བྱིན་པ་ལེགས་ཀྱང་ཟེར།
དགོ་བ་ནི་རི་ལ་གནས་པའི་རའི་རིགས་ཤིན་ཏུ་མགྱོགས་པའི་རི་དྭགས་ཤིག་སྟེ། གཟུགས་ཆུང་ཞིང་སུག་བཞི་ཕྲ་ལ་ཐུང་བ་དང་མགོ་བོ་ཆུང་ལ་སྐེ་རིང་བ་དང་། རྣ་བ་གཉིས་ཅུང་ཟད་ཆེ་ཞིང་མཇུག་མ་རི་དྭགས་གཞན་ལྟར་ཐུང་ཐུང་ཡིན། མཆུ་ཏོའི་ལོགས་སུ་སྤུ་ཐུང་དུ་ཡོད་པ་མ་གཏོགས་མཆུ་ནས་སྣའི་བར་སྤུ་མེད། ལུས་སྤྱིའི་སྤུ་མདོག་གྲོ་དཀར་ཡིན་ཞིང་མཇུག་མའི་སྤུ་ནག་སྐྱ་ཡིན། མགོ་བོ་དང་སྐེ་རྒྱབ་གཞུང་བཅས་ཀྱི་སྤུ་མདོག་ཁམ་སྐྱ་ཡིན་ཞིང་འཕོངས་སུ་སྤུ་དཀར་པོ་སྒོར་ཆེན་ཞིག་སྐྱེས་ཡོད་པ་དེའི་མཐའ་ཁམ་ནག་ཡིན་པ་དང་། སུག་བཞི་དང་གསུས་པའི་ལོགས་ཀྱི་སྤུ་རྣམས་དཀར་ཤས་ཆེ་བ་ཡོད། ཕོ་ལ་རྭ་ནག་པོ་རིང་ཐུང་ཡོང་པའི་ངབྱིབས་དང་གཉེར་མ་འབུར་དུ་དོན་པ་སོགས་གཙོད་རྭ་དང་འདྲ་བོ་ཡོད།
རྒྱུན་དུ་ས་མཐོའི་སྤང་ལྗོངས་སྟེང་བཅུ་ཕྲག་ཁ་ཤས་ཁྱུ་བྱས་ནས་གནས་པ་དང་། སྐབས་རེར་རྩ་ཆུ་འཛོམས་པའི་ས་ཆ་ལ་གནས་སྤོ་བྱེད་ཅིང་། མིག་དང་རྣ་བ་སྣ་བཅས་ཧ་ཅང་གསལ་གསང་པོ་ཡོད། ཟས་སུ་རྩྭ་ལྡུམ་དང་སྤང་རྩྭ་སྣ་ཚོགས་ཟ་ཞིང་དགུན་མཇུག་ཏུ་འཁྲིག་སྦྱོར་བྱས་ནས་ཕྱི་ལོའི་ཟླ་བ་ལྔ་བ་ཙམ་ལ་ཕྲུ་གུ་བཙའ་དུས་ཡིན་ལ། བཙའ་ཐེངས་རེ་ལ་མང་ཆེ་བར་ཕྲུ་གུ་གཅིག་རེ་བཙའ་ཞིང་། རེ་འགར་གཉིས་བཙའ་བའང་ཡོད།
སྨན་དུ་རྭ་དང་། ཀླད་པ་གཉིས་དགོས་ཤིང་རྭའི་ལས་སྣོན་བྱེད་ལུགས་གཉན་རྭ་དང་མཚུངས་ཤིང་། ཀླད་པ་མ་རུལ་བར་བསིལ་སར་སྐམ་ནས་སྤྱོད་དགོས།
རྭ་རོ་བསྐ་ལ་ལན་ཚྭ་བ་དང་། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྣོ་བའོ།།
རྭ་ཡིས་ཚ་བས་བཤལ་བའི་རིགས་གཅོད་པ་དང་། ཀླད་པས་ཚ་གྲང་གིས་བཤལ་བ་རྣམས་གཅོད་པར་བྱེད།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2019-07-22
གསར་སྤེལ་མཁན། :གདུགས་དཀར་རྒྱལ།