བོད་མཁས་པའི་རྩིས་ཡིག་ཕྱོགས་བསྒྲིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

《བོད་མཁས་པའི་རྩིས་ཡིག་ཕྱོགས་བསྒྲིགས》ནི་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་མཆོག་གིས་སྤྱི་ལོ་དུས་རབས་བཅུ་བདུན་པའི་ནང་མཛད་པ་དང་། དབུ་མེད་བྲིས་མ་སྣ་རིང་དཔེ་ཚན14ལ་ཁྱོན་ལྡེབ་མ314ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བོད་མཁས་པའི་རྩིས་ཡིག་ཕྱོགས་བསྒྲིགས།
མཛད་པ་པོ།
བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།
དུས་སྐབས།
སྤྱི་ལོ་དུས་རབས་བཅུ་བདུན་པ།
རིགས་དབྱེ།
སྨན་རྩིས།
1 མཛད་པ་པོ།

བོད་ཀྱི་སྙན་ངག་པ་ཆེན་པོ་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་ནི། རབ་བྱུང་བཅུ་བའི་ས་རྟ་སྟེ་སྤྱི་ལོ1618ལོར་སྐུ་འཁྲུངས། སྐུ་ན་ཕྲ་དུས་ནས་ཡི་གེ་འབྲི་ཀློག་ཀུན་ལ་ཐོགས་པ་མེད་པར་གྱུར། ཕྱིས་སུ་འབྲུག་པ་སངས་རྒྱས་རྡོ་རྗེ་སོགས་དགེ་བའི་བཤེས་གཉེན་དུ་མ་ལས་རིག་པའི་གནས་རྣམས་ལ་མཁས་པར་སྦྱངས། སྒོས་སུ་རིག་གནས་ཀུན་ལ་འཇུག་པའི་སྒོ་མོའམ་མིག་ལྟ་བུར་གྱུར་པའི་སྙན་ངག་གི་རིག་པ་འདི་ཉིད་སྦྱངས་པ་དཔྱིས་ཕྱིན་པ་བྱས་པས་འགྲན་པའི་ཟླ་དང་བྲལ་བར་གྱུར།《དབྱངས་ཅན་ངག་གི་རོལ་མཚོ་ཡིད་ཀྱི་ངང་མོ་རྣམ་རྩེན་ཚངས་པའི་མགྲིན་རྒྱན་རབ་དགའི་རྒྱུད་མངས》དང《ཞུ་འཕྲིན་ངག་དབང་དཔྱིད་ཀྱི་ཕོ་ཉ》སོགས་སྙན་ངག་གི་བརྩམས་ཆོས་གྲགས་ཅན་དུ་མ་དང་། 《སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལ་འཇུག་པའི་བཤད་སྦྱར་དཎྜིའི་དགོངས་རྒྱན》དང་། 《སྙན་ངག་སྨྲ་བ་རྣམས་དྲི་ཚིག་ཅུང་ཟད་གཏམ་དུ་བྱ་བ་ཚངས་པའི་མགྲིན་རྒྱན》《སྙན་ངག་མེ་ལོང་གི་དྲི་ཚིག་ཚངས་པའི་མགྲིན་རྒྱན་གྱི་རང་ལན་དབྱངས་ཅན་ངག་གི་རོལ་མཚོ》《སྙན་ངག་ལ་དཔྱད་པ་ཨུཏྤལའི་ཕྲེང་བའི་ལན་སྣང་བ་མཆོག་གི་དུས་སྟོན》 《སྙན་ངག་དཔེར་བརྗོད་ཀྱི་དྲིས་ལན་དྲི་ཟའི་གླུ་དབྱངས་སྐལ་བཟང་བློ་གསལ》 《སྙན་ངག་མེ་ལོང་གཞུང་གིས་བསྟན་པའི་དཔེར་བརྗོད་ལེགས་པར་བཤད་པ་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས》 《སྙན་ངག་གི་དཔེ་རྒྱན་སགལ་བྱེད་དཔེར་བརྗོད་སྒྲ་ལྡན་ལྷའི་འཛུམ་ཟེར》 《དཔེ་རྒྱན་གྱི་རྣམ་གྲངས་མཚུངས་གསལ་གྱི་སྒྲ་དྲུག་ཅུ་རྩ་ལྔའི་དཔེར་བརྗོད་རང་བྱུང་དབྱངས་ཀྱི་རྒྱལ་མོའི་མགྲིན་སྒྲ》 《དོན་རྒྱན་དང་པོ་གསུམ་གྱི་དཔེར་བརྗོད་ཡོངས་འདུའི་མེ་ཏོག》སོགས་སྙན་འགྲེལ་དང་། སྙན་ངག་གི་དཀའ་གནད་བཀྲོལ་བའི་གཞུང་དང་། སྙན་ངག་གི་དཔེར་བརྗོད་མང་པོའང་མཛད་ཡོད། གཞན་ད་དུང《སྨན་གྱི་རོ་ནུས་བཤད་པ་བཻཌྰུརྱའི་མེ་ལོང》དང་། 《དྲིས་ལེན་ལེགས་བཤད་རིན་པོ་ཆེའི་སྣང་བ་གསལ་བ》 《ལུས་ཐིག་ཟླ་བ་ནོར་བུ》ཞེས་པ་སོགས་ཀྱང་མཛད་ཡོད་པར་གྲགས། གསུང་ལས་སྐྱེས་པའི་སློབ་མའང་པད་དཀར་དབང་བོ་སོགས་མང་དུ་འདུག 

