སངས་རྒྱས་དང་ལོངས་སྐུ།བྱང་སེམས་གསུམ་གྱི་བཞུགས་སྐུ་རྡོ་རྗེ་དཀྱིལ་ཀྲུང་གི་ཐིག་རྩ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སངས་རྒྱས་དང་ལོངས་སྐུ། བྱང་སེམས་གསུམ་གྱི་བཞུགས་སྐུ་རྡོ་རྗེ་དཀྱིལ་ཀྲུང་གི་ཐིག་འདེབས་སྟངས་ནི། ཚངས་ཐིག་དང་འགོ་ཐིག་བཏབ། གྱེན་ཐིག་བཞི་དང་འཕྲེད་ཐིག་བཅུ་གཉིས་གདབ་བོ།།
གཞི་རྩའི་གནས་ཚུལ།

མིང་།
སངས་རྒྱས་དང་ལོངས་སྐུ། བྱང་སེམས་གསུམ་གྱི་བཞུགས་སྐུ་རྡོ་རྗེ་དཀྱིལ་ཀྲུང་གི་ཐིག་རྩ།
ཁོངས་གཏོགས།
རི་མོ།
1 ངོ་སྤྲོད།

སངས་རྒྱས་དང་ལོངས་སྐུ།  བྱང་སེམས་གསུམ་གྱི་བཞུགས་སྐུ་རྡོ་རྗེ་དཀྱིལ་ཀྲུང་གི་ཐིག་འདེབས་སྟངས་ནི། ཚངས་ཐིག་དང་འགོ་ཐིག་བཏབ། དེའི་གཡས་གཡོན་དུ་ཆ་ཆེན་གང་རེ་གཞལ་བའི་གྱེན་ཐིག་ནི་མཆན་ཁུང་གི་ཐིག དེའི་ཕྱི་ལ་སོར་བཞི་གཞལ་བ་དཔུང་པའི་ནང་ཐིག དེ་ནས་སོར་གཉིས་ཀྱིས་དཔུང་པའི་ཕྱི་ཐིག དེ་ནས་སོར་བརྒྱད་གཞལ་བ་པུས་མོའི་ཕྱི་ཐིག་བཅས་ཏེ། དེ་ལྟར་གཡས་གཡོན་གཉིས་པོར་གྱེན་ཐིག་བཞི་རེ་བཞི་རེ་གདབ་བོ།། འགོ་ཐིག་ནས་སྲིད་དུ་ནོར་བུའི་ཏོག་ལ་སོར་དོ། གཙུག་ཏོར་ལ་སོར་བཞི། དེ་ནས་སྐྲ་ཁྱིམ་ལ་སོར་བཞི། སྐྲ་མཚམས་ནས་ཀོས་ཀོའི་བར་ལ་ཞལ་གང་། མགྲིན་པ་སོར་བཞི། ཐུགས་ཀ་སོར་བཅུ་གཉིས། ལྟེ་བ་ཞལ་ཚད་གང་། སྟ་ཟུར་སོར་བཞི། གསང་གནས་སོར་བརྒྱད། དཀྱིལ་ཀྲུང་བསྣོལ་མཚམས་བར་སོར་བཞི། ཡང་པུས་མོའི་འོག་མཐའ་སོར་བཞི་བཅས་འཕྲེད་ཐིག་བཅུ་གཉིས་གདབ་བོ།། ཀོས་ཀོའི་ཐིག་དང་དཔུང་པའི་ནང་ཐིག་འཕྲད་མཚམས་ནས་ཚངས་ཐིག་དང་པུས་མོའི་འོག་ཐིག་འཕྲད་མཚམས་བར་གཡས་གཡོན་གཉིས་ཀ་ནས་བཏབ་པས་གྲུ་གསུམ་རྩེ་ཐུར་བསྟན་བྱུང་། དེས་མཆན་ཁུང་རྩིབ་ལོག་གི་ཞེང་རྟོགས། ཡང་དཔུང་པའི་ནང་ཐིག་དང་པུས་མོའི་འོག་མཐའི་ཐིག་འཕྲད་ས་ནས་ཀོས་ཀོའི་ཐིག་དང་ཚངས་པ་འཕྲད་སར་བཏབ་པས་གྲུ་གསུམ་རྩེ་གྱེན་བསྟན་དེས་སྟ་ཟུར་གྱི་ཞེང་རྟོགས། གྲུ་གསུམ་རྩེ་གཉིས་པོ་འཕྲད་ས་ནས་སྐེད་པའི་ཚད་ཤེས།  ཡང་ལྟེ་ཚངས་འཕྲད་ས་ནས་གསང་གནས་དང་པུས་མོའི་ཕྱི་ཐིག་འཕྲད་མཚམས་བར་ཕྱོགས་གཉིས་ཀ་ནས་བཏབ་པས་དཀྱིལ་ཀྲུང་གི་བརླའི་རི་མོ་རྟོགས། གསང་གནས་དང་དཔུང་པའི་ནང་འཕྲད་མཚམས་ནས་གྲུ་གསུམ་རྩེ་གྱེན་བསྟན་གྱི་འོག་གྲུ་སོ་སོར་བཏབ་པས་གཡས་གཡོན་བསྣོལ་མཚམས་དེས་དཀྱིལ་ཀྲུང་བསྣོལ་མཚམས་རྟོགས་སོ།  །

