ལྷ་མོ་གྲོང་རྡལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷ་མོ་གྲོང་རྡལ།
གྲོང་རྡལ་ཞིག་ཡིན་ཏེ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་ལྷོ་ཕྱོགས་ན་ཡོད་ཅིང་། ཤར་ལྷོ་ཕྱོགས་སུ་སི་ཁྲོན་མཛོད་དགེ་རྫོང་དང་། ལྷོ་ནུབ་ཕྱོགས་སུ་རྨ་ཆུ་རྫོང་། ནུབ་ཕྱོགས་སུ་མཚོ་ཉིན་ཡུལ་ཚོ། བྱང་ཕྱོགས་སུ་བླ་རི་མགུལ་ཡུལ་ཚོ་བཅས་ལ་ས་འདབས་འབྲེལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
郎木寺镇
མིང་གཞན།
སྟག་ཚང་ལྷ་མོ།
སྲིད་འཛིན་ཁོངས་གཏོགས།
ཀན་སུའུ་ཞིང་ཆེན།
ས་ཁོངས་ཀྱི་ཁ་པར་ཨང་གྲངས།
0941
སྦྲག་སྲིད་ཨང་གྲངས།
747205
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ569ཡོད།
མི་གྲངས།
མི4147ཡོད།
སྐད་རིགས།
ཨམ་སྐད་རོང་མ་འབྲོག
གནམ་གཤིས།
མཐོ་སྒང་གནམ་གཤིས།
1 ​ངོ་སྤྲོད།

ལྷ་མོ་གྲོང་རྡལ་ནི་ཀླུ་ཆུ་རྫོང་གི་ལྷོ་ཕྱོགས་ན་ཡོད་ཅིང་། ཤར་ལྷོ་ཕྱོགས་སུ་སི་ཁྲོན་མཛོད་དགེ་རྫོང་དང་། ལྷོ་ནུབ་ཕྱོགས་སུ་རྨ་ཆུ་རྫོང་། ནུབ་ཕྱོགས་སུ་མཚོ་ཉིན་ཡུལ་ཚོ། བྱང་ཕྱོགས་སུ་བླ་རི་མགུལ་ཡུལ་ཚོ་བཅས་ལ་ས་འདབས་འབྲེལ་ཡོད། ཡུལ་ཚོ་ཡོངས་ཀྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ569ཡོད་ལ། ལྷོ་བྱང་གཉིས་ཀྱི་ས་བབས་མཐོ་ཞིང་ས་དཀྱིལ་དམའ་མོ་ཡིན། དེ་ལས་ས་མགོ་ཆེས་མཐོ་ས་ནི་བྱང་ཕྱོགས་ཁྱུང་སྔོན་རི་རྒྱུད་ཀྱི་ཡར་མ་རི་བོ་ཡིན་ལ་མཐོ་ཚད་ལ་མཚོ་ངོས་ལས་སྨི4164ཡོད། ཡུལ་སྤྱིའི་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི3480ཡིན་ཞིང་། ཆ་སྙོམས་དྲོ་ཚད་ཏུའུ3ཡིན། གྲོང་རྡལ་འདིའི་ཁོངས་སུ་སྡེ་བ་བཞི་ཡོད་དེ། འཕགས་ཀེ་དང་དགོན་པ། སྒར་རྙིང་། ལྷ་མོ་བཅས་སོ།། ཡུལ་ཚོ་ཡོངས་ལ་ཁྱིམ་དུད855དང་མི་གྲངས4147ཡོད།

2 ཡུལ་མིང་ཐོགས་ཚུལ།

ལྷ་མོ་གྲོང་རྡལ་ཞེས་པ་ནི་དེའི་ཁོངས་སུ་སྟག་ཚང་ལྷ་མོ་དགོན་པ་ཡོད་པས་དགོན་མིང་ནས་ཡུལ་མིང་དུ་ཐོགས་པ་ཡིན་ནོ།།

