དབང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འགན་དབང་གི་ཁོངས་སུ་བཀོད་འདོམས་བྱེད་པའི་སྟོབས་ཤུགས་སམ་ནུས་པའི་མིང་།
1 ལོ་ཙཱ།

རྒྱ་ཡིག权.势力,能力

དབྱིན་ཡིག Power, power

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས། འགན་དབང་གི་ཁོངས་སུ་བཀོད་འདོམས་བྱེད་པའི་སྟོབས་ཤུགས་སམ་ནུས་པའི་མིང་སྟེ། ས་གནས་རང་སྐྱོང་གི་དབང་། སྲིད་དབང་ཞེས་པ་ལྟ་བུ། ②(བྱེད་མེད་ལས་ཚིག)བཀོད་འདོམས་དང་བེད་སྤྱོད་བྱེད་པའི་ཁོངས་སུ་གཏོགས་པའི་དོན་ཏེ། ཐོན་སྐྱེད་རྒྱུ་ཆ་ཐུན་མོང་ལ་དབང་བའི་ལམ་ལུགས། རང་ལ་དབང་བའི་མཁོ་ཆས། བྲན་གཡོག་སྤྱི་ཚོགས་སུ་བྲན་གཡོག་རྣམས་ཡང་ལུས་རང་ལ་མི་དབང་ཞེས་པ་ལྟ་བུ། ③རྒྱུ་རྐྱེན་གྱིས་ཁ་ལོ་བསྒྱུར་བའི་སྟོབས་དང་ནུས་པ་སྟེ། ན་ཚ་བྱུང་བའི་དབང་གིས་ངལ་གསོ་མི་བྱེད་ཀ་མེད་བྱུང་།  ཁོ་ན་ཚོད་རྒས་པའི་དབང་གིས་ལུས་སྟོབས་ཉམས། སེམས་ཞེ་སྡང་གི་དབང་དུ་མ་སོང་བར་སློབ་གསོ་བཏང་། བློ་རྣམ་གཡེང་གི་དབང་དུ་མ་སོང་བར་སློབ་སྦྱོང་བྱེད་དགོས་ལྟ་བུ། ④གོ་སྐབས་དང་ཁོམ་ལོང་གི་མིང་སྟེ། ཚིག་བཤད་དབང་དང་གོམ་པ་སྤོ་དབང་། འགྲོ་དབང་སྡོད་དབང་ཞེས་པ་ལྟ་བུ། ⑤སངས་རྒྱས་ཆོས་ལུགས་ཀྱི་ནང་གི་སྔགས་ལུགས་ཀྱི་ཆོ་ག་ཞིག་གི་མིང་། ⑥དབང་བོ་ཡི་ཚིག་བསྡུས་པ།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། ①ཐོབ་ཐང་དང་།  ནུས་ཤུགས།  རང་དབང་།  གཞན་དབང་།  ཁེ་དབང་།  བཙན་དབང་།  མ་རིག་པའི་དབང་གིས་ནོར་འཁྲུལ་བྱུང་བ།  སད་སེར་དབང་གིས་ལོ་ཉེས་བྱུང་བ།  ②འབྱུང་རྩིས་ནང་གི་དབང་ཐང་གི་བསྡུས་མིང་ལ་དབང་ཞེས་ཟེར།  ③གཏོར་བའམ་བླུགས་པའི་དོན་ཏེ།  སྒྲིབ་པ་གཏོར་ནས་རྒྱུད་དག་པར་འཁྲུད་པ་དང་།  རྒྱུད་དག་པའི་སྣོད་གཙང་མར་ཡེ་ཤེས་ཀྱི་ནུས་པ་བླུགས་པ་ཡིན་ལ།  ཆོ་ག་རྣམ་པར་དག་པ་ལ་བརྟེན་ཏེ་ཕུང་ཁམས་སྐྱེ་མཆེད་ལ་འབྲས་བུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་གདབ་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད་པའོ། །

3.བོན་གྱི་ཤེས་རིག་ཚིག་མཛོད་ལས། རྒྱུ་གཉིས་རྐྱེན་བཞི་འཛོམས་པ་ལ་བརྟེན་ནས་མཐར་ཐུག་གི་ཡེ་ཤེས་ངོ་སྤྲོད་པའི་རིགས་སུ་གནས་པ་དེ་བསྐུར་བ་དབང་གི་ངོ་བོ།  རྒྱུ་གཉིས་རྐྱེན་བཞི་འཛོམས་པ་ལ་བརྟེན་ནས་མཐར་ཐུག་གི་ཡེ་ཤེས་ངོ་འཕྲོད་པའི་རིགས་ས་གནས་པ་དེ་ཐོབ་པ་དབང་གི་ངོ་བོ།  རྒྱུ་གཉིས་ནི་མཚུངས་ལྡན་གྱི་རྒྱུ་དང་ལྷན་གཅིག་བྱེད་པའི་རྒྱུའོ།  རྐྱེན་བཞི་ནི།  རྒྱུ་རྐྱེན་སློབ་མ།  བདག་རྐྱེན་བླ་མ།  དམིགས་རྐྱེན་རྫས་སྔགས་ཏིང་འཛིན་འཛོམས་པ།  དེ་མ་ཐག་རྐྱེན་དབང་རིམ་བཞིན་གོ་ཕྱེ་བའོ། །

