གོས་བྲིས་རི་མོའི་བྱུང་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གོས་བྲིས་རི་མོའི་བྱུང་བ།
གོས་པཎྚི་ཏ་ཀུན་དགའ་ཆོས་དབྱིངས་རྒྱ་མཚོའམ་བློ་བཟང་ཤེས་རབ་མཆོག་གི་བྲིས་རྒྱུན་དེ་ལ་གོས་བྲིས་རི་མོ་ཟེར།
གཞི་རྩའི་གནས་ཚུལ།

མིང་།
གོས་བྲིས་རི་མོའི་བྱུང་བ།
ཁོངས་གཏོགས།
རི་མོ།
1 ངོ་སྤྲོད།

གོས་པཎྚི་ཏ་ཀུན་དགའ་ཆོས་དབྱིངས་རྒྱ་མཚོའམ་བློ་བཟང་ཤེས་རབ་མཆོག་གི་བྲིས་རྒྱུན་དེ་ལ་གོས་བྲིས་རི་མོ་ཟེར་ཞིང་། ཁོང་གིས་སྒར་བྲིས་ལུགས་ལ་སྦྱངས་པ་བྱས་ཏེ་ཡུལ་ལྗོངས་ཀྱི་བཀོད་པ་དང་སྤྲིན་རི་མེ་ཏོག་སྒར་བྲིས་སུ་གཏོགས། སྔོན་གྱི་སྨན་གསར་ལུགས་འཛིན་ལྷོ་བྲག་བསྟན་འཛིན་ནོར་བུ་སོགས་ཀྱིས་བྲིས་པའི་ལྡེབས་རིས་དང་། ཐང་ག་ཤིང་ཚོན་རྒྱན་རིས་རྣམས་ལ་སྔར་བྱུང་མ་མྱོང་བའི་མཁྱེན་རྩལ་ཆེན་པོ་འཁྲུངས་ནས་སྨན་གསར་ལུགས་ཀྱི་རི་མོ་ལའང་སྦྱངས་མཛད། སྐབས་དེར་ཁོང་གིས་ཕྱག་བྲིས་གནང་བའི་རྗེ་ཙོང་ཁ་བའི་སྐུ་རང་བྱོན་མ་ད་ལྟའང་མཇལ་རྒྱུ་ཡོད་པ་ཀུན་གྱིས་བཤད། དུས་འཁོར་གྱི་ཐིག་ཚོན་གསལ་བྱེད་ཀྱི་གཞུང་ཡང་བརྩམས། ཁོང་གིས་སྤྲུལ་སྐུ་བྱེའུ་སྒང་པས་བྲིས་པའི་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་ནང་གི་ལྡེབས་རིས་དེ་དག་གི་འབྲི་སྟངས་ལ་ཞིབ་ཏུ་སྦྱངས་ནས་རུས་ཚིགས་འབྲི་སྟངས་ཐད་ལ་བཀའ་གདམས་ཀྱི་ལུགས་དང་བྱེའུ་སྒང་གི་འབྲི་སྟངས་གཙིགས་འཛིན་བྱས་ཤིང་། པ་ཏྲ་དང་དྲག་པོའི་རིགས་ཀྱི་ཤ་གཟུགས་སྐུ་ཉམས་སོགས་མཁྱེན་ལུགས་སུ་གཏགས་པའི་ཁྱད་ཆོས་མངའ། གོས་པཎྚི་ཏ་ཁོང་གིས་གོང་དུ་བཤད་པའི་འབྲི་སྲོལ་རྣམས་ལ་སྦྱངས་པ་ནང་བྱན་ཆུད་དེ་མན་ངག་རྣམས་ལས་ཉིང་བཅུད་དམ་མཛེས་ཆ་ཕྱོགས་གཅིག་ཏུ་བསྡུས་ནས་ཨ་མདོ་རྔ་བ་རུ་ལོ་དྲུག་བརྒྱ་ཡར་སྔོན་ལ་དར་བའི་བྲིས་རྒྱུན་གཞིར་བྱས་ཏེ་བྲིས་པའི་རི་མོ་ལ་གོས་བྲིས་ཞེས་ད་ལྟ་ཡོངས་སུ་གྲགས་པ་འདི་ནི་གོས་ལྟའི་ཁྱད་ཆོས་དང་པོ་ཡིན། ཁོང་ལ་མངའ་བའི་ཁྱད་ཆོས་གཉིས་པ་ནི་ཚོན་སྣ་སྡེབ་སྦྱོར་ཡིན་ལ། རང་ཡུལ་གྱི་བྲག་རི་ལས་རྡོ་ཚོན་དང་རྩྭ་རྩི་ཤིང་འབྲུ་རིགས་ལས་ཚོན་རྫས་སུ་བསྒྱུར་ཏེ་བྲིས་པ་ཡིན་ལ། དེའི་ཚོན་བྲིས་ནི་དུས་ཡུན་རིང་པོ་སོང་ཡང་མདོག་མི་འགྱུར་བ་མི་ཐོར་བའི་ཁྱད་ཆོས་སོགས་ལྡན། ཚོན་སྣ་དེ་དག་གིས་བྲིས་པའི་ཐང་ག་ཐོག་མ་ནི་སྔོན་ཁོང་ཉིད་ཡར་གཙང་ལ་བྱོན་པའི་བར་དུ་ཁྱིས་བཟུང་སྐབས་སུ་ནད་གཡོག་བྱེད་མཁན་གྱི་རྒན་པོར་དྲིན་ལན་འཇལ་ཕྱིར་དུ་བྲིས་པའི་ཐང་ག་གསར་བསྒྲིགས་བྱས་པའི་སྐྱེས་རབས་དགུ་ཐང་ཡིན་ལ།  