་གོ་ཡི་དུས་སྐབས་སུ། ཀྲུང་གོའི་སྐམ་དམག་གི་གྲངས་ནི་འཛམ་གླིང་ལོ་རྒྱུས་ཀྱི་ཡང་རྩེར་སོན་པ་ཡིན་ལ། ཧ་ལམ་མི་གྲངས3000000-4000000ཡས་མས་ཡོད་པ་ཡིན་ཞིང་། དུས་སྐབས་དེའི་སྤྱིའི་མི་གྲངས་ཀྱི10%ཟིན་ཡོད། ཡང་སྐབས་དེར་ལོ་རྒྱུས་སྟེང་ཤི་རྨས་ཚབས་ཆེན་ཐེབས་པའི་ཁྲང་ཕིང་གཡུལ་འགྱེད་ཆེན་མོ་བྱུང་བ་ཡིན་ལ། གཡུལ་འགྱེད་ཀྱི་སྐབས་སུ་ཕྱོགས་གཉིས་ཀྱི་མི600000-800000ཤི་བ་དང་། དེ་ནི་ཨ་རིའི་ད་ཡོད་ཀྱི་སྐམ་དམག་གི་སྤྱིའི་མི་གྲངས་དང་འདྲ་བ་ཡིན། གཞན་མིང་རྒྱལ་རབས་ཀྱི་སྐབས་སུ། ཀྲུང་གོས་ནི་དུས་སྐབས་དེའི་མཚོ་དམག་གི་དཔུང་ཁག་ཆེན་པོ་བཙུགས་པ་ཡིན།

ཀྲུང་གོ་དང་དེའི་མཐའ་འཁོར་གྱི་གྲངས་ཉུང་མི་རིགས་བར་ལ་རྒྱུན་པར་འགལ་བ་འབྱུང་བ་ཡིན་ལ། ཉལ་ཐའི་དམག་འཁྲུག་གི་རྗེས་སུ། ཀྲུང་གོའི་དམག་ཤུགས་ནི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་དང་འགྲན་ཐབས་མེད་པས། ཆིང་རྒྱལ་རབས་སྐབས་སུ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་དང་གཡུལ་འཐབ་པར་ཕམ་ཁ་མྱོང་མཁན་ཁོ་ན་ཡིན།

ཆིང་རྒྱལ་རབས་ཀྱི་དུས་མཇུག་ནས་བཟུང་། ཀྲུང་གོས་དམག་དོན་གྱི་ཐད་ནས་ནུབ་ཕྱོགས་རྒྱལ་ཁབ་དག་ལ་དཔེ་བྱས་ཤིང་། དུས་རབས་བཅུ་དགུ་བའི་དུས་མཇུག་ནས་བཟུང་། ཉི་ཧོང་ནི་གསར་དར་གྱི་བཟོ་ལས་རྒྱལ་ཁབ་ཡིན་པས། གཞི་རྒྱ་ཆེ་བའི་ངང་ནས་ཀྲུང་གོར་བཙན་འཛུལ་བྱས་ལ། ཀྲུང་གོ་ནི་མནའ་འབྲེལ་རྒྱལ་ཁབ་དག་གི་རོགས་རམ་ལ་བརྟེན་ནས། རྒྱལ་ཁབ་གཉིས་བར་གྱི་དམག་འཁྲུག་ཁྲོད་རྒྱལ་ཁ་བླངས།

8 ཕྱི་འབྲེལ།

སུའེ་ཐང་དུས་སྐབས་སུ། ཕྱི་ཕྱོགས་ལ་འགྲོ་འོང་བྱས་པ་ཅུང་མང་སྟེ། ཡ་གླིང་དང་ཨ་ཧྥེ་རི་ཁ་གླིང་། ཡོ་རོབ་གླིང་བཅས་ཀྱི་རྒྱལ་ཁབ་ཁ་ཤས་དང་འགྲོང་འོང་བྱས་མྱོང་ལ། ཐང་སྲིད་གཞུང་གིས་རྒྱལ་ཁབ་ཁག་གི་ཚོང་བ་ཀྲུང་གོར་ཡོང་ནས་ཉོ་འཚོང་བྱ་བར་སྐུལ་འདེད་བྱས་ནས། ཁོ་ཚོ་དུས་ཡུན་རིང་བོར་གཞིས་སྡོད་བྱེད་དུ་བཅུག 

སུའེ་ཐང་གི་དུས་སྐབས་སུ། ཀྲུང་འཇའ་གཉིས་བར་གྱི་འགྲོ་འོང་ཧ་ཅང་ཟབ་ལ། སུའེ་རྒྱལ་རབས་ཀྱི་དུས་སུ། འཇའ་ཕན་གྱི་སུའེ་མངགས་ཕོ་ཉ་འབྱོར་མྱོང་ཡོད་པ་དང་། ཐང་རྒྱལ་རབས་ཀྱི་ཀྲིན་ཀོན་ཁྲི་ལོའི་དུས་ནས་བཟུང་། འཇའ་ཕན་གྱི་ཐང་མངགས་ཕོ་ཉ་ཀྲུང་གོར་སླེབས་ཤིང་། དེ་དང་མཉམ་དུ་ཀྲུང་གོར་སློབ་སྦྱོང་དུ་ཡོང་བའི་སློབ་མའང་ཡོད།