2 ཚིགས་སུ་བཅད་ནས་བཤད་པ།

རྡོ་རྗེ་དཀྱིལ་ཀྲུང་བཞུགས་སྐུའི་ཐིག་རྩ་ནི། །

འགོ་ཡི་ཐིག་ནས་ཐུར་དུ་སྲིད་ལ་ནི།  །

ནོར་ཏོག་སོར་དོ་གཙུག་ཏོར་སོར་མོ་བཞི།  །

སྐྲ་ཁྱིམ་སོར་བཞི་ཞལ་ཁྱིམ་ཞལ་གང་སྟེ།  །

མགྲིན་པ་སོར་བཞི་ཐུགས་ལྟེ་ཞལ་གང་རེ། །

སྟ་ཟུར་སོར་བཞི་གསང་གནས་སོར་མོ་བརྒྱད།

དཀྱིལ་ཀྲུང་བསྣོལ་མཚམས་སར་བཞི་པུས་ཐིག་ལ། །

སོར་བཞི་བཏབ་པས་འཕྲེད་ཐིག་བཅུ་གཉིས་རྟོགས། །

ཞེང་དུ་ཚངས་ནས་མཆན་ཁུང་བར་ཞལ་གང་།  །

དཔུང་པའི་ནང་ཐིག་སོར་བཞི་ཕྱི་ཐིག་ལ། །

སོར་མོ་དོ་དང་པུས་མོའི་ཕྱི་ཐིག་ལ།  །

སོར་བརྒྱད་བཏབ་ཅིང་གཡས་གཡོན་བསྡོམས་པ་ལ།  །

གྱེན་ཐིག་དགུ་རྟོགས་ཞལ་བཞི་སོར་བཞིའོ། །

ཀོས་ཀོའི་ཐིག་དང་དཔུང་ཐིག་ནང་འཕྲད་ནས། །

ཚངས་དང་པུས་མོའི་འོག་ཐིག་འཕྲད་མཚམས་བར། །

གཡས་གཡོན་གཉིས་ནས་གྲུ་གསུམ་རྩེ་ཐུར་བསྟན།

དེ་ཡིས་མཆན་རྩ་རྩིབ་ལོག་ཞེང་རྟོགས་སོ། །

དཔུང་ཐིག་པུས་མོའི་ཕྱི་ཐིག་འཕྲད་ས་ནས། །

ཀོས་ཀོའི་ཐིག་དང་ཚངས་ཐིག་འཕྲད་ས་ལ། །

བཏབ་པས་གྲུ་གསུམ་རྩེ་གྱེན་བསྟན་པ་འདི། །

དེ་ཡིས་སྟ་ཟུར་ཞེང་རྟོགས་སྐེད་ཚད་ཤེས། །

ལྟེ་ཚངས་འཕྲད་སའི་ཐིག་ནས་གསང་གནས་དང་། །

པུས་མོའི་ཕྱི་ཐིག་འཕྲད་མཚམས་བཏབ་པས་ན། །

དཀྱིལ་ཀྲུང་བརླ་ཡི་རི་མོ་རྟོགས་པར་གྱུར། །

གསང་གནས་དཔུང་པའི་ནང་ཐིག་འཕྲད་མཚམས་ནས། །

གྲུ་གསུམ་རྩེ་གྱེན་འོག་ཟུར་བཏབ་པས་ན། །

གཡས་གཡོན་དཀྱིལ་ཀྲུང་བསྣོལ་མཚམས་རྟོགས་པར་གྱུར། །



བརྡ་འགྲེལ་གདོང་འཛར།

སངས་རྒྱས། ལོངས་སྐུ། བྱང་སེམས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-01

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།