རྩབ་ཆུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩབ་ཆུང་།
ལོ་མང་སྐྱེ་བའི་ལྕུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག རྩ་བ་སྦོམ་ལ་རྒྱས་ཤིང་རྩ་ཕྲན་སོགས་ལྕུམ་ནག་དང་འདྲ་ཡང་འདི་སྐྱ་ལ་སོབ་པ་དང་། ལོ་མ་ལྗང་སེར་རྒྱ་ཆེ་བ་རྒྱབ་སྐྱ་ལ་མཐའ་མཉམ་པར་རྩ་རིས་དྲ་བ་ལྟར་གྱེས། ངར་བ་ཐུང་ཞིང་ལོ་མ་མང་བ་གཞི་རྩ་ནས་པག་གདན་ལྟར་སྐྱེ་བ། སྡོང་པོ་ཆིག་རྐྱང་ཁོང་སྟོང་སྦོམ་ལ་རིང་པ་པདྨ་འདྲ་བའི་ལོ་མང་རྣམས་ཀྱི་དབུས་ནས་དོན་པ། སྡོང་པོ་དང་ལོ་མའི་དབྱིབས་སོགས་གོང་དང་འདྲ་ཞིང་སྡོང་པོའི་ཕྱེད་ཙམ་ནས་ལོ་མ་དཀར་པོར་གྱུར་ཏེ་བྱ་སྤུ་ལྟར་ལོ་མ་གཅིག་གིས་གཅིག་མནན་ཞིང་རྒྱལ་མཚན་གྱི་དབྱིབས་དང་འདྲ། མེ་ཏོག་དང་འབྲས་བུ་སོགས་ལྕུམ་ནག་དང་འདྲ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高山大黄
ཁོངས་གཏོགས།
སྔོ་སྨན་གྱི་རིགས།
མིང་གི་རྣམ་གྲངས།
རྩི་སྟག་མོ། བཅུད་ཕུད། སྐྱུ་རུ་མུ་རུ། ཆུ་མ་རྩི།
1 དབྱེ་བ།

རྒོད་གཡུང་གཉིས་དང་མཁའ་འགྲོའི་ལ་ཕུག་བཅས་གསུམ།

2 ​ངོ་སྤྲོད།

རྒོད་པ་ནི། རྩ་བ་རྐང་གཅིག་བཅད་ཁ་ངང་སེར་རྒྱུས་ཕྲན་དང་། ཡན་ལག་ཐོར་ཐོར་ཅན་ལ། ལོ་མ་ལྗང་ནག་རྒྱབ་སྐྱ་འཇམ་ཞིང་མཐུག་ལ་འཇོང་སྒོར་སྙིང་དབྱིབས་མ་ལོ་རྐང་ཅན་མང་ཆེ་བ་ས་ངོས་ནས་བགྲད་དེ་གྱེས་པ་དང་། སྡོང་པོ་ཁོང་སྟོང་སྨྱུག་ཚིགས་ཅན་ནོ། ། གཡུང་བ་ནི། ལོ་མ་ལྗང་འབོལ་ཕྱི་ནང་སྤུ་རྩུབ་ཕྲ་མོས་ཁྱབ་པ་འཇོང་ནར་ཁྱི་ལྕེ་འདྲ་བ་ཕལ་ཆེར་ས་ངོས་ནས་བགྲད་པ། སྡོང་པོ་ཁོང་སྟོང་སྨྱུག་ཚིགས་ཅན་ཞིག་ཡིན། མཁའ་འགྲོ་ལ་ཕུག་ནི། འཁྲུངས་དཔེར། ཆུ་མ་རྩི་ཞེས་བྱ་བ་ནི། ། སྐྱེ་གནས་འདམ་དང་ཞིང་གསེབ་སྐྱེ། ། ལོ་མ་སྔོན་པོ་རལ་གྲི་འདྲ། ། སྡོང་པོར་རྩ་རིས་དམར་པོ་ཡོད། ། སྙེ་མ་ཟོར་བ་དག་དང་འདྲ། ། ནུས་པས་ཆུ་སེར་དམུ་ཆུ་སྦྱོང་། ། ཞེས་དང་། ཟུར་སྨན་པས། ཆུ་མ་རྩི་ཞེས་བྱ་བ་ནི། ། ལྕུམ་རིགས་གསུམ་གྱི་ཆུང་བར་གཏོགས། ། སྟོད་སྨད་སྐྱེ་གནས་རྒོད་གཡུང་མང་། ། འོན་ཀྱང་སྐྱེ་སྟབས་གཅིག་ལས་མེད། ། སྡོང་པོ་ཕྲ་ལ་རོ་ཡང་སྐྱུར། ། མེ་ཏོག་བྱ་དཀར་གདང་ཞུགས་འདྲ། ། རྩ་བ་ཟངས་ཁབ་གཤིབས་པ་འདྲ། ། འདི་ཉིད་ཁོང་དུ་ཡོད་པའི་ཚེ། ། བཤལ་སྨན་གང་ཡང་མི་སྐྱུགས་འཛིན། ། ནུས་པས་ཆུ་རིགས་ཐམས་ཅད་སྦྱོང་། ཞེས་སོ། ། 

3 སྐྱེ་གནས།

རྒོང་གཡུང་གཉིས་ནི་བོད་ཀྱི་ས་ཆ་སྨི3700-5000བར་གྱི་ཤིང་གསེབ་དང་ཁ་མཐོའི་སྤང་རི་ལ་འཁྲུངས། མཁའ་འགྲོ་ལ་ཕུག་ནི། བོད་ཀྱི་ས་ཁད་ཅུང་དམའ་བའི་ཆུ་ཕྲན་གྱི་བརྒྱུད་དང་། ཞིང་མཐའ་སྤང་ལྗོངས། ཤིང་གསེབ་སོགས་སུ་འཁྲུངས་སོ། ། 

4 སྦྱར་བྱ།

སྤྱི་ཟླ་དགུ་བ་ནས་བཅུ་བའི་བར་གྱི་དུས་སུ་རྩ་བ་བརྐོ་དགོས།

5 ཉར་ཐབས།

ས་དྲེག་གཙང་མར་བཀྲུས་ནས་སྐམ་གསེད་བྱ།

6 ངོ་བོ།

རོ་སྐྱུར་ལ་ངོ་བོ་བསིལ་ལ་སྙོམས།

7 ཕན་ནུས།

ཆུ་སེར་དམུ་ཆུ་སྦྱོང་། སྐོམ་པ་སེལ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-24

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།