ལྷོ་ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་སྟེང་གི་རྒྱལ་ཁབ་དང་སུའེ་ཐང་གི་བར་དུ་ཡང་འགྲོ་འོང་མང་ཞིང་། ཞིན་ལུའོ་དར་རྒྱས་བྱུང་རྗེས། གཞུང་ཚབ་ཕོ་ཉ་དང་སློབ་གཉེར་པ་མང་བོ་ཐང་རྒྱལ་རབས་ལ་མངགས་ནས། ཀྲུང་གོའི་རིག་གནས་སྦྱངས། ཡང་ཞིན་ལུའོ་ཡི་ཚོང་བ་མང་བོ་ཀྲུང་གོར་ཡོང་ནས་ཚོང་གཉེར་བྱ་བ་ཡིན།

ཐང་རྒྱལ་རབས་ཀྱི་སྐབས་སུ། ཀྲུང་གོ་དང་རྒྱ་གར་གྱི་བར་འགྲོ་འོང་ཤིན་ཏུ་མང་ལ། ཕོ་ཉ་ཆེས་ཕུལ་དུ་བྱུང་བ་ནི་སློབ་དཔོན་ཞོན་ཙང་བྱ་བ་དེ་ཡིན་ཞིང་། ཀྲིན་ཀོན་ཁྲི་ལོའི་དུས་འགོར། ཞོན་ཙང་ཁྲང་ཨན་ནས་ལམ་ལ་ཆས་ཏེ། དཀའ་སྡུག་མང་བོ་བརྒྱུད་ནས་རྒྱ་གར་དུ་བསྐྱོད། ཁོང་རྒྱ་གར་དུ་འབྱོར་རྗེས། སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་གྲགས་ཅན་མང་བོར་ཕེབས་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་ཆེས་མཐོའི་སློབ་གླིང་དཔལ་ནཱ་ལེནྡྲ་རུ་ཆོས་ཞུས་ནས། ནང་བསྟན་རིག་པའི་སློབ་དཔོན་ཆེན་པོར་གྱུར།

9 དཔལ་འབྱོར།

མིང་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ།  ཀྲུང་གོས་ནི་ཞིང་ལས་སྤྱི་ཚོགས་མཁྲེགས་འཛིན་བྱས་པ་དང་། ནུབ་ཕྱོགས་རྒྱལ་ཁབ་དག་ནི་བཟོ་ལས་སྤྱི་ཚོགས་སུ་བསྐྱོད་པ་ཡིན་ལ། ཀྲུང་གོའི་དཔལ་འབྱོར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་གི་རྗེས་སུ་ལུས་པ་ཡིན། དེ་ཡང་ཉལ་ཐའི་དམག་འཁྲུག་གི་རྗེས་ནས་བཟུང་། ཀྲུང་གོས་མཁྲེགས་འཛིན་བྱས་པའི་ཞིང་ལས་དཔལ་འབྱོར་མ་ལག་ལ་ནུབ་ཕྱོགས་རྒྱལ་ཁབ་དག་གི་རྡབ་གསིག་ཆེན་པོ་ཐེབས།

ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ། ཀྲུང་གོས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་གི་བཟོ་ལས་འཕེལ་རྒྱས་ལ་མིག་དཔེར་བལྟས་ཤིང་། ཀྲུང་གོ་དང་ཉི་ཧོང་གི་དམག་འཁྲུག་དང་གོ་གུང་བར་གྱི་ནང་འཁྲུག་མཇུག་རྫོགས་རྗེས། ཀྲུང་གོ་ནི་དུས་ཡུན་ཅུང་རིང་བོའི་ཞི་བདེའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས།

དུས་རབས20ལོ་རབས80བར། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ཀྲུང་གོས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྤེལ་འགོ་བརྩམས་པར་མ་ཟད། དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་བྱ་འགོ་བརྩམས།

10 རིག་གནས།
10_1 སྐད་ཡིག

རྒྱ་སྐད་ནི་ཀྲུང་གོའི་མི་ཕལ་མོ་ཆེ་ཡིས་སྤྱོད་བཞིན་པའི་སྐད་རིགས་ཡིན་ལ། འཛམ་གླིང་དུ་བཀོལ་རྒྱ་ཆེས་ཆེ་བའི་སྐད་རིགས་ཀྱང་ཡིན། ཡི་གེ་ནི་རུས་སྐོགས་ཡི་གེ་ཡིན།