དབང་གི་དབྱེ་བ་ཞི།  ཕྱི་དབང་།  ནང་དབང་།  གསང་དབང་།  ཡང་གསང་གི་དབང་ངོ་།  དེ་བཞིར་དབྱེ་བའི་རྒྱུ་མཚན་ནི།  མཚན་མའི་རྫས་ལ་བརྟེན་ནས་བྱིན་གྱིས་བརླབས་པས་ཕྱི་དང་།  ཕུང་པོ་སྐུ་དང་ཡེ་ཤེས་སུ་བསྒྱུར་བས་ནང་།  གཟུང་འཛིན་དམིགས་མེད་དུ་འཇོག་པས་གསང་བ་དང་།  བོན་ཉིད་སེམས་ཉིད་དུ་སྟོན་པས་ཡང་གསང་དང་བཞིར་ཕྱེའོ། །

དམ་ཚིག་གི་དབྱེ་བ་བཞི།  རང་བཞིན་གྱི་དམ་ཚིག  ལྟ་བའི་དམ་ཚིག  སྤྱོད་པའི་དམ་ཚིག་གོ  དང་པོ་ནི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་བོན་ཐམས་ཅད་རང་འབྱུང་ཡེ་ཤེས་ཀྱི་བདག་ཉིད་ཡིན་ཞིང་དེ་ལྟར་ཡིན་པའི་ཚུལ་ཇི་བཞིན་དུ་རྟོགས་པའི་དོན་དེ་ལས་འདའ་བར་མི་བྱེད་པ།  གཉིས་པ་ནི་གནས་ལུགས་རང་བཞིན་ལྷུན་གྲུབ་བདེན་གཉིས་ངོ་བོ་དབྱེར་མེད་ཡིན་པ་ལ་རང་རིག་པའི་ཡེ་ཤེས་ཀྱིས་དེ་ཉིད་རྟོགས་པ་དེ་ལས་མི་འདའ་བ།  གསུམ་པ་ནི་ལྟ་བ་ཇི་ལྟར་རྟོགས་པའི་དོན་ལ་ཏིང་ངེ་འཛིན་གྱི་གྲོགས་དང་བཅས་ཏེ་གོམས་པར་བྱེད་པའོ།  བཞི་པ་ནི།  གོང་དུ་བཤད་པའི་གནས་ལུགས་ཀྱི་དོན་རྟོགས་ཤིང་གོམས་པར་བྱེད་པའི་ངང་ནས་སམ།  དེ་དང་བྲལ་བའི་སྤྱོད་པ་གང་ལ་ཡང་མི་ཞུགས་པའོ། །

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།1. ཐོབ་ཐང་དང༌། ནུས་ཤུགས་ཀྱི་དོན་ཏེ།  (དཔེར་ན) རང་དབང༌།  གཞན་དབང༌། མ་རིག་པའི་དབང་གིས་ནོར་འཁྲུལ་བྱུང་བ། སད་སེར་དབང་གིས་ལོ་ཉེས་བྱུང་བ་ལྟ་བུ།  2. གཏོར་བའམ་བླུགས་པའི་དོན་ཏེ།  (དཔེར་ན) སྒྲིབ་པ་གཏོར་ནས་རྒྱུད་དག་པར་འཁྲུད་པ་དང༌། རྒྱུད་དག་པའི་སྣོད་གཙང་མར་ཡེ་ཤེས་ཀྱི་ནུས་པ་བླུགས་པ་ཡིན་ལ། ཆོ་ག་རྣམ་པར་དག་པ་ལ་བརྟེན་ཏེ་ཕུང་ཁམས་སྐྱེ་མཆེད་ལ་འབྲས་བུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་གདབ་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད་པའོ། ། 3. འགན་དབང་གི་ཁོངས་སུ་བཀོད་འདོམས་བྱེད་པའི་སྟོབས་ཤུགས་སམ་ནུས་པའི་མིང་།  (དཔེར་ན)  ས་གནས་རང་སྐྱོང་གི་སྲིད་དབང་ཞེས་པ་ལྟ་བུ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-23

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།