དེ་ཁོང་གི་ཁྱད་ཆོས་གསུམ་པའང་ཡིན། ཁོང་གི་ཕྱག་བྲིས་རི་མོ་སོགས་ནི་རྔ་བ་གཙོས་འཛམ་ཐང་དང་བྲག་མགོ སྐ་ཁོག ཉག་རོང་། དཔལ་ཡུལ། གསེར་རྟ་སོགས་ཀྱི་དགོན་སྡེ་ཁག་དང་གྲོང་ཁྱིམ་རྣམས་སུ་བཞུགས། ལྷག་པར་དུ་རྒྱལ་རོང་བཀྲ་ཤིས་སྒང་དུ་སྐྱེས་རབས་དཔག་བསམ་འཁྲི་ཤིང་ཐང་ག་བརྒྱ་དང་བརྒྱད་ཅན་ལ་སྐྱ་ཐིག་ཡོངས་རྫོགས་ཁོང་ཉིད་ནས་བྲིས་པ་དང་།  ཨ་མདོ་རེབ་གོང་ཕྱོགས་སུའང་བྱོན་ནས་ཤར་སྐལ་ལྡན་རྒྱ་མཚོ་སོགས་ལ་ཁོང་གིས་ཆོས་འབྲེལ་གནང་། ཁོང་གིས་དཀའ་ངལ་ཁྱད་དུ་བསད་ནས་མདོ་དབུས་ཁམས་གསུམ་དང་བལ་བོ་སོགས་ལ་ལོ་མང་རིང་བྱོན་ནས་ལྡེབས་རིས་དང་། ཐང་ག འཇིམ་སྐུ། ཙ་ཀ་ལི། ཚེམ་དྲུབ། བླུགས་སྐུ། ཤིང་ཚོན། རྒྱན་རིས་རྣམས་ལ་གཟིགས་ཞིབ་དང་། ལད་འབྲི། འདྲ་བྱུས་རྩད་གཅོད་འཚོལ་སྡུད་བྱས་ནས་དེ་དག་གི་ལེགས་ཆ་ལ་དབྱེ་ཞིབ་མང་དུ་བྱས། གཞན་ལག་ལེན་དང་ཞལ་ཐིག་ནི་གོ་སླ་ཞིང་སྟབས་བདེ་བའི་དེང་གི་དུས་འདིར་ཧ་ཅང་མཁོ་གལ་ཆེ་བའི་ལེགས་ཆ་ཞིག་ཡིན། ཁོང་གི་ཕྱག་བྲིས་དུས་འཁོར་དཀྱིལ་ཐང་ལྷ་ཚོགས་ཅན་དེ་ཉིད་ལ་མེ་ཤེལ་གྱིས་བལྟས་ན་མ་གཏོགས་མཐོང་མི་ཐུབ་པ་ད་ལྟའང་མཇལ་རྒྱུ་ཡོད། ལྷག་པར་ཏུ་གོས་བྲིས་རི་མོ་ལ་ལོ་ངོ་ཉིས་བརྒྱ་ལྔ་བཅུ་ལྷག་གི་ལོ་རྒྱུས་ལྡན་ཞིང་ཁོང་གི་རྒྱུད་འཛིན་ལ་མིང་དུ་གྲགས་པའི་ལྷ་རིས་པ་གོས་ཐུབ་བསྟན། གོས་རིག་གྲོལ། མོ་འགབ་དཔལ་ལུ། རྒྱལ་རོང་དམ་ཆོས། སྐས་མགོའི་དཔལ་བཟང་། སྐས་མགོའི་ངག་འཕྲིན། སྐས་མགོའི་ཟམ་པ་ཐར་སོགས་ཀྱིས་མཚོན་ཏེ་གྲགས་སྙན་གྱིས་ས་ཆེན་པོའི་ཁྱོན་ལ་ཁྱབ་པའི་ལྷ་རིས་པ་སྤྱང་གྲུང་ལྡན་པ་མང་པོ་ད་ལྟའི་བར་དུ་བྱུང་དང་འབྱུང་བཞིན་པ་ལགས་སོ།།

བརྡ་འགྲེལ་གདོང་འཛར།

གོས་བྲིས། རི་མོ། བྱུང་བ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-12

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།