10_2 གུས་ལུགས།

རུའུ་ལུགས་ཀྱི་སྲོལ་རྒྱུན་དུ། སྐྱེས་པ་རྣམས་ལོ་20ཐོག་ཏུ་ན་སོ་སོན་པའི་ཆོ་ག་སྤེལ་བ་ཡིན་ལ། སྐྱེས་མ་རྣམས་ནི་སྐྲ་ཕབ་ཀྱི་ཆོ་ག་སྤེལ་བའི་རྗེས་སུ། མི་དར་མའི་གྲས་སུ་ཚུད་པ་ཡིན།

ཀྲུང་གོའི་གཉེན་དོན་གྱི་ཐད་ནས་ཐོག་མར་གཉེན་བསླང་པ་དང་། དེ་ནས་བུ་མོ་གང་དེའི་རུས་དང་མིང་སོགས་ལ་རྩད་གཅོད་བྱ་བ་ཡིན། དེ་ནི་རུས་གཅིག་པ་ལ་གཉེན་མི་བྱ་བའི་རྒྱུ་མཚན་ཡིན། དེའི་རྗེས་སུ་མོ་འདེབས་པྲ་ཕབ་སོགས་ཀྱི་ལས་བྱ་བ་ཡིན། ཡང་དེའི་རྗེས་སུ་སློང་རྟེན་དབུལ་བ་ཡིན། ཆེས་མཐའ་མཇུག་ཉིན་བཟང་སྐར་བཟང་ཞིག་གཏན་ཁེལ་གྱིས་བག་མ་དངོས་སུ་ཁྱིམ་དུ་བསུ་བ་ཡིན།

ཀྲུང་གོས་མྱ་ངན་གྱི་ཁུར་གོས་དང་མྱ་ངན་གྱི་གུས་སྲོལ་གྱི་ཆོ་གར་བརྩི་མཐོང་ཆེན་པོ་བྱ་བ་ཡིན་ལ། དེ་ནི་གཙོ་བོ་སོ་མ་གྱོན་པ་དང་མྱ་ངན་གྱི་ལ་ཐོད་བཅིང་བ། རྣམ་ཤེས་དགུག་པ་བཅས་ཀྱི་སྲོལ་ལ་བྱ་བ་ཡིན། མྱ་ངན་གུས་སྲོལ་གྱི་རྒྱུན་ཇི་ལྟར་རིང་ན། གཤིན་པོར་དེ་ལྟར་གུས་པའི་ཚུལ་མཚོན་པ་ཡིན། དེ་ཡང་གནའ་བོའི་དུས་སུ། སྐུ་གདུང་ཞུགས་འབུལ་གྱི་མཛད་སྒོ་མཇུག་རྫོགས་རྗེས་ཀྱང་ཉིན་བརྒྱའི་རིང་ལ་མྱ་ངན་ཞུ་དགོས་པར་མ་ཟད། དེའི་རྗེས་ཀྱི་ལོ་གཅིག་ནས་གསུམ་གྱི་ནང་དུ་ཁྱིམ་དེའི་མི་གང་རུང་གཉེན་བསྒྲིགས་མི་ཆོག

11 ཚན་རྩལ།

ཀྲུང་གོ་ནི་གནའ་བོའི་ཤེས་རིག་གི་རྒྱལ་ཁབ་བཞིའི་ཡ་གྱལ་ཡིན་ལ། གནའ་བོའི་ཀྲུང་གོ་ལ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་དང་མི་འདྲ་བའི་སྲོལ་རྒྱུན་གྱི་ཚན་རྩལ་ཡོད་ཅིང་། གནའ་བོའི་ཀྲུང་གོས་ནི་འཛམ་གླིང་ལ་ཞབས་འདེགས་མི་ཉུང་བ་ཞུས་ཡོད་པར་མ་ཟད། གནམ་རིག་དང་གྲངས་རིག  གསོ་རིག  འཕྲུལ་འཁོར། བཙོ་སྦྱང་། རྫ་ཆས། ཐགས་འཐག  འཛུགས་སྐྲུན་སོགས་ཀྱི་ཕྱོགས་ནས་ཐུན་མོང་མ་ཡིན་པའི་གྲུབ་འབྲས་ལོན།

12 ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ།

སྲིད་འཛིན་ཁུལ་བདག་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་བཅས་ལ་ཕན་ཡོང་ཕྱིར་རྒྱལ་ཡོངས་སུ་སྲིད་འཛིན་ཁུལ་རྩ་བའི་ཆ་ནས་ཞིང་ཆེན(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར)དང་། རྫོང(རང་སྐྱོང་ཀྲའུ། རང་སྐྱོང་རྫོང་། གྲོང་ཁྱེར) ཞིང(མི་རིགས་ཞིང་། གྲོང་རྡལ)བཅས་རིམ་པ་གསུམ་ལ་དབྱེ་ཡོད། 

མིག་སྔར། ཀྲུང་གོའི་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ34ཡོད་པའི་ནང་ཞིང་ཆེན23དང་། རང་སྐྱོང་ལྗོངས5 ཐད་གཏོགས་གྲོང་ཁྱེར4 དམིགས་བསལསྲིད་འཛིན་ཁུལ2བཅས་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཀྲུང་གོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-08

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།