3 སྲིད་འཛིན་གྱི་བརྒྱུད་རིམ།

ལྷ་མོ་གྲོང་རྡལ་འདི་སྤྱིར་ན་ལྷ་མོ་གསེར་ཁྲི་ཚོ་བའིི་ས་ཁོངས་ཡིན་ཞིང་། སྤྱི་ལོ1958ལོའི་ཟླ3པར་ལྷ་མོ་ཡུལ་ཚོ་བཙུགས། ཟླ12པར་མཚོ་ཉིན་ཡུལ་ཚོ་དང་གཅིག་ཏུ་སྒྲིལ་གྱིས་མཆོང་སྐྱོད་མི་དམངས་ཀུང་ཧྲེ་བཙུགས་ནས་ལྷ་མོ་ཡུལ་ཚོ་དེ་རུ་ཆེན་གཉིས་པར་སྒྱུར། སྤྱི་ལོ1962ལོར་ལྷ་མོ་ཡུལ་ཚོ་མི་དམངས་ཨུ་ཡོན་ལྷན་ཁང་བཙུགས་རྗེས་དེའི་མངའ་ཁོངས་སུ་ལྷ་མོ་དང་དགོན་པ། འཕགས་ཀེ སྒར་རྙིང་བཅས་ཀུང་ཧྲེ་བཞི་བཙུགས། སྤྱི་ལོ1966ལོར་ལྷ་མོ་ཡུལ་ཚོའི་མིང་རྒྱང་སྐྱོད་ཡུལ་ཚོར་སྒྱུར། སྤྱི་ལོ1968ལོར་སྔར་མིང་སོར་འཇགས་ཀྱིས་ལྷ་མོ་མི་དམངས་ཀུང་ཧྲེ་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། ལོ་དེའི་ལོ་མཇུག་ལ་མི་དམངས་ཀུང་ཧྲེ་དང་ཐོན་སྐྱེད་རུ་ཆེན་ལམ་ལུགས་ཀྱང་སླར་གསོ་བྱས། སྤྱི་ལོ1983ལོའི་ཟླ9བརལྷ་མོ་ཡུལ་ཚོའི་མི་དམངས་སྲིད་གཞུང་བཙུགས་ཤིིང་། སྔོན་གྱི་ཐོན་སྐྱེད་རུ་ཆེན་དེ་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཐོན་སྐྱེད་རུ་ཁག་དེ་སྡེ་དམངས་ཚོ་ཆུང་དུ་བཅོས། སྤྱི་ལོ2002ལོའི་ཟླ6པའི་ཚེས25ཉིན། ལྷ་མོ་ཡུལ་ཚོ་དེ་ལྷ་མོ་གྲོང་རྡལ་དུ་བསྒྱུར།

4 ཡུལ་ཚོའི་གྲུབ་ཆ།
4_1 ཁོངས་གཏོགས་སྡེ་བ།

ལྷ་མོ་གྲོང་རྡལ་གྱི་ཁོངས་སུ་འཕགས་ཀེ་དང་དགོན་པ། སྒར་རྙིང་། ལྷ་མོ་བཅས་སྲིད་འཛིན་སྡེ་བ4དང་སྡེ་དམངས་ཚོ་ཆུང13 རང་བྱུང་སྡེ་བ9བཅས་ཡོད།

4_2 མི་གྲངས་ཀྱི་གནས་ཚུལ།

ཡུལ་ཚོ་ཡོངས་ལ་ཁྱིམ་དུད855དང་བསྡོམས་པས་མི་གྲངས4147ཡོད་ལ། གཞི་ཆགས་པ་ནི་བོད་རིགས་ཡིན་ཞིང་། རྒྱ་རིགས་དང་ཧེ་རིགས་ཀྱང་ཉུང་ཤོས་ཤིག་ཡོད།

4_3 སློབ་གསོ་དང་འཕྲོད་བསྟེན།

གྲོང་རྡལ་གྱི་ཁོངས་སུ་སློབ་ཆུང5དང་དགེ་རྒན32 སློབ་མ475ཡོད་ལ། སྨན་ཁང1ཡོད།

4_4 ས་གནས་ཀྱི་ཡུལ་སྐོར།

ལྷ་མོ་གྲོང་རྡལ་གྱི་ཕྱིའི་ཁོར་ཡུག་གི་བཀོད་པ་མཛེས་ཤིང་བོད་བརྒྱུད་ནང་བསྟན་གྱི་མཁའ་དབུགས་སྟུག་པས་རྒྱལ་ཁབ་ཕྱི་ནང་ཀུན་ལ་སྙན་པ་རྒྱས་ཡོད་པ་མ་ཟད། ཏུང་ཧོང་དང་ནས་ལན་ཇུ་དང་བླ་བྲང་། གསེར་མཚོ། གཟི་ཚ་སྡེ་དགུ་ཡུལ་སྐོར་ལམ་ཐིག་གི་སྟེང་ན་ཡོད་པས། འགྲིམ་འགྲུལ་ཡང་སྟབས་བདེ་ཡིན། དེ་ན་གངས་རི་དང་སྤངས་ལྗོངས། ནགས་རྫོང་དང་བྲག་རི། རྫ་ཆུ་དང་ནེའུ་གསིང་གཞི་གཅིག་ཏུ་གྲུབ་ཡོད་ཅིང་། ཤར་ཕྱོགས་ཀྱི་སུའེ་ཙེར་ཆུང་བའི་མཚན་སྙན་ཡང་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཚོའི་སེམས་ཁོང་གི་ཡུལ་སྐོར་གནས་མཆོག་ཅིག་ཏུ་གྱུར་ཡོད།  སྤྱི་ལོ2004ལོར་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཡུལ་ལྗོངས་གྲགས་ཅན་གྱི་གྲས་སུ་བདམས་ཤིང་། ལོ་དེར་ཀན་ལྷོ་ཁུལ་གྱི་ཡུལ་སྐོར་གྲགས་ཅན་བཅུའི་ཁོངས་སུ་བདམས། སྤྱི་ལོ2005ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་ཀྲུང་གོའི་མིང་དུ་གྲགས་པའི་གྲོང་རྡལ་ཞེས་པའི་བྱེད་སྒོར་ཞུགས་ནས་ཨང20བའི་གྲས་སུ་ཚུད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-23

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།