2 ནང་དོན་གཙོ་བོ།

དང་པོ། རྗེ་འདི་ཉིད་ཀྱི་བླ་མ་དང་རིག་འཛིན་གྱི་སློབ་དཔོན་ལ་སྙན་ངག་རྒྱན་གྱིས་བཅིངས་པའི་ཚིག་རྐང་གིས་མཆོད་པར་བརྗོད་པ་དང་གསོལ་བ་བཏབ་ཡོད། གཉིས་པ། རྒྱ་ནག་གཙུག་ལག་རྩིས་ཀྱི་འབྱུང་ཁུངས་སུ་རྒྱུད་གསུང་བ་པོའི་སྟོན་པ་བྱོན་ཚུལ་དང་། སྟོན་པས་བསྟན་པའི་གཞུང་གི་བྱུང་ཚུལ། གཞུང་དེ་ཉིད་འཛིན་པའི་མཁས་པ་རིམ་པར་བྱོན་ཚུལ་སོགས་བརྗོད་ཡོད། གསུམ་པ། གཙུག་ལག་འབྱུང་བའི་རྣམ་བཤད་སྲིད་པ་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་ལ་རྡེའུ་འགྲེམས་པའི་ཆོ་ག་བཀོད་ཡོད་པ་སྟེ་གཤིན་པོའི་སྲོག་ལུས་དབང་ཀླུང་བླར་རྡེལ་གང་བབས་སོགས་ལ་བརྟེན་ནས་རིམ་གྲོ་དང་བཅོས་ཐབས་གང་དགོས་པ་བཀོད་ཡོད། བཞི་པ། གཙུག་ལག་འབྱུང་བའི་རྣམ་བཤད་སྲིད་པ་འཕྲུལ་གྱི་མེ་ལོང་ལས་རྣམ་གྲངས་གཞན་གྱི་སྐབས་ལ་ཟུར་བབས་ཐུག་ཕྲད་བལ་མོ་ལྡིང་བསྐོར་དང་། ནད་རྩིས་ཐང་ཤིང་། གདོན་རྩིས་སྤུ་གྲིའི་རྩིས། བལ་པོ་བལ་མོ་ལྡིང་བསྐོར་གྱི་མན་ངག་གཟེར་ཆེན་བཅུ་གསུམ་སོགས་ཀྱི་སྐོར་ཞིབ་པར་བཀོད་ཡོད། ལྔ་པ། སྐེག་རྩིས་ཀྱི་དོན་རྣམ་པར་ཕྱེ་བ་བཤད་པ་ལ། གསོན་ལ་ཚེ་རབས་ལས་རྩིས་དང་སྐེག་རྩིས་གཉིས་ཡོད་པ་ལས་སྐབས་སུ་བབས་པ་ལ་སྐེག་རྩིས་ཀྱི་དོན་བསྡུས་པ་ལག་ལེན་ལ་འཁྲུལ་བ་མེད་པ་དེ་བཀོད་ཡོད། དྲུག་པ། གཤིན་རྩིས་སྐོར་གྱི་ནང་དོན་ཟབ་མོ་བཤད་པ་ལ་གཤིན་གྱི་ཚེ་ཚད་ལེན་རྐྱེན་བཤད་པ་དང་དུར་སྤྱི་དང་བྱེ་བྲག་བསྟན་པ། ལོ་ཟླ་སོགས་ཀྱིའགྲམས་བཅོས་བཤད་པ། སྤར་སྨེ་གཟའ་སྐར་སོགས་ཀྱི་འགྲམས་བཅོས་བསྟན་པ་སོགས་ཀྱི་ནང་དོན་ཞིབ་པར་བཀོད་པ་འདི་རྩིས་མཁན་ལ་ཤིན་ཏུ་མཁོ་བའི་མན་ངག་དག་གོ བདུན་པ། བག་རྩིས་སྐོར་གྱི་ནང་དོན་ལ་མཐུན་སྡེབས་དང་། བརྫངས་ལུགས། གཏོ་ཡི་བཅོས་ཐབས་བཅས་བཀོད་ཡོད། 

3 མ་དཔེ།

གཞུང་འདིའི་མ་དཔེ་ནི་ཕོ་བྲང་པོ་ཏ་ལ་ནས་མཁོ་འདོན་གནང་བ་དང་། དབུ་མེད་བྲིས་མ་སྣ་རིང་དཔེ་ཚན་ཁག14ལ་ཁྱོན་ལྡེབ་མ314ཡོད། ལྡེབ་མ་རེའི་མཐོ་ཚད་ལ་ལི་སྨི6.5དང་རིང་ཚད་ལ་ལི་སྨི51ཡོད། སྤྱི་ལོ་དུས་རབས་བཅུ་བདུན་པའི་ནང་མཛད་པ་དང་། གནས་ནི་ཕལ་ཆེ་བ་རྒྱལ་ཕུ་དཔལ་གྱི་སྟེང་འགྲོའི་རི་ཁྲོད་ཡིན་ནོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-10